གནས་ཡུལ། མདུན་ངོས། འོས་སྦྱོར་ཁྱད་པར་ཅན།
 
 
༄༅།།བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན།
སྤེལ་དུས།2008-12-15   ཡོང་ཁུངས་།བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ལྔ་བཅུ་འཁོར་བར་དྲན་གསོ།    རྩོམ་པ་པོ། འབྲུག་མོས་ཞུ་དག་བྱས།

བོད་ཀྱི་མི་རིགས་ནི་ཀྲུང་གོའི་ཁོངས་གཏོགས་ཀྱི་ལོ་རྒྱུས་ཡུན་རིང་ཡོད་པའི་མི་རིགས་གཅིག་ཡིན། མི་རིགས་གཞན་དག་མང་པོ་དང་འདྲ་བར་རང་ཚོའི་རྒྱལ་ཁབ་ཆེན་པོ་འདི་ནི་གསར་བཟོ་དང་གོང་འཕེལ་གྱི་བྱ་རིམ་ནང་དུ་རང་འགན་གཟི་བརྗིད་ཅན་འཁུར་མྱོང་ཡང་། ཉེ་ལམ་ལོ་ངོ་བརྒྱ་ལྷག་ཙམ་ནས་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་དིས་གོ་ཀྲུའུ་ཡིསཀྱི་སྟོབས་ཤུགས་ཀྲུང་གོའི་ནང་དུ་བཙན་འཛུལ་བྱས་རྐྱེན་བོད་ཀྱི་ས་གནས་སུ་ཡང་བཙན་འཛུལ་བྱས་ཏེ། མགོ་གཡོག་དང་དཀྲུགས་ཤིང་སྣ་ཚོགས་བྱས་པར་མ་ཟད། གོ་མིན་ཏང་ལོ་སྤྱོད་སྲིད་གཞུང་ནས་བོད་ཀྱི་མི་རིགས་ལ་སྔོན་གྱི་ལོག་སྤྱོད་སྲིད་གཞུང་དང་འདྲ་བར་མི་རིགས་གཉའ་གནོན་དང་། མི་རིགས་དཀྲུགས་ཤིང་གི་ཇུས་བྱུས་སྔར་མུས་བཞིན་དུ་ལག་ལེན་བྱས་གཤིས། བོད་མི་རིགས་ནང་ཁུལ་མཐུན་བསྒྲིལ་མེད་པར་རྒྱབ་འགལ་དུ་སོང་། བོད་ཀྱི་ས་གནས་སྲིད་གཞུང་ནས་ཀྱང་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་མགོ་གཡོག་དང་དཀྲུགས་ཤིང་ལ་ངོ་ལོག་མ་བྱས་པར་རང་གི་རྒྱལ་ཁབ་ལ་ཡང་ཤ་ཞེན་མེད་པའི་བྱེད་སྟངས་བྱུང་བས། གནས་ཚུལ་དེ་དག་གིས་བོད་ཀྱི་མི་རིགས་དང་། བོད་ཀྱི་མི་དམངས་གཞན་གྱི་བྲན་གཡོག་དང་སྡུག་བསྔལ་ཚབས་ཆེན་གྱི་གཡངས་སུ་ལྷུངས། གཅིག་སྟོང་དགུ་བརྒྱ་བཞི་བཅུ་ཞེ་དགུའི་ལོར་ཀྲུང་གོའི་མི་དམངས་བཅིངས་བཀྲོལ་གྱི་དམག་འཁྲུག་རྒྱལ་ཁབ་ཡོངས་ཀྱི་ས་ཁོངས་རེ་གཉིས་མ་གཏོགས་གཞི་རྩའི་རྒྱལ་ཁ་ལོན་སྟབས་མི་རིགས་སོ་སོ་ཐུན་མོང་དང་ནང་གི་སྤྱི་དགྲ་གོ་མིན་ཏང་ལོག་སྤྱོད་སྲིད་གཞུང་གཏོར་ཟིན་འོག་མི་རིགས་སོ་སོའི་ཕྱི་ཡི་སྤྱི་དགྲ་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་གནོན་སྟོབས་ཤུགས་མཐའ་སྐྲོད་བཏང་སྟེ་གཞི་རྩ་འདིའི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གསར་བཙུགས་བྱས་པའི་གཏམ་བསྒྲགས་སོ།། ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་ཚོགས་ནས་གཏན་ལ་ཕབ་པའི་གུང་ཐུང་ཀང་ལིང་གཞིར་བཟུངས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁོངས་གཏོགས་ཀྱི་མི་རིགས་ཐམས་ཅད་འདྲ་མཉམ་ཐོག་ཕན་ཚུན་རོགས་རམ་མཐུན་བསྒྲིལ་བྱས་ཏེ་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་དང་མི་རིགས་སོ་སོའི་ནང་གི་མི་དམངས་ཀྱི་སྤྱི་དགྲ་ངོ་རྒོལ་བྱེད་རྒྱུ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་ཉིད་མི་རིགས་ཚང་མ་མཛའ་འཐུན་རོགས་འབྲེལ་གྱི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་འགྱུར་རྒྱུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་རྣམས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་དུ་མི་རིགས་གྲངས་ཉུང་སོ་སོས་གཅིག་ཚོགས་སྡོད་པའི་ས་གནས་སུ་མི་རིགས་ཀྱི་ས་གནས་རང་སྐྱོང་ལག་ལེན་བྱེད་རྒྱུ་དང་། མི་རིགས་གྲངས་ཉུང་སོ་སོ་ནས་རང་རང་གི་སྐད་ཆ་ཡི་གེ་གོང་འཕེལ་བྱེད་རྒྱུ་དང་། ཡུལ་གྱི་གོམས་པའི་གཤིས་ལུགས་དང་། ཆོས་ལ་དད་པ་བཅས་ལ་སྲུང་འཛིན་ནམ་བཅོས་བསྒྱུར་གང་བྱེད་ཀྱི་རང་དབང་ཡོད་པ། ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་མི་རིགས་གྲངས་ཉུང་སོ་སོ་དེ་དག་གི་ཆབ་སྲིད། དཔལ་འབྱོར། རིག་གནས། སློབ་སྦྱོང་རྣམས་ཡར་རྒྱས་ཀྱི་བྱ་བ་གོང་འཕེལ་དུ་གཏོང་རྒྱུ་ལ་རོགས་རམ་བྱེད་རྒྱུ་སོགས་ཀྱི་དྲིལ་བསྒྲགས་བྱས། དེ་ནས་བཟུང་རྒྱལ་ཁབ་ནང་གི་མི་རིགས་རྣམས་བོད་དང་ཐའེ་ཝེན་གཉིས་ཀྱི་ས་གནས་མ་གཏོགས་ཚང་མ་བཅིངས་བཀྲོལ་བྱས་ཟིན། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་གཅིག་བསྒྲིལ་འགོ་འཁྲིད་དང་། མི་དམངས་སྲིད་གཞུང་རིམ་པ་གོང་མ་སོ་སོ་ནས་ཐད་ཀར་འགོ་འཁྲིད་མཛད་འོག་ཏུ་མི་རིགས་གྲངས་ཉུང་སོ་སོས་མི་རིགས་འདྲ་མཉམ་གྱི་ཁེ་དབང་ཕུན་སུམ་ཚོགས་པར་ལོངས་སུ་སྤྱད་པར་མ་ཟད། མི་རིགས་ཀྱི་ས་གནས་རང་སྐྱོང་གི་བྱ་བ་བྱས་དང་བྱེད་བཞིན་པ་དེ་ལྟར་ཡོད། བོད་དུ་ཡོད་པའི་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་གནོད་སྟོབས་ཤུགས་དང་དེའི་ཉེས་སྐྱོན་བཅས་བདེ་བླག་ཏུ་བསལ་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁུལ་དང་རང་བཙན་གྱི་དབང་ཆ་གཅིག་བསྒྲིལ་གྱི་བྱ་བ་འགྲུབ་པར་བྱེད་རྒྱུ་དང་། རྒྱལ་ཁབ་སྲུང་སྐྱོབ་བྱས་ཏེ་བོད་ཀྱི་མི་རིགས་དང་། བོད་ཀྱི་མི་དམངས་བཅིངས་བཀྲོལ་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་པོའི་ནང་དུ་ཚུར་ལོག་ཏེ། རྒྱལ་ཁབ་ནང་གི་མི་རིགས་གཞན་དག་དང་མཚུངས་པར་མི་རིགས་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་པ་དང་། རང་གི་ཆབ་སྲིད། དཔལ་འབྱོར། རིག་གནས་སློབ་སྦྱོང་བཅས་ཀྱི་ལས་དོན་གོང་འཕེལ་དུ་གཏོང་ཆེད་ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་བཀའ་ཕབ་སྟེ་མི་དམངས་བཅིངས་བཀྲོལ་དམག་དཔུང་བོད་བསྐྱོད་ཀྱི་སྐབས་འདིར། བོད་ཀྱི་ས་གནས་སྲིད་གཞུང་ནས་ཀྲུང་དབྱང་ལ་འཐུས་མི་ཆེད་དུ་བཏང་ནས་གྲོས་མོལ་ཐོག་བོད་ཞི་བའི་སྒོ་ནས་བཅིངས་བཀྲོལ་འབྱུང་ཐབས་ཀྱི་གྲོས་མཐུན་འཇོག་རྒྱུའི་བརྡ་སྤྲད་པ་བཞིན། གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གཅིག་ལོའི་ཟླ་བཞི་བའི་མཇུག་བོད་ཀྱི་ས་གནས་སྲིད་གཞུང་གི་འཐུས་མི་དབང་ཆ་ཚང་མ་ཡོད་པ་པེ་ཅིན་རྒྱལ་སར་འབྱོར་བསྟུན། ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་འཐུས་མི་འཕྲལ་དུ་བསྐོ་གཞག་གནང་སྟེ། བོད་ཀྱི་ས་གནས་སྲིད་གཞུང་གི་འཐུས་མི་དབང་ཆ་ཚང་མ་ཡོད་པ་དང་ལྷན་དུ་མཛའ་མཐུན་གྱི་གཞི་རྩ་བཟུང་ནས་བཀའ་མོལ་གནང་ཞིང་། བཀའ་མོལ་གནང་བའི་འབྲས་བུ་ལ་ཕྱོགས་གཉིས་ཀའི་བློ་རྩེ་མཐུན་ཏེ། གྲོས་མཐུན་འདི་ཉིད་བཞག་པར་མ་ཟད། དེ་དོན་ལག་ལེན་དུ་མངོན་པར་བསྟར་བའི་འགན་ལེན་རྒྱུ།

དང་པོ། བོད་ཀྱི་མི་དམངས་རྣམས་མཐུན་བསྒྲིལ་བྱས་ཏེ་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་ཤུགས་བོད་ནས་མཐར་སྐྲོད་གཏོང་དགོས། བོད་ཀྱི་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་ལོག་དགོས།

གཉིས་པ། མི་དམངས་བཅིངས་བཀྲོལ་དམག་བོད་དུ་བསྐྱོད་དེ་རྒྱལ་ཁབ་བརྟན་པོར་སྲུང་རྒྱུ་ལ་བོད་ཀྱི་ས་གནས་སྲིད་གཞུང་ནས་རོགས་རམ་ལྷུར་ལེན་བྱེད་རྒྱུ།

གསུམ་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་གུང་ཐུང་ཀང་ལིང་་གི་མི་རིགས་སྲིད་བྱུས་གཞིར་བཟུང་སྟེ། ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་གཅིག་བསྒྲིལ་གྱི་འགོ་ཁྲིད་འོག བོད་ཀྱི་མི་དམངས་ལ་མི་རིགས་ཀྱི་ས་གནས་རང་སྐྱོང་ལག་ལེན་བྱེད་རྒྱུའི་དབང་ཆ་ཡོད།

བཞི་པ། བོད་ཀྱི་ཆབ་སྲིད་ལམ་ལུགས་ད་མུས་ལ་ཀྲུང་དབྱང་གིས་བཅོས་བསྒྱུར་མི་བྱེད་པར། ཏཱ་ལའི་བླ་མའི་སྔར་ཡོད་གོ་གནས་དང་དབང་ཆ་ཡང་ཀྲུང་དབྱང་ནས་བསྒྱུར་བཅོས་མི་བྱེད། དཔོན་རིགས་མཐོ་དམན་རྣམས་ཀྱང་སྔར་བཞིན་གནས་རྒྱུ།

ལྔ་པ། པཎ་ཆེན་ཨེར་ཏི་ནིའི་སྔར་ཡོད་གོ་གནས་དང་དབང་ཆ་རང་འཇུགས་གནས་དགོས།

དྲུག་པ། ཏཱ་ལའི་བླ་མ་དང་། པཎ་ཆེན་ཨེར་ཏེ་ནིའི་སྔར་ཡོད་གོ་གནས་དང་དབང་ཆ་ཞེས་པ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དང་། པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་དགུ་པ་མཐུན་པོའི་སྐབས་ཀྱི་གོ་གནས་དང་དབང་ཆ།

བདུན་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་གུང་ཐུང་ཀང་ལིང་ནང་ཐག་བཅད་པའི་ཆོས་ལུགས་ལ་དད་པ་རང་མོས་བྱས་ཆོག་པའི་སྲིད་བྱུས་ལ་ལག་ལེན་བྱས་ཏེ། བོད་ཀྱི་མི་དམངས་ཀྱི་ཆོས་ལུགས་ལ་དད་པ་དང་། ཡུལ་གྱི་གོམས་པའི་གཤིས་ལུགས་སོགས་ལ་བརྩི་འཛིན་བྱེད་རྒྱུ་དང་། དགོན་པ་གྲ་ཚང་ལ་སྲུང་སྐྱོབས་བྱེད་རྒྱུ། དགོན་པ་གྲ་ཚང་གི་ཡོང་སྒོར་ཀྲུང་དབྱང་ནས་བསྒྱུར་བཅོས་མི་བྱེད།

བརྒྱད་པ། བོད་ཀྱི་དམག་སྒར་རིམ་གྱིས་བཅིངས་བཀྲོལ་དམག་ལ་ཚུར་བསྒྱུར་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྲུང་བའི་དྲུག་ཤུགས་ཁག་གཅིག་ཏུ་བསྒྲུབ་རྒྱུ།

དགུ་པ། བོད་ཀྱི་གནས་ཚུལ་དངོས་ཡོད་གཞིར་བཟུང་སྟེ་རིམ་གྱིས་བོད་རིགས་ཀྱི་སྐད་ཆ་དང་། ཡི་གེ། སློབ་གྲྭའི་སློབ་སྦྱོང་བཅས་གོང་འཕེལ་གཏོང་རྒྱུ།

བཅུ་པ། བོད་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ་རིམ་གྱིས་བོད་ཀྱི་སོ་ནམ་དང་། འབྲོག་ལས། བཟོ་རིགས། ཚོང་ལས་རྣམས་གོང་འཕེལ་དུ་བཏང་ནས་མི་དམངས་ཀྱི་ལྟོ་གོས་སོགས་ཇེ་ལེགས་སུ་གཏོང་རྒྱུ།

བཅུ་གཅིག་པ། བོད་ཀྱི་ལམ་ལུགས་སྣ་ཚོགས་ལེགས་བཅོས་བྱེད་རྒྱུའི་སྐོར་ལ་ཀྲུང་དབྱང་ནས་བཙན་ཤེད་ཀྱིས་མི་བྱེད་པར། བོད་ཀྱི་ས་གནས་སྲིད་གཞུང་རང་ནས་ལེགས་བཅོས་བྱེད་རྒྱུ་དང་། མི་དམངས་ནས་ལེགས་བཅོས་བྱེད་དགོས་ཞུ་དུས། བོད་ཀྱི་འགོ་བྱེད་རྣམས་དང་གྲོས་བསྡུར་གྱི་ཐབས་ཤེས་ལ་བརྟེན་ནས་ཐག་གཅོད་རྒྱུ།

བཅུ་གཉིས་པ། སྔར་ཕན་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་དང་གོ་མིན་ཏང་ལ་ཉེ་འབྲེལ་བྱེད་པའི་དཔོན་རིགས་ནས། ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་དང་གོ་མིན་ཏང་དང་འབྲེལ་ཐག་མཐར་ཕྱིན་པ་བཅད་དེ། ད་ཕྱིན་ངོ་ལོག་དང་སྐྱོན་གནོད་མ་བྱས་ན་ལས་ཚན་རང་འཇགས་བྱེད་ཆོག་པར་སྔར་བྱས་ལ་བརྩད་གཅོད་མི་བྱེད།

བཅུ་གསུམ་པ། བོད་བསྐྱོད་ཀྱི་མི་དམངས་བཅིངས་བཀྲོལ་དམག་གི་གོང་གསལ་དོན་ཚན་རྣམས་ཀྱི་སྲིད་བྱུས་ལ་སྲུང་བརྩི་བྱེད་རྒྱུ་མ་ཟད། ཉོ་ཚོང་དྲང་བཞག་མི་དམངས་ཀྱི་ཁབ་སྐུད་ཙམ་ཡང་གང་བྱུང་མི་ལེན།

བཅུ་བཞི་པ། ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་བོད་ཀྱི་ས་གནས་སུ་བྱུང་བའི་ཕྱི་འབྲེལ་གྱི་ལས་དོན་མཐའ་དག་གཅིག་བསྒྲིལ་གྱི་སྒོ་ནས་བྱེད་རྒྱུ་དང་། འདྲ་མཉམ་གཉིས་ཕན།

ཕན་ཚུན་གྱི་མངའ་ཁུལ་དང་རང་བཙན་གྱི་དབང་ཆ་ལ་བརྩི་འཇོགས་ཐོག་ཉེ་འདབས་རྒྱལ་ཁབ་དང་ཞི་མཐུན་གྱིས་གནས་རྒྱུ་མ་ཟད། དྲང་འབྲེལ་གྱི་ཚོང་ལས་འཛུགས་རྒྱུ་དང་གོང་འཕེལ་དུ་གཏོང་རྒྱུ།

བཅོ་ལྔ་པ། གྲོས་མཐུན་འདི་ཉིད་ལག་ལེན་དུ་བསྟར་བའི་འགན་ལེན་ཕྱིར། ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་བོད་ལ་དམག་སྲིད་ཨུ་ཡོན་ལྷན་ཁང་དང་ས་གནས་དམག་སྒར་གྱི་དམག་སྤྱི་ཁང་འཛུགས་རྒྱུ་དང་། ཀྲུང་དབྱང་ནས་བཏང་བའི་ལས་བྱེད་མ་ཚད། བོད་ཁུལ་གྱི་ལས་བྱེད་ཡང་གང་མང་རུག་སྟེ་ལས་ཀ་བྱེད་རྒྱུ། དམག་སྲིད་ཨུ་ཡོན་ལྷན་ཁང་ནང་འགྲོ་མི་རྣམས་བོད་ཀྱི་ས་གནས་སྲི་གཞུང་དང་། ཡུལ་ཕྱོགས་སོ་སོ། དགོན་པ་གཙོ་ཆེ་བཅས་ནས་རྒྱལ་ཁབ་ལ་ཤ་ཞེ་ཡོད་པ། ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་བསྐོས་པའི་འཐུས་མི་དང་། གནད་ཡོད་ཀྱི་ཕྱོགས་ཚང་མ་མཉམ་གྲོས་ཐོག་ནས་མིང་ཐོ་ཕུལ་ཏེ་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་བསྐོ་གཞག་གནང་བ་ཞུ་རྒྱུ།

བཅུ་དྲུག་པ། དམག་སྲིད་ཨུ་ཡོན་ལྷན་ཁང་དང་། ས་གནས་དམག་སྤྱི་དང་། བོད་བསྐྱོད་ཀྱི་མི་དམངས་བཅིངས་བཀྲོལ་དམག་བཅས་ཀྱི་འགྲོ་སོང་ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་གཏོང་རྒྱུ། བོད་ཀྱི་ས་གནས་སྲིད་གཞུང་ནས་མི་དམངས་བཅིངས་བཀྲོལ་དམག་ལ་འབྲུ་དང་། གཞན་ཡང་ཉེར་མཁོ་སྒྲུབ་རྒྱུ། བསྐྱེལ་འདྲེན་བཅས་ལ་རོགས་རམ་བྱེད་རྒྱུ།

བཅུ་བདུན་པ། གྲོས་མཐུན་འདི་ཉིད་མིང་རྟགས་བཀོད་འཕྲལ་རྩ་བར་བཟུང་སྟེ་ལག་ལེན་བྱེད་རྒྱུ།

ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འཐུས་མི་དབང་ཆ་ཚང་མ་ཡོད་པ།

གཙོ་བོ་འཐུས་མི། རླིས་ཝུན་ཧན།

འཐུས་མི། ཀྲང་ཅིན་ཨུ།

ཀྲང་གོ་ཧྭ།

སུང་ཀྲི་ཡོན།

བོད་ཀྱི་ས་གནས་སྲིད་གཞུང་གི་འཐུས་མི་དབང་ཆ་ཚང་མ་ཡོད་པ།

གཙོ་བོ་འཐུས་མི། ང་ཕོད་ངག་དབང་འཇིགས་མེད།

འཐུས་མི། ཁེ་སྨད་བསོད་ནམས་དབང་འདུས།

ཐུབ་བསྟན་བསྟན་དར།

ཐུབ་བསྟན་ལེགས་སྨོན།

བསམ་ཕོ་བསྟན་འཛིན་དོན་གྲུབ།

     ༡༩༥༡ལོའི་ཟླ་༥ཚེས་༡༣ལ་པེ་ཅིན།

 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060