གནས་ཡུལ། མདུན་ངོས། རི་བོ།
 
 
༄༅།། བོད་མའི་སྐྱེ་ཁམས་འདུ་ཤེས་ཀྱི་བྱུང་འཕེལ་སྐོར།
སྤེལ་དུས།2014-11-27   ཡོང་ཁུངས་།ཞིན་ཧྭའི་དྲ་བ།   རྩོམ་པ་པོ། ཁ་གྱའི་སྟག་ཚེརིན་ཆེན་གྱིས་བསྒྲིགས།

        ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་གདོད་མའི་བོད་མི་རིགས་ཀྱི་སྐྱེ་ཁམས་འདུ་ཤེས་ཐོག་མར་ཇི་ལྟར་ཆགས་པ་དང་། ནང་ཆོས་རིམ་གྱིས་དར་བ་དང་བསྟུན་ནས་སྐྱེ་ཁམས་འདུ་ཤེས་གོང་འཕེལ་ཕྱིན་ཏེ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་བཅའ་ཡིག་གང་འདྲ་བྱུང་ཚུལ། མཐར་ད་ལྟའི་བོད་མིའི་སྐྱེ་ཁམས་འདུ་ཤེས་ཇེ་ཞན་དུ་སོང་བའི་མཚོན་ཚུལ་དང་རྒྱུ་རྐྱེན། དེ་ཡོ་བསྲང་བྱེད་པའི་ཐབས་ཇུས་སོགས་ལ་མདོ་ཙམ་དཔྱད་ལ་བགྱིས་ཡོད།
        བརྡ་ཆད་གཙོ་བོ། བོད་མི། སྐྱེ་ཁམས་འདུ་ཤེས། བྱུང་འཕེལ། ཁྲིམས་སྲོལ་བཅའ་ཡིག
       
སའི་གོ་ལའི་ཡུལ་གྲུ་གཞན་དག་གི་དྭངས་གསལ་གྱི་གསོན་ཤུགས་ཉམས་དང་ཉམས་དམས་སུ་འགྲོ་བཞིན་པའི་དེང་གི་དུས་འདིར། གངས་ཀྱི་ར་བ། ཆུ་བོའི་མགོ་ཁུངས། རི་མཐོ་ས་གཙང་གི་མདོ་དབུས་མཐོ་སྒང་འདི་ད་ལྟའི་ང་ཚོས་གཏོར་བརླག་དང་སྦགས་བཙོག་མ་ཐེབས་པའམ་ཐེབས་པ་ཆེས་ཆུང་བའི་དྭངསས་གཙང་གི་གཞིས་ཁྱིམ་མཆོག་ཏུ་གྱུར་བ་ཞིག་ཏུ་སྣང་ལ། འདི་ནི་བོད་མི་རིགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་བཟུང་བའི་འདུ་ཤེས་དང་རྣམ་འགྱུར་ལས་ཐད་ཀར་བསྐྱེད་པའི་འབྲས་བུ་ཤ་སྟག་ཡིན་ཞིང་། ཟུར་གཞན་པ་ཞིག་ནས་བལྟས་ན། འདི་ནི་བོད་མིའི་གནའ་དེང་གི་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས་ཀྱི་སྟོབས་ལས་བྱུང་བའི་འབྲས་བུའང་ཡིན་ངེས། དེ་བས་ང་ཚོས་ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ངོ་མ་ཤེས། །ཞེས་པའི་སྐྱོ་གར་མི་འཁྲབ་སླད། མེས་པོ་གོང་མའི་སྐྱེ་ཁམས་འདུ་ཤེས་ཀྱི་ལེགས་ཉེས་ལ་རིག་པས་དཔྱད་ཅིང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཤོར་ཡུག་ལ་གཅེས་སྐྱོང་དང་སྲུང་སྐྱོབ་གང་ལེགས་བྱ་དགོས་པས། ཁོ་བོས་བོད་མིའི་སྐྱེ་ཁམས་འདུ་ཤེས་ཀྱི་བྱུང་འཕེལ་འགྱུར་གསུམ་ལ་དཔྱད་པར་བྱ།
       
དང་པོ། གདོད་མའི་བོད་མི་རིགས་ཀྱི་སྐྱེ་ཁམས་འདུ་ཤེས།
       
དེ་ཡང་བོད་མི་རིགས་ཀྱི་གདོད་མའི་སྐྱེ་ཁམས་འདུ་ཤེས་སྐོར་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པའི་གོམ་སྟབས་དང་པོ་ནི། བོད་མིའི་ཕྱིའི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་ནང་བཅུད་ཀྱི་སེམས་ཅན་བྱུང་ཚུལ་ཐད་ཀྱི་གཞིའི་རྩའི་ལྟ་གྲུབ་ལ་ཆ་རྒྱུས་ཚད་ངེས་ཅན་ཞིག་ཡོད་དགོས་པ་དེ་ཡིན། བོད་མིའི་འཇིག་རྟེན་སྣོད་བཅུད་ཆགས་ཚུལ་གྱི་ལྟ་གྲུབ་ནི། བོད་མི་རིགས་ཀྱི་གདོད་མའི་སྐྱེ་ཁམས་འདུ་ཤེས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཀྱི་ཐོག་མའི་འབྱུང་ཁུངས་དང་གྲུབ་ཆ་གལ་ཆེ་ཤས་ཤིག་ཡིན་པ་སྨྲས་ཅི་སྒོས།
       
1.འཇིག་རྟེན་ཆགས་ཚུལ་སྐོར་གྱི་འདོད་ཚུལ་ལས་མཐོང་བའི་གདོད་མའི་བོད་མི་རིགས་ཀྱི་སྐྱེ་ཁམས་འདུ་ཤེས།
       
བོད་དུ་ཕྱིའི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་བརྗོད་པའི་རིག་གཞུང་དང་ལོ་རྒྱུས་དེར་ཐེར། ལྷ་སྒྲུང་། ངག་རྒྱུན་སོགས་མང་པོ་ཞིག་ཡོད་ལ། དེ་གར་བྱེ་བྲག་ཏུ་བརྟག་དཔྱད་རེ་བཏང་ན། དེ་ལས་བོད་མི་རིགས་ཀྱི་གདོད་མའི་སྐྱེ་ཁམས་འདུ་ཤེས་མི་འདྲ་བ་སྣ་ཚོགས་ཤིག་གསལ་བོར་མངོན་ཡོད་དེ། རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པལས། "འབངས་ཀྱི་མི་རབས་ལ་འབྱུང་བ་ལྔའི་སྙིང་བོ་ལས། སྒོ་ང་ཆེན་པོ་གཅིག་ཡོང་། ཕྱིའི་སྒོང་ཤུན་ལ། ལྷ་བྲག་དཀར་པོ་ཆགས། ནང་གི་སྒོང་ཆུ་ལ། དུང་མཚོ་དཀར་མོ་འཁྱིལ། བར་གྱི་སྒོ་ངའི་དར་ཆ་ལ། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ། སྒོ་ང་ཕྲུམ་གྱི་བཅོ་བརྒྱད་ཆགས། སྒོ་ང་བཅོ་བརྒྱད་འབྲིང་བ་དེ། དུང་སྒོ་གཅིག་ཏུ་ཡར་ནས་བྱུང་། དེ་ནི་སྨོན་པའི་མི་བོ་ལུམ་ལུམ་ཡིན།" ཞེས་གསུངས་པ་ལྟརམེས་པོའི་རྒྱུད་དུ་རང་བྱུང་ཁམས་དང་མིའི་རིགས་ཁོངས་སུ་གཏོགས་པའི་སྐྱེ་འགྲོ་ཀུན་ནི་ཨ་མ་གཅིག་གི་མངལ་ལས་བཙས་པའི་བྱིས་པ་མཚེ་མ་གཉིས་དང་འདྲ་བར་གཅིག་འདུས་ཀྱི་ཕུང་བོ་ཞིག་ཏུ་འདོད་ལ། རང་བྱུང་ཁམས་ལ་རང་གི་སྤུན་མཆེད་ལྟར་སྙིང་ཉེ་ལ་ཤ་ཚ་བ། རང་མཉམ་པར་བཞག་ནས་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་ལྟ་བ་ཐོག་མ་ནས་ཆགས་ཡོད་པ་གསལ་བོར་ཤེས་ཐུབ།
       
དེ་བཞིན་དུ་སྲིད་པ་ཆགས་གླུ་དང་སྲིད་པས་བ་ཆུང་བཤས་གླུ་སོགས་ལས་ཀྱང་བོད་མིའི་འདུ་ཤེས་ལ་རང་བྱུང་ཁམས་ཀྱི་བྱ་དངོས་ཀུན་གྱི་བྱེད་པོའམ་ཁ་ལོ་བསྒྱུར་མཁན་ནི་ད་ལྟ་ང་ཚོའི་མི་རིགས་གཅིག་པུ་མ་ཡིན་པར། ཕྱིའི་སྣོད་ཀྱི་འཇིག་རྟེན་ནི་རང་བྱུང་དང་ལྷ། མི། སྲོག་ཆགས་བཅས་མཉམ་གཅིག་ཏུ་འདུས་ནས་གྲུབ་པའི་ཕུང་བོ་གཅིག་གྱུར་ཅན་ཞིག་ཡིན་པར་བསམ་བཞིན་འདུག རང་བྱུང་ཁམས་དང་མིའི་རིགས་བར་ཕན་ཚུན་འདྲ་མཉམ་དང་འགྲིག་མཐུན་མཉམ་གནས་ཅི་ལྕོགས་བྱེད་དགོས་པའི་སྐྱེ་ཁམས་འདུ་ཤེས་ཤིག་ཐོག་མ་ནས་ཆགས་ཡོད་པའང་ཤེས་སླ།
       
2.སེམས་ཅན་བྱུང་ཚུལ་ལས་མཐོང་བའི་གདོད་མའི་བོད་མིའི་སྐྱེ་ཁམས་འདུ་ཤེས།
       
དེ་ཡང་བོད་ཀྱི་ནང་བཅུད་ཀྱི་སེམས་ཅན་ཡུང་ཚུལ་སྐོར་གྱི་བཤད་ཚུལ་སྣ་ཚོགས་ཀྱང་གདོད་མའི་བོད་མིའི་སྐྱེ་ཁམས་ལྟ་བ་ཆགས་པའི་རྨང་གཞི་དང་འབྱུང་ཁུངས་གལ་ཆེན་ཞིག་ཡིན་ངེས། བོད་མི་རིགས་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་ལས་མཆེད་པ་ཡིན་ཟེར་བ་འདིའི་ཤུགས་ནའང་བོད་མིའི་རྒྱུད་དུ་འཇིག་རྟེན་འདིའི་སྟེང་གི་སྲོག་ཆགས་ཚང་མ་འགྲོ་བ་མིའི་རིགས་དང་མཉམ་དུ་གནས་པའི་སྤུན་ཟླ་ལྟ་བུའི་འདུ་ཤེས་ཤིག་ཆགས་ཡོད་པ་མཚོན་ལ། དེ་ལས་བོད་མིས་རང་བྱུང་ཁམས་དང་བཅས་ཀྱི་སྐྱེ་དངོས་སྲོག་ཆགས་ཡོད་རྒུ་ལ་སྙིང་ཉེ་ཞིང་མཛའ་བརྩེ་ལྡན་པའི་སྒོ་ནས་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཐོག་མ་ནས་ཆགས་ཡོད་པ་གསལ་བོར་རྟོགས་ཐུབ་བོ། །
       
གཉིས་པ། བོན་ཆོས་དར་བའི་དུས་སྐབས་ཀྱི་སྐྱེ་ཁམས་འདུ་ཤེས།
       
བོད་ཀྱི་གནའ་དེང་གི་ལོ་རྒྱུས་དེབ་ཐེར་མང་པོའི་བཞེད་ལུགས་ལྟར་ན་བོན་ཆོས་ལ་གདོད་མའི་བོན་དང་གཡང་དྲུང་བོན་ཞེས་གཉིས་སུ་དབྱེ་ཡོད་ལ། གདོད་མའི་བོན་ནི་བརྡོལ་བོན་དུ་ངོས་འཛིན་དགོས་པ་དང་། དེ་ནི་སྐལ་བ་ཡ་ཐོག་གི་དུས་སྐབས་སུ་བོད་མི་ཚོར་རང་བྱུང་ཁམས་ལ་རྒྱུས་ལོན་ཆེན་པོ་མེད་པ་དང་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ལའང་ཤེས་རྟོགས་གཏིང་ཟབ་མོ་མེད་པས། མུན་ནག་གི་འཚོ་བའི་གོ་རིམ་ཁྲོད་དཀའ་ལས་ཁག་པོ་འདྲ་མིན་སྣ་ཚོགས་དང་འཕྲད་ཚེ། དེར་ཚན་རིག་དང་མཐུན་པའི་འགྲེལ་རྒྱག་མ་ཐུབ་ཅིང་། ལྷག་པར་དུ་རང་བྱུང་ཁམས་ཀྱི་ས་ཆུ་མེ་རླུང་གི་འཇིགས་པ་དང་། གློག་འཁྱུགས་ནས་ཐོག་རྒྱག་པ། དུག་སྦྲུལ་དང་གཅན་གཟན་སྣ་ཚོགས་ཀྱིས་མིའི་ཚེ་སྲོག་ལ་གནོད་འཚེ་གཏོང་བར་འགོག་ཐབས་རྩ་བ་ནས་བྲལ་བས། རང་བྱུང་ཁམས་ཆེན་པོར་མིའི་བློ་རིག་དང་སྟོབས་ཤུགས་ལས་ལྷག་ཏུ་ཆེ་བའི་བདག་པོ་སྟེ་ཡུལ་ལྷ་གཞི་བདག་གིས་ཁ་ལོ་བསྒྱུར་བཞིན་པར་འདོད་ནས་རང་བྱུང་ཁམས་ཆེན་པོར་དད་ཅིང་ཞེན་པའི་འཇིགས་སྣང་གི་བསམ་བློ་ཞིག་ངང་ངམ་ཤུགས་ཀྱིས་གྲུབ་ནས། ཁོ་ཚོས་རང་བྱུང་ཁམས་ཀྱི་ལྷ་ལ་དབང་བའི་སེམས་ཅན་ཐམས་ཅད་དང་རྩྭ་ལྗང་མེ་ཏོག་ལྗོན་ཤིང་ནགས་ཚལ། རི་ཀླུང་མཚེའུ་ཀུན་ནི་མི་དང་མཚུངས་བར་རྣམ་ཤེས་ལྡན་ཞིང་སྣང་སྲིད་ལྷའི་རྣམ་རོལ་དུ་སྨྲས་ནས། དེ་ཚོར་གོང་བཀུར་དང་གཅེས་སྐྱོང་བྱེད་པའི་འདུ་ཤེས་བྱུང་བ་ནི་བོད་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དངོས་སུ་ཆགས་པའི་མཚན་རྟགས་ཡིན།
       
དེ་ཡང་གདོད་མའི་བོན་ཆོས་ནི་དངོས་པོ་ཀུན་ལྷ་ལྟར་བཀུར་བའི་ཆོས་ལུགས་ཤིག་ཡིན་ཕྱིར་མི་རྣམས་ཀྱིས་རྟག་པར་ལྷ་ཀླུ་གཉན་གསུམ་གྱིས་རང་བྱུང་ཁམས་ཡོངས་ལ་ཚོད་འཛིན་བྱེད་པ་དང་། ལྷ་ཀླུ་གཉན་གསུམ་གྱིས་མིའི་རིགས་ལ་བདེ་སྡུག་ལེགས་ཉེས་གནང་བར་འདོད་པས། དེ་དག་ལ་དད་ཅིང་ཞེན་པའི་བསམ་པ་སྐྱེས་ནས་སེམས་ཅན་མང་པོ་བསད་ནས་མཆོད་འབུལ་བྱེད་པའི་སྲོལ་ཡང་དར་ཚུལ་བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་འཁོད་ཡོད་དེ། "རྒྱལ་པོ་གཉའ་ཁྲི་བཙན་པོ་གོང་ནས་བོད་དུ་དར་བའི་བོན་ཆོས་དེ་ནི་བོད་ས་གནས་རང་དུ་ཐོག་མར་བྱུང་བའི་བོན་ཆོས་ཡིན་པས་བརྡོལ་བོན་ཟེར། ཆོས་ལུགས་དེ་ནི་སྔར་ཡོད་གདོད་མའི་ཆོས་ལུགས་བསམ་བློའི་རྨང་གཞིའི་ཐོག་འབྱུང་བ་ལྔའི་ལྷ་དང་། ཡུལ་ལྷ། ཁྱིམ་ལྷ། དགྲ་ལྷ། ཞང་ལྷ་སོགས་ལྷ་རིགས་མི་འདྲ་བླ་ན་མེད་པང་པོ་ཡོད་པ་དེ་ཚོར། སེམས་ཅན་བ་ཕྱུགས་དང་། ར་ལུག ཤ་བ་སོགས་བསད་ནས་མཆོད་པ་འབུལ་བ་དང་། མི་ཤི་ཚར་ནས་འདྲེ་ལ་སྐྱེས་པ་དང་། ལྷ་ལ་སྐྱེས་པ་ཡོད་པ་མ་ཟད། ལྷ་འདྲེ་ཤི་ནས་མི་ལ་སྐྱེས་པའང་ཡོད་པའི་སྐྱེ་བ་སྔ་ཕྱི་ཁས་ལེན་ཀྱི་ཡོད།" ཅེས་པ་ལྟར་སྟོན་པ་གཤེན་རབ་མི་བོ་ཆེས་བོན་གྱི་བསྟན་པ་མ་སྐྱོང་བའི་སྔོན་གྱི་དུས་སྐབས་སུ་བོད་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཅུང་ཙམ་ཆགས་ཡོད་ན་ཡང་། སྐབས་དེར་བོད་མིའི་སྲོལ་རྒྱུན་དུ་སྲོག་ཆགས་དང་སྒོ་ཕྱུགས་སྣ་ཚོགས་དམར་མཆོད་བྱེད་པའི་སྲོལ་ཞིག་ཆགས་ཡོད་པ་ལས་དུས་དེར་བོད་མིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ནི་ནར་མ་སོན་པའི་བྱིས་པ་ཞིག་དང་ཡོངས་སུ་མཚུངས།
       
དེ་ནས་དུས་ཡུན་རིང་པོ་ཞིག་སོང་རྗེས་སུ་བོད་ཡུལ་དུ་སྟོན་པ་གཤེན་རབ་མི་བོ་ཆེ་སྐུ་འཁྲུངས་ལ། དུས་དེ་ནས་བཟུང་གཡུང་དྲུང་བོན་གྱི་བསྟན་པ་སྐྱོང་མགོ་ཚུགས། སྟོན་པ་གཤེན་རབ་མི་བོ་ཆེས"བསྟན་པའི་ལས་ནི་སྙིང་རྗེ་ཡིན། །བསམ་པ་བཟང་པོ་གསེར་ལྟར་འཆང་། །"ཞེས་སེམས་པ་བཟང་པོའི་སེམས་བསྐྱེད་དང་། སྙིང་རྗེ་ཆེན་པོ་ལས་མང་དུ་སྤེལ་ནས་གཡུང་དྲུང་བོན་གྱི་བསྟན་པར་རྨང་གཞི་བརྟན་པོ་བཞག་ཅིང་། ཡ་ཐོག་གི་གདོད་མའི་བོན་གྱིས་ར་ལུག་དང་ཤ་བ་སོགས་བསད་དེ་དམར་མཆོད་འབུལ་བའི་སྲོལ་ངན་དེ་རྩ་བ་ནས་མེད་པར་གཏོང་ཆེད་དུ། གཏོ་ཐབས་སུམ་བརྒྱ་དྲུག་ཅུའིནང་། གལ་སྲིད་ཆོ་ག་སོགས་ཀྱི་ནང་དུ་སེམས་ཅན་གང་རུང་ཞིག་བེད་སྤྱོད་དགོས་ཚེ། སེམས་ཅན་ཐད་ཀར་སྲོག་མི་གཅོད་པར་དཔར་ཤིག་ཐོག་ཏུ་ཡོད་པའི་སེམས་ཅན་གྱི་གཟུགས་བརྙན་འདི་ཟན་གོང་སྟེ་སྤགས་རིལ་ཐོག་བླངས་ཏེ་མཆོད་རྫས་ཀྱི་ཚབ་བྱེད་ཐུབ་ཀྱི་ཡོད། སྲོལ་འདི་སྟོན་པ་གཤེན་རབ་མི་བོ་ཆེའི་རྗེས་འབྲངས་གཡུང་དྲུང་བོན་གྱིས་ལོ་ངོ་སྟོང་ཕྲག་དུ་མའི་རིང་ཉམས་སུ་བླངས་ནས་ད་ལྟ་ཡང་ཟན་དཔར་བེད་སྤྱོད་བྱེད་པའི་ཆོ་ག་འདི་མིག་ལམ་དུ་མཐོང་རྒྱུ་ཡོད། ཟན་དཔར་གྱི་སྲོལ་རྒྱུན་འདི་སྲོལ་དུ་བཏོད་པ་ནས་བཟུང་། བོན་པོས་སེམས་ཅན་བསད་དེ་དམར་མཆོད་འབུལ་བའི་ལོ་རྒྱུས་འདི་ཡོངས་སུ་མཇུག་བསྒྲིལ་བ་དང་། བོད་མིའི་སྐྱེ་དངོས་སྲོག་ཆགས་ལ་བདག་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་དེ་འདི་ནས་དངོས་སུ་མགོ་ཚུགས། དེ་ཡང་རྗེས་ཕྱོགས་སུ་བོད་ཡུལ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་བཅའ་ཡིག་དང་དགོན་པའི་བཅའ་ཡིག་སོགས་བྱུང་བར་རྨང་གཞི་བརྟན་པོ་ཞིག་བཞག་པ་ལས་ཡིན་སྙམ།
       
གསུམ་པ། ནང་ཆོས་དར་བའི་དུས་སྐབས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས།
       
བོད་ཀྱི་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་ཤིང་། དེ་ནས་རིམ་གྱིས་བོད་ཀྱི་སྤྱི་ཚོགས་ལ་ཕྱོགས་གང་ཅིའི་ཐད་ནས་འགྱུར་ལྡོག་མངོན་གསལ་བྱུང་ཞིང་། ལྷག་པར་དུ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ནུས་པའི་འོག་བོད་མིའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་འདུ་ཤེས་དེ་འཕེལ་རྒྱས་བྱུང་ནས་རིམ་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་བཅའ་ཡིག་སྣ་ཚོགས་བྱུང་བ་རེད།
       
1.བོད་བཙན་པོའི་དུས་སྐབས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་བཅའ་ཡིག་གི་སྐོར།
       
སྲོང་བཙན་སྒམ་པོའི་དུས་སུ་བོད་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་བཅའ་ཡིག་བྱུང་བའི་ཐད་ལཆོས་འབྱུང་མཁས་པའི་དགའ་སྟོནལས། "དེ་ལྟར་འདི་ཕྱི་ཀུན་ལ་ཕན་པ་ཡི། །བཟང་པོའི་བཙན་ཁྲིམས་གཉའ་ཤིང་དམ་པར་བསྡམས། །རི་དྭགས་རྣམས་ནི་རྒྱལ་བོའི་དཀོར་ནོར་མཛད། །ར་ལུག་བེའུ་ལ་སོགས་རང་ཡིན་གཏོང་། །" ཅེས་འཁོད་པ་བཞིན་རི་དྭགས་དང་ར་ལུག་སོགས་རྒྱལ་ཁབ་ཀྱི་མཛོད་ནོར་ཁྲོད་དུ་བཞག་ནས། རང་བཞིན་དུ་གནས་པར་བྱས་ཏེ་གང་འདོད་དུ་གནོད་པ་བཏང་མི་ཆོག་པའི་ཁྲིམས་སྲོལ་གཏན་འབེབས་ནན་མོ་མཛད་ཡོད། དེ་ལས་ཀྱང་དུས་སྐབས་དེ་ནས་བཟུང་ང་ཚོའི་མེས་པོའི་འདུ་ཤེས་སུ་སྲོག་ཆགས་ཡོད་ཚད་རང་གི་རིགས་མཐུན་གྱི་གྲོགས་པོའི་ཚུལ་དུ་བཞག་སྟེ། ཁྲིམས་ལུགས་ཀྱི་རྣམ་པའི་ལམ་ནས་གཅེས་སྐྱོང་དང་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་མཚོན་ནོ། །
       
2.ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་བཅའ་ཡིག་གི་སྐོར།
       
ཕག་གྲུ་བ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་མཆོག་གིས་སྔར་ཡོད་ཀྱི་དགེ་བཅུའི་ཁྲིམས་ལུགས་གཞིར་བཟུང་སྟེ། བོད་ཡུལ་གྱི་གནས་ཚུལ་དང་བསྟུན་ནས་ཁྲིམས་ལུགས་གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔ་དང་བཀའ་ཡིག་ཡོད་བཞིན་ནོར་བུའི་བང་མཛོད་སོགས་གསར་དུ་མཛད་ཅིང་། དེ་ཡང་ཏཱ་སི་ཏུ་ཁོང་ཉིད་ཤེས་རྒྱ་ཆེ་ལ་མིག་རྒྱང་རིང་བ། རང་མི་རིགས་ཀྱི་མི་རབས་རྗེས་མའི་མ་འོངས་པའི་མདུན་ལམ་ལ་བསམ་བློ་གཏོང་མཁས་པའི་མི་བུ་ཁྱད་དུ་འཕགས་པ་ཞིག་ཡིན་པས། ཁོང་གིས་ཤིང་འཛུགས་ནགས་བཟོའི་བྱ་གཞག་རླབས་ཆེན་གནང་བའི་དམིགས་ཡུལ་ཡང་ང་ཚོའི་མི་རབས་རྗེས་མའི་ཆེད་ཡིན་པའི་སྐོར་ལ་ཏཱ་སི་ཏུའི་གསུང་མགུརགསོལ་འདེབས་རིང་མོལས། "ང་མི་རྒན་ཁམས་ནི་བཟང་རིང་ལ། སྐྱེ་ཤིང་གང་ཚུགས་འཛུགས་པ་དང་། མཁར་ལམ་གང་བསམ་པ་འདི། ཕྱི་རབས་པ་ལ་བསམ་པ་ཡིན།" ཞེས་གསུངས་ཡོད་ལ། གཅིག་ནས་བོད་ཀྱི་ཡུལ་ལུང་ཐམས་ཅད་དུ་སྐྱེ་ཤིང་ཉུང་ཞིང་ཞིག་རུལ་ལ་སོང་ཡོད་པ། གཉིས་ནས་ལྷ་ཁང་དང་སྡོད་ཁང་། གྲུ་ཟམ་སོགས་ཀྱང་ངེས་པར་དུ་ཞིག་གསོ་མི་བྱེད་ཐབས་ཟད་པས། བོད་ཀྱི་ས་ཆ་ཚང་མར་ལོ་རེ་བཞིན་སྐྱེ་ཤིང་ལྕང་མ་འབུམ་ཕྲག་གཉིས་འཛུགས་དགོས་པ་དང་། ལྕང་ཁྲིམས་པ་ཞེས་པའི་སྲིད་འཛིན་དོ་དམ་པ་ཆེད་བསྐོས་གནང་སྟེ་ཞིབ་ཕྲ་ལྡན་པའི་སྒོ་ནས་རྩིས་ལེན་རྩིས་སྤྲོད་བྱེད་པ་དང་། ཞིག་རུལ་དུ་སོང་བའི་ཤིང་གཅོད་སྐབས་ཀྱང་ཤིང་གི་རྩད་པ་བཀོག་མི་ཆོག་པར་ཟོར་བ་དང་སྟ་རེ་སོགས་ལག་ཆ་རྣོན་པོས་ཡིད་གཟབ་ངང་བཅད་དེ་བཅད་ཤུལ་ལ་འཇིམ་པ་སོགས་བྱུག་ནས་ཤིང་སྡོང་མི་སྐམ་པར་བྱ་དགོས་པ་སོགས་ཤིང་འཛུགས་ནགས་བཟོའི་བྱ་གཞག་ཐད་ལ་ཤུགས་ཆེན་པོ་བརྒྱབ། བོད་མིའི་རྒྱུད་དུ་སྐྱེ་ཤིང་སླར་སྐྱེས་ཐུབ་པའི་ནུས་པ་ལ་བརྟེན་ནས་ལུགས་མཐུན་གྱི་སྒོ་ནས་རང་བྱུང་ནུས་ཁུངས་བེད་སྤྱོད་བྱེད་ལུགས་དར་སྤེལ་བཏང་སྟེ་སྐྱེ་ཁམས་ཀྱི་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་འདུ་ཤེས་ཆགས་ཐུབ་པ་གསལ་བོར་བསྟན་ཡོད།
       
3.ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ནས་བར་བའི་རི་རྒྱ་ཀླུང་རྒྱ་བསྡམས་པའི་ཁྲིམས་སྲོལ་བཅའ་ཡིག་གི་སྐོར།
       
ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གཉི་གའི་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྲོལ་བཅའ་ཡིག་གི་རྨང་གཞིའི་སྟེང་དུ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་མཆོག་གིས་སྔར་ལས་ཁ་གསལ་ལ་གོ་བདེ་བའི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཁྲིམས་སྲོལ་བཅའ་ཡིག་ཆེན་མོ་རི་རྒྱ་ཀླུང་རྒྱ་བསྡམས་པའི་བཅའ་ཁྲིམས་གཏན་འབེབས་མཛད་པ་རེད། "རི་རྒྱ་ཀླུང་རྒྱ་བསྡམས་པའི་བཅའ་ཁྲིམས་ནི་མི་འཇིགས་པའི་སྐྱབས་ཀྱི་སྦྱིན་པ་གཏོང་ཆེད་དུ་སྐབས་དེའི་སྲིད་གཞུང་གིས་འཕར་སྤྱང་དང་བྱི་ལ་ཕུད། དེ་བཞིན་སྐམ་གཤེར་ལ་གནས་པའི་སྲོག་ཆགས་ཆེ་ཕྲ་ཅི་ལ་ཡང་གནོད་འཚེ་མི་ཆོག་པའི་བཅའ་ཁྲིམས་ལ་ཟེར་རོ། །"ཞེས་ཟེར་བ་བཞིན་བདག་མེད་སེམས་ཅན་ཉེན་ཁ་ལས་སྐྱོབ་ཅིང་རང་གནས་སུ་བདེ་བར་འཁོད་པའི་ཆེད་དུ་ལོ་རེའི་ནང་གི་ཉིན་བཟང་དུས་བཟང་ལ་འབྲོག་པ་རྣམས་ཀྱིས་དམར་ལས་མི་བྱེད་པ་དང་། རྔོན་པ་རྣམས་ཀྱིས་གང་འདོད་དུ་སེམས་ཅན་གྱི་སྲོག་ལ་གནོད་པ་བྱས་མི་ཆོག་པའི་རི་རྒྱ་ཀླུང་རྒྱ་བསྡམས་པའི་སྲོལ་དར་བ་དང་། དེ་ནས་རིམ་གྱིས་རི་རྒྱ་ཀླུང་རྒྱ་བསྡམས་པའི་བཅའ་ཡིག་གཏན་ལ་ཕབ་པ་རེད།
       
གཙང་བ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་བོས་བོད་ཀྱི་ཆོས་སྲིད་ལ་ཁ་ལོ་བསྒྱུར་བ་དང་དུས་མཚུངས་སུ་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གཏན་འབེབས་གནང་། དེའི་ཁྲོད་ཀྱི་ཞལ་ལྕེ་གསུམ་པ་རྒྱལ་བོའི་མེ་ལོང་གདོང་གི་ཞལ་ལྕེའམ་སྣེ་མོ་ལས་འཛིན་གྱི་ཞལ་ལྕེ་ཞེས་པའི་ནང་དུ"དུས་ཆེན་གྱི་ཟླ་བ་ལྔ་ལ་རི་རྒྱ་ཀླུང་རྒྱ་བསྡོམས་པ"ཞེས་ཆོ་འཕྲུལ་ཟླ་བ་སྟེ་བོད་ཟླ་དང་པོ་ནས་བོད་ཟླ་ལྔ་བའི་བར་གང་བྱུང་དུ་སེམས་ཅན་ལ་གནོད་འཚེ་བྱས་མི་ཆོག་པའི་བཅའ་ཁྲིམས་གཏན་ལ་ཕབ་པ་དང་། སྲོལ་བཟང་འདི་དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་མ་ཉམས་གོང་འཕེལ་ངང་མུ་མཐུད་དུ་རྒྱུན་བསྐྱངས་པའི་སྐོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་སུ་གཏན་ལ་ཕབ་པའི་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་ནང་གི་ཞལ་ལྕེ་དང་པོ་ནང་དུའང"དུས་ཆེན་གྱི་ཟླ་བ་ལྔ་ལ་རི་རྒྱ་ཀླུང་རྒྱ་རྣམས་དང་། གཉེར་ཚང་དཀར་སྡོད་བྱེད་པ"ཞེས་བཀོད་ཡོད་ལ། དེའི་རྗེས་ནས་དགའ་ལྡན་ཕོ་བྲང་སྲིད་གཞུང་གིས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའི་ཁྲིམས་སྲོལ་བཟང་པོ་འདི་ཉིད་སྔར་ལས་ལྷག་པའི་གོང་བཀུར་དང་དར་འཕེལ་ཆེན་པོ་བཏང་པས། རིམ་གྱིས་བཀའ་རྒྱ་བསྡམས་པའི་སྲོལ་ཞིག་ཆགས་ཤིང་དེ་ལ་རི་ཀླུང་རྩ་ཚིག་ཅེས་པར་གྲགས་པ་དམངས་གཙོ་བཅོས་བསྒྱུར་བྱས་རག་བར་དུ་མཐོང་རྒྱུ་ཡོད་ཟེར་རོ། །
       
བཞི་པ། ད་ལྟའི་བོད་མིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་མཚོན་ཚུལ། ཅི་ལྟར་ཡོ་བསྲང་བྱེད་ཐབས་ཀྱི་སྐོར།
       
1.ད་ལྟའི་བོད་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་ཞན་དུ་འགྲོ་བཞིན་པའི་མཚོན་ཚུལ།
       
དེང་དུས་ང་ཚོའི་བོད་མིའི་རྒྱུན་ལྡན་འཚོ་བའི་ཁྲོད་དུ་རི་སྐྱེ་སྲོག་ཆགས་སྣ་ཚོགས་གང་བྱུང་དུ་ལྐོག་གསོད་བྱེད་པ། ས་རྐོ་རྡོ་སློག་བྱས་ནས་གཏེར་ཁ་འདོན་པ། དབྱར་རྩྭ་དགུན་འབུ་སོགས་སྨན་རྩྭ་བརྐོས་ནས་མེ་ལོང་ལྟ་བུའི་རྩྭ་ཐབ་བརླག་པ། ནགས་ཚལ་གཅོད་འབྲེག་བྱེད་པ། གད་སྙིགས་གང་འདོད་དུ་འཕངས་པ་སོགས་མི་ལས་དགུ་ལས་བྱས་པའི་རྐྱེན་གྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ཉིན་རེ་བཞིན་ཇེ་ངན་ཇེ་སྡུག་ལ་འགྲོ་བཞིན་ཡོད་པ་ནི་དོན་དངོས་ཤ་སྟག་རེད།
       
2.ད་ལྟའི་བོད་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་ཞན་དུ་སོང་བའི་རྒྱུ་རྐྱེན་དང་། དེ་ཅི་ལྟར་ཡོ་བསྲང་བྱེད་པའི་ཐབས་བཀོད།
       
(1)བོད་དུ་སངས་རྒྱས་ཆོས་ལུགས་རིམ་གྱིས་དར་བ་ནས་བཟུང་། ཆོས་ལུགས་དེའི་དགོངས་དོན་མང་པོའི་ཤུགས་རྐྱེན་འོག་བོད་མིའི་སྐྱེ་ཁམས་འདུ་ཤེས་ལ་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། རིམ་གྱིས་བོད་མིའི་སྐྱེ་ཁམས་འདུ་ཤེས་དེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྐྱེ་ཁམས་འདུ་ཤེས་ནང་དུ་འཐིམ་ནས་ངོ་བོ་གཉིས་སུ་དབྱེ་རྒྱུ་མེད་སོང་ཞེས་བཤད་ཀྱང་མི་ཆོག་པ་མེད།
       
གནའ་དུས་ཀྱི་བོད་མིའི་རྒྱུད་དུ་དངོས་པོ་ཀུན་ལ་སྲོག་ལྡན་ཞིང་རང་དང་མཉམ་པར་ལྟ་བ། དགེ་བ་སྒྲུབ་པ་དང་ཚོགས་བསགས་པ། ལས་རྒྱུ་འབྲས་བརྩི་བ། སྲོག་མི་གཅོད་པ། སེམས་ཅན་ཐམས་ཅད་དང་ཐ་ན་རྩྭ་རྩི་ཤིང་མེ་ཏོག་རི་ཆུ་ནགས་གསུམ་ཀུན་ལ་བྱམས་སེམས་ཀྱིས་སྐྱོང་བའི་ཆོས་ལུགས་ཀྱི་འདུ་ཤེས་བཟང་པོ་ཞིག་ཆགས་ཡོད་ཕྱིར། དེས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཐོན་ཡོད་པ་གདོན་མི་ཟ། འོན་ཀྱང་ང་ཚོ་ད་ལྟའི་བོད་མི་མང་པོ་ཞིག་གི་དད་པའི་སྟོབས་ཤུགས་ཉམས་ཞན་དུ་ཕྱིན་ཞིང་བསམ་བློའི་རྟེན་གཞི་བྲལ་བ། ཐ་ན་དད་ལོག་ཀྱང་མང་པོ་ཞིག་བྱུང་ཡོད་ལ། ཁོ་ཚོས་རང་གི་གཞིས་ཁྱིམ་གྱི་ཡིད་དུ་འོངས་པའི་སྐྱེ་ཁམས་ལ་གཏོར་རླག་དང་རི་སྐྱེ་སྲོག་ཆགས་རྨེག་མེད་དུ་འཇོམས་བཞིན་པ་མིག་མཐོང་ལག་ཟིན་རེད། དེ་བས་ང་ཚོས་སྐྱེ་ཁམས་སྲུང་སྐྱོང་ཐད་ལ་ཤུགས་སྣོན་རྒྱག་པར་ཐོག་མར་བོད་མིའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དད་མོས་ལ་མཐོང་ཆེན་བྱ་དགོས།
       
(2)བོད་མིས་སྲོལ་རྒྱུན་རིག་གནས་ལ་མཐོང་ཆེན་མི་བྱེད་པ།
       
དེང་དུས་ན་གཞོན་མང་པོ་ཞིག་གིས་སྲོལ་རྒྱུན་རིག་གནས་ལ་མཐོང་ཆུང་བྱེད་བཞིན་འདུག་ལ། དེང་སྐབས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་སྲོལ་རྒྱུན་རིག་གནས་ཀྱིས་ཁྱད་དུ་འཕགས་པའི་ནུས་པ་དང་ཀུན་སྤྱོད་ཀྱི་མིག་དཔེ་འདོན་ཐུབ་ཀྱིན་ཡོད་པར་ཚང་མས་ཁས་ལེན་བྱས་ན་བཟང་སྙམ། དེ་ཡང་ད་ལྟ་ང་ཚོ་བོད་མིའི་འཚོ་བའི་ཁྲོད་དུ་སྲོལ་རྒྱུན་རིག་གནས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་ནུས་པ་ཐོན་བཞིན་པའི་མཚོན་ཚུལ་མང་པོ་ཞིག་མཐོང་རྒྱུ་ཡོད་དེ། དཔེར་ན། སྒོ་ཕྱུགས་ཚེ་ཐར་གཏོང་སྲོལ། དུར་འཇུག་གི་སྲོལ། སྲོག་ཆགས་བླ་རུ་བཀུར་བ། མཚོ་གཏེར་རྒྱག་པའི་སྲོལ། ལབ་ཙེ་བསྟོད་པའི་སྲོལ། ཀླུ་བསང་ཕུད་པའི་སྲོལ་སོགས་ལྟ་བུའོ། །དམངས་སྲོལ་འདི་དག་གིས་གནའ་ནས་ད་ལྟའི་བར་དུ་མདོ་དབུས་མཐོ་་་་་་་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཐད་ལ་ནུས་པ་ཁྱད་དུ་འཕགས་པ་ཐོན་ཡོད་པར་བརྟེན་ནས། དེ་རིང་ང་ཚོའི་ཕ་ས་ཕ་ཡུལ་གྱི་ཡུལ་གྲུ་གང་མང་ཞིག་རྒྱལ་ཁབ་ཕྱི་ནང་གི་སྐྱེ་བོ་མི་ཉུང་བ་ཞིག་གི་གནས་མཇལ་དང་ལྟ་སྐོར་དུ་འགྲོ་སའི་ལྟེ་གནས་སུ་གྱུར་ཡོད། འོན་ཀྱང་ང་ཚོ་བོད་མི་མང་པོ་ཞིག་གིས་དམངས་སྲོལ་འདི་དག་སྣང་མེད་དུ་བཞག་ནས་སྒོར་མོ་འབའ་ཞིག་གི་དོན་དུ་མི་ལས་དགུ་ལས་བྱས་པས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་སྤྱིའི་གནས་ཚུལ་ཡག་པོ་མི་འདུག་པ་ཚང་མས་ཤེས་གསལ་རེད།
       
མཆན་འགྲེལ།
       
ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས། རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ།.བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 19864.408.
       
དུང་དཀར་བློ་བཟང་འཕྲིན་ལས། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ།.མི་རིགས་དཔེ་སྐྲུན་ཁང་། 1981:7.
       
ནམ་མཁའི་ནོར་བུ། ཞང་བོད་ལོ་རྒྱུས་ཏི་སེའི་འོད།.ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 1996:50.
       
དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན།.མི་རིགས་དཔེ་སྐྲུན་ཁང་། 1985:194.
       
ཟླ་བ་ཚེ་རིང་དང་བསྟན་འཛིན་རྣམ་རྒྱལ། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ།.མི་རིགས་དཔེ་སྐྲུན་ཁང་། 2009:277.
       
⑦⑧བསོད་ནམས་ཚེ་རིང་གིས་བསྒྲིགས། སྔ་རབས་བོད་ཀྱི་སྲིད་ཁྲིམས།.མི་རིགས་དཔེ་སྐྲུན་ཁང་། 2004:188.233. རྩོམ་སྒྲིག་འགན་འཁུར་པ་ཀ་ཤུལ། རྩེར་སྙེག (དུས་ཚིགས་རེའི་དུས་དེབ)སྤྱིའི་དེབ་གྲངས128 2014ལོའི་དེབ་གསུམ་པ། (2014ལོའི་ཟླ་དགུ་པར་སྤེལ)

རྩོམ་པ་པོ་ངོ་སྤྲོད། ། ཁ་གྱའི་སྟག་ཚེ ཕོ། ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི2012ལོའི་ཞིབ་འཇུག་སློབ་མ།

2014ལོའི་དེབ་གསུམ་པ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005