|
དབུ་ཁྲིད་རྣམ་པ་དང་། སྐུ་མགྲོན་རྣམ་པ། མཐུན་གྲོགས་རྣམས་པ་ཚོ། ༢༠༠༤ལོའི་ཟླ༨པར། བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་དངོས་སུ་དབུ་བརྙེས་པ་མ་ཟད། དེའི་གྲོས་ཚོགས་ཐེངས་དང་པོ་ལྷ་སར་སྐོང་ཚོགས་བྱས་པ་རེད། བོད་བརྒྱུད་ནང་བསྟན་ཡོན་གནས་ལམ་ལུགས་གསར་དུ་འཛུགས་འགོ་བཙུགས་ནས། ཡོན་གནས་ལས་དོན་འཛུབ་སྟོན་ཨུ་ཡོན་ལྷན་ཁང་དུས་ཐོག་ཏུ་བཙུགས་པ་ལས། ཏང་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་མི་སྣ་དང་། དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་བྱམས་བརྩེའི་ཐུགས་འཁུར་གནང་བ་མངོན་པར་དུ་མཚོན་ལ། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་ཚུན། ཏང་གི་ཆོས་ལུགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བསྟན་བའི་གྲུབ་འབྲས་རླབས་པོ་ཆེ་ཞིག་ཡིན་པ་མངོན་པར་དུ་མཚོན་ཡོད་པས། དེར་བོད་བརྒྱུད་ནང་བསྟན་མི་སྣ་དང་། དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཤིན་ཏུ་དགའ་པོ་བྱུང་བ་རེད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་ཆོས་དོན་ཅུས་ཀྱི་དབུ་ཁྲིད་དང་། ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་དབུ་ཁྲིད་འོག ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས་ཕྱག་ལས་དུ་མ་གནང་སྟབས། ཡོན་གནས་ལས་ཀར་གྲུབ་འབྲས་ཆེན་པོ་ཐོབ་པ་རེད། འདས་ཟིན་པའི་ལོ་འགའི་དུས་ཚོད་ནང་། སྔ་རྗེས་སུ་མཐོ་རམས་པའི་འཛིན་གྲྭ་སྐབས་བཞི་དང་། ཡོན་གནས་འཛིན་གྲྭ་སྐབས་གཉིས་གཉེར་བ་རེད། ཡུན་ནན་བདེ་ཆེན་དུ་གཉེར་བའི་འཛིན་གྲྭ་དེ་ད་ལྟ་སློབ་སྦྱོང་བྱས་དང་བྱེད་མུས་རེད། ལོ་གསུམ་གྱི་དུས་ཚོད་ནང་བསྟུད་མར་གྲུབ་མཐའ་སོ་སོའི་དགེ་འདུན་ཡོན་ཚད་ལོན་པ་མི༣༣ལ་མཐོ་རམས་པའི་ཡོད་གནས་སྤྲད་པ་རེད། བོད་བརྒྱུད་ནང་བསྟན་ཡོན་གནས་ལམ་ལུགས་གསར་པར། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཚང་མ་ཚུད་ཡོད། ལམ་ལུགས་གསར་པས་འདྲ་མཉམ། དྲང་བདེན། གསང་མེད་ཡོངས་གྲགས་ཀྱིས་ལས་དོན་གཉེར་རྒྱུ་རྩ་དོན་དུ་བཟུང་ནས། ཡོན་ཚད་ལ་མཐོང་ཆེན་གྱིས། རྒྱལ་གཅེས་ཆོས་གཅེས་ཀྱི་མི་སྣ་གསོ་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟབས། དེར་དུས་རབས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་ཡོད། དེས་ན་བོད་བརྒྱུད་ནང་བསྟན་ཡོན་གནས་ལམ་ལུགས་གསར་པར། བོད་བརྒྱུད་ན་བསྟན་མི་སྣ་དང་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་མ་ཟད། ཞིང་ལྗོངས་ལྔའི་ཏང་སྲིད་འབྲེལ་ཡོད་ལས་ཁུངས་དང་ཆོས་ཚོགས་རྩ་འཛུགས་ཀྱི་ཐུགས་འཁུར་དང་རྒྱབ་སྐྱོར་ཐོབ་དང་ཐོབ་མུས་ཡིན་པས། བོད་བརྒྱུད་ནང་བསྟན་ཡོན་གནས་ལས་ཀར་འགོ་ཡག་པོ་ཞིག་འཛུགས་ཐུབ་ཡོད། རང་ཕྱོགས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བྱ་རྒྱུ་ནི། ད་ལྟ་བོད་བརྒྱུད་ནང་བསྟན་ལས་ཀའི་ལས་འགན་ཨང་དང་པོ་རེད། རྒྱལ་གཅེས་ཆོས་གཅེས་ཀྱི་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི། ཡོན་གནས་ལས་ཀའི་ལས་ཀ་གཙོ་བོ་རེད། ཅུང་ཆ་ཚང་བའི་ཡོན་གནས་ལམ་ལུགས་གསར་པ་ཞིག་བཟོ་དགོས་ན། ད་དུང་ལས་ཀ་མང་པོ་དགོས་པས། མཛུབ་སྟོན་ཨུ་ཡོན་ལྷན་ཁང་སྐབས་གསར་པའི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ། ཡོན་གནས་ལས་ཀས་མེས་རྒྱལ་དར་རྒྱས་གོང་འཕེལ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་ཕྱིར་ཞབས་འདེགས་ཞུ་དགོས་པ་དང་། བསྟན་འཕེལ་དམངས་ཕན་གྱི་དགེ་སྐུལ་འཕྲིན་ལས་སྤེལ་ཕྱིར་ཞབས་འདེགས་ཞུ་དགོས།
ཁ་བྲལ་རིང་ལུགས་པ་རྣམས་ནི་མགོ་རྟིང་སློག་ཟིན་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཚབ་མི་ཡིན་པ་མ་ཟད། ད་ལྟ་ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་སྟོབས་ཤུགས་ཀྱིས་བེད་སྤྱོད་བྱེད་བཞིན་པའི་ལག་ཆར་གྱུར་ཡོད། ང་ཚོ་དང་ཁོ་ཚོའི་བར་གྱི་འགལ་བ་ནི་མི་རིགས་དང་ཆོས་ལུགས་ཀྱི་གནད་དོན་མིན་པར། སིམ་འཛུལ་དང་སིམ་འཛུལ་ལ་ངོ་རྒོལ། ཁ་བྲལ་དང་ཁ་བྲལ་ལ་ངོ་རྒོལ། མགོ་རྟོང་སློག་པ་དང་མགོ་རྟོང་སློག་པར་ངོ་རྒོལ་བྱེད་པའི་འཐབ་རྩོད་ཅིག་རེད། འཐབ་རྩོད་འདི་ནི་ཡུན་རིང་ལ་རྙོག་འཛིང་ཆེ་ཞིང་རྣོ་ངར་ཆེ་བ་ཞིག་རེད། ཁ་བྲལ་ལ་ངོ་རྒོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ན་གཞི་ནས་བོད་བརྒྱུད་ནང་བསྟན་ཡོན་གནས་ལས་ཀ་ལེགས་པར་བསྒྲུབས་ཐུབ་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་བོད་བརྒྱུད་ནང་བསྟན་མི་སྣ་ཚད་ལྡན་ཞིག་བྱེད་ཐུབ།
ཏང་གི་འགོ་ཁྲིད་ནི་ཆོས་ལུགས་ཀྱི་ལས་ཀ་ལེགས་པར་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་ལ། ཆོས་ལུགས་ཀྱི་སློབ་གྲྭ་ལེགས་པར་གཉེར་རྒྱུ་དང་། བོད་བརྒྱུད་ནང་བསྟན་ཡོན་གནས་ལམ་ལུགས་གསར་པ་འཛུགས་སྤེལ་བྱེད་པའི་རྩ་བའི་འགན་ལེན་ཡང་ཡིན། ང་ཚོ་བོད་རྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་རང་འགུལ་ངང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་ཆོས་དོན་ཅུས་ཀྱི་འགོ་ཁྲིད་དང་ལེན་བྱ་དགོས་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་འགོ་ཁྲིད་དང་ལེན་བྱ་དགོས། ང་ཚོས་ངེས་པར་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སློབ་སྟོན་དུ་བཟུང་ནས། རང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་སྲིད་ཇུས་ཁག་ལག་ལེན་མཐའ་གཅིག་ཏུ་བསྟར་ནས། ཏང་གི་བྱེད་ཕྱོགས་སྲིད་ཇུས་རྣམས་ཡོད་གནས་ལས་ཀའི་ཐོག་དོན་འཁྱོལ་བྱ་དགོས། ང་ཚོས་ད་དུང་རྒྱལ་ཁབ་ཆོས་དོན་ཅུས་ནས་འགྲེམ་བསྒྲགས་བྱས་པའི་《ཆོས་ལུགས་སློབ་གྲྭ་འཛུགས་ཐབས》ཞེས་པ་དང་དེ་བཞིན་བོད་བརྒྱུད་ནང་བསྟན་ཡོན་གནས་ལམ་ལུགས་གསར་པ་འཛུགས་ཐབས་སྐོར་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་རྣམས་སློབ་སྦྱོང་དང་དོན་འཁྱོལ་བྱས་ནས། ཡོན་གནས་ལས་ཀར་རྣམ་པ་གསར་པ་གཏོད་ཐུབ་པའི་འབད་བརྩོན་བྱ་དགོས། ད་རེས་ཀྱི་ཚོགས་འདུ་དེར་དུས་ཚོད་ཉིན་གསུམ་བཀོད་སྒྲིག་བྱས་ཡོད། ཚོགས་འདུའི་རིང་འདས་ཟིན་པའི་ལས་ཀར་ཕྱོགས་བསྡོམས་དང་། སྐབས་གསར་པའི་འབྱུང་འགྱུར་གྱི་ལས་འགན་ཁ་གསལ་བཟོ་རྒྱུ་མ་ཟད། ད་དུང་ཞིབ་ཕྲའི་ལས་ཀ་འགར་ཞིབ་འཇུག་གནང་དགོས། ཚོགས་འདུའི་རིང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་དབུ་ཁྲིད་ཀྱིས་ང་ཚོར་མཇལ་འཕྲད་གནང་ནས། གལ་ཆེའི་བཀའ་སློབ་གནང་རྒྱུ་རེད། མཐུན་གྲོགས་རྣམ་པས་དབུ་ཁྲིད་ཀྱི་གསུང་བཤད་ལ་གོ་བ་གཏིང་ཟབ་བླངས་ནས། རང་འཁྲིའི་ལས་དོན་རྣམས་ལེགས་པར་བསྒྲུབ་རྒྱུའི་རེ་བ་ཞུ་རྒྱུ་ཡིན། མཛུབ་སྟོན་ཨུ་ཡོན་ལྷན་ཁང་སྐབས་གསར་པའི་ཁོངས་མི་ཡོངས་ཀྱིས་རྒྱལ་གཅེས་ཆོས་གཅེས་དང་། ཡར་རྒྱས་བརྩོན་ལེན། འཆམ་མཐུན། ལེགས་སྐྱེས་འབུལ་བ་ལ་སོགས་པའི་སྐབས་གོང་མའི་སྲོལ་རྒྱུན་བཟང་པོ་རྣམས་འཛིན་སྐྱོང་སྤེལ་གསུམ་བྱས་ནས། ཡོན་གནས་ལས་ཀར་ཁྲིད་སྟོན་བྱེད་པའི་ལས་ཀ་རྣམས་ལེགས་པར་བསྒྲུབ་དགོས། ཡོད་གནས་ལམ་ལུགས་གསར་དུ་འཛུགས་པའི་བརྒྱུད་རིམ་ནང་། བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། ཡུན་ནན་ཞིང་ཆེན་བཅས་ཀྱི་ཏང་སྲིད་དབུ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། ཆོས་ལུགས་སྡེ་ཁག ནང་བསྟན་རྩ་འཛུགས་བཅས་ཀྱི་ཐུགས་འཁུར་རྒྱབ་སྐྱོར་ཐོབ་པ་མ་ཟད། ཞིང་ལྗོངས་ལྔའི་དགོན་སྡེ་ཁག་གི་དམངས་བདག་དང་བླ་མ་དགེ་བའི་བཤེས་གཉེན་རྣམ་པའི་རྒྱལ་སྐྱོར་དང་རོགས་རམ་བྱུང་བ་རེད། ཡོན་གནས་ལམ་ལུགས་ཡག་པོ་ཞིག་འཛུགས་དགོས་ན། ཞིང་ལྗོངས་ལྔའི་རྒྱབ་སྐྱོར་དང་བྲལ་ཐབས་མེད། འདས་ཟིན་པའི་དུས་ཚོད་ནང་ཡོན་གནས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་དག་ནི། ཞིང་ལྗོངས་ལྔའི་ཤུགས་ཆེའི་རྒྱབ་སྐྱོར་ལས་བྱུང་བ་ཞིག་རེད། དེས་ན་ངས་བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཚབ་ཞུས་ནས། ཞིང་ལྗོངས་ལྔའི་བཤེས་གཉེན་རྣམ་པར་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཇུག་ཏུ་མཛུབ་སྟོན་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་བདེ་བླག་ངང་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་སྦྲགས། དབུ་ཁྲིད་རྣམ་པ་དང་། སྐུ་མགྲོན་རྣམ་པ། མཐུན་གྲོགས་རྣམ་པ་སྐུ་གཟུགས་བདེ་ཐང་དང་། བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
རྡེའུ་དཀར་ནག་གིས་ཞུས། |