༡༩༤༩ལོའི་ཟླ་༡༠ཚེས་༡ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་དེ་ནི་ཀྲུང་གོའི་གསར་བརྗེར་ཐོབ་པའི་དུས་རབས་དབྱེ་བའི་རླབས་ཆེན་གྱི་རྒྱལ་ཁ་ཞིག་ཡིན་པས་དེ་ནས་བཟུང་ཀྲུང་གོའི་མི་དམངས་རྣམས་ཡར་ལངས་ཐུབ་པ་བྱུང་ཞིང་། ཀྲུའུ་ཞི་མའོ་ཙེ་ཏུང་གིས་གཟི་བརྗིད་ལྡན་པའི་ངང་“ཀྲུང་གོའི་མི་དམངས་ལ་ད་ནས་བཟུང་རང་ཉིད་ཀྱིས་ཀྲུང་དབྱང་སྲིད་གཞུང་བྱུང་བ་དང་སྲིད་གཞུང་འདི་ཉིད་ཀྱིས་ཐུན་མོང་རྩ་འཛིན་གཞིར་བཟུང་ཀྲུང་གོའི་མངའ་ཁོངས་སུ་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ལག་བསྟར་གྱིས་ཀྲུང་གོ་ཧྲིལ་པོར་བཅིངས་འགྲོལ་བཏང་སྟེ་གོང་བུ་གཅིག་གྱུར་གྱི་རླབས་ཆེན་བྱ་གཞག་སྒྲུབ་རྒྱུ་རེད”ཅེས་ཁྱབ་བསྒྲགས་གནང་ཡོད།
༡༩༥༠ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་དོ་ཟླ་མེད་ཅིང་གཞན་གྱིས་འགོག་ཤུགས་བྲལ་བའི་ངང་བོད་དང་ཐའེ་ཝན་ཕུད་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན། ཤིས་ཁམས། ཡུན་ནན་བཅས་ཀྱི་བོད་རིགས་ས་ཁུལ་ཚུད་པའི་ཀྲུང་གོ་ཡོངས་ཀྱི་ཞིང་ཆེན་དང་ས་ཁུལ་ཆེས་མང་ཆེ་བ་བཅིངས་འགྲོལ་བཏང་བ་རེད། བོད་ལྗོངས་མགྱོགས་མྱུར་བཅིངས་འགྲོལ་བཏང་སྟེ་མེས་རྒྱལ་སྐམ་ས་ཆེན་པོ་གཅིག་གྱུར་ཡོང་ཆེད་བོད་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བཅིངས་འགྲོལ་དམག་ལ་བོད་དུ་དཔུང་སྐྱོད་བྱ་རྒྱུའི་བཀའ་རྒྱ་བཏང་བ་དང་དུས་མཚུངས་བོད་ས་གནས་སྲིད་གཞུང་ལ་གྲོས་མོལ་བྱེད་མཁན་འཐུས་མི་པེ་ཅིན་དུ་གཏོང་དགོས་རྒྱུའི་བརྡ་ཐོ་གཅིག་མིན་གཉིས་མིན་བཏང་སྟེ་བོད་ལྗོངས་འདི་ཉིད་ཞི་བའི་སྒོ་ནས་བཅིངས་འགྲོལ་གཏོང་རྒྱུའི་དགོངས་བཞེས་གནང་རུང་བཙན་རྒྱལ་རིང་ལུགས་ཀྱི་ངན་སྐུལ་འོག་བོད་ཀྱི་དབང་འཛིན་ལས་ཁུངས་ཀྱི་ཉན་འཇོག་ལྟ་ཅི། ཆབ་མདོ་ས་ཁུལ་དུ་བོད་དམག་ཕོན་ཆེན་བཏང་ནས་མི་དམངས་བཅིངས་འགྲོལ་དམག་གིས་བོད་བཅིངས་འགྲོལ་གཏོང་རྒྱུར་བཀག་འགོག་བྱས་ཤིང་། གནས་བབ་འདི་ལྟ་བུའི་འོག་བཅིངས་འགྲོལ་དམག་གིས་༡༩༥༠ལོའི་ཟླ་༡༠ཚེས་༦ཉིན་ནས་འགོ་བཙུགས་ཏེ་འགྲོ་ལམ་ཁ་ཤས་བརྒྱུད་འབྲི་ཆུ་བརྒལ་ནས་བོད་ཀྱི་ཤར་ཕྱོགས་ཆབ་མདོ་ས་ཁུལ་བཅིངས་འགྲོལ་བཏང་བ་རེད།
༡༩༥༠ལོའི་ཟླ་༡༠ཚེས་༡༩ཉིན་ཆབ་མདོ་བཅིངས་འགྲོལ་བཏང་བ་དང་དེ་རྗེས་ཝང་ཆི་མའེ་ཡིས་ཧྲུའུ་ཅི་གནང་བ་དང་ང་དང་ཧུའེ་དབྱི་རན་གཉིས་ཀྱིས་ཧྲུའུ་ཅི་གཞོན་པ་བྱས་ཤིང་། ཁྲེན་ཅིན་པོ་དང་ཤ་ཀྲུང་ཡོན་རྣམ་གཉིས་ཀྱིས་ཨུ་ཡོན་གནང་བའི་ཀྲུང་གུང་བོད་ལས་དོན་ཨུ་ཡོན་ལྷན་ཁང་ཆབ་མདོ་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་དང་རེད། ཀྲུང་དབྱང་དང་ལྷོ་ནུབ་ཅུས་ཀྱི་མཛུབ་སྟོན་ལྟར་ང་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ནས་བོད་དོན་ཞི་གྲོས་ཡོང་བའི་བརྩོན་ལེན་མུ་མཐུད་བྱས་པ་ཡིན།
སྟག་བྲག་ངག་དབང་གསུང་རབས་ཀྱིས་སྲིད་སྐྱོང་དགོངས་པ་ཞུས་ཏེ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོས་ལུགས་གཉིས་ཐུགས་འགན་ཡོངས་སུ་བཞེས་རྗེས་བཀའ་ཤག་གིས་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་ཞི་གྲོས་གནང་རྒྱུའི་ཐག་གཅོད་དང་འབྲེལ་ཆབ་མདོར་ཡོད་པའི་ང་ཕོད་ངག་དབང་འཇིགས་མེད་ཀྱི་འཐུས་མི་གཙོ་བོ་གནང་རྒྱུ་གཏན་ལ་ཕབ་ཐོག དེ་མིན་སེར་སྐྱ་དཔོན་རིགས་རེ་མངགས་ཏེ་ཆབ་མདོ་ནས་པེ་ཅིན་ལ་བསྐྱོད་རྒྱུ་དང་། དེ་རྗེས་སླར་ཡང་སེར་སྐྱའི་འཐུས་མི་རེ་འཕར་མ་བཏང་སྟེ་རྒྱ་གར་དང་ཤང་ཀང་བརྒྱུད་དེ་པེ་ཅིན་དུ་བསྐྱོད་རྒྱུ་བྱས། གོང་གསལ་འགྲོ་ལམ་ཁག་གཉིས་ནས་ཞི་གྲོས་འཐུས་མི་ཁྱོན་མི་ལྔ་ཡོང་བ་རེད།
༡༩༥༡ལོའི་ཟླ་༣པའི་ཟླ་སྨད་དུ་ངས་ཀྲུང་དབྱང་ལྷོ་ནུབ་ཅུས་དང་ཀྲུང་གུང་བོད་ལས་དོན་ཨུ་ཡོན་ལྷན་ཁང་གི་བཀའ་སློབ་ལྟར་བོད་དོན་ཞི་གྲོས་འཐུས་མི་ཚོགས་པ་པེ་ཅིན་དུ་བསྐྱོད་རྒྱུར་ཕེབས་རོགས་ཞུ་བའི་འགན་འཁྱེར་བ་ཡིན། ཟླ་༣ཚེས་༢༧ཉིན་ང་ཚོ་ངོ་འཁོར་ཆབ་མདོ་ནས་རྡོག་ཐོན་གྱིས་པེ་ཅིན་ལ་བསྐྱོད་ཅིང་། བོད་ཀྱི་འཐུས་མི་ཚོགས་པའི་འཐུས་མི་གཙོ་བོ་ནི་བཀའ་བློན་ང་ཕོད་ངག་དབང་འཇིགས་མེད་ཡིན་པ་དང་འཐུས་མི་ གཞན་གཉིས་པོ་ནི་སྣེ་མགྲོན་ཐུབ་བསྟན་ལེགས་སྨོན་དང་བསམ་ཕོ་བསྟན་འཛིན་དོན་གྲུབ་ཡིན། ད་དུང་མཉམ་བསྐྱོད་གྲས་སུ་ང་ཕོད་ཀྱི་སྐུ་ཟླ་དང་རྩེ་མགྲོན་རྒྱལ་མཚན་ཕུན་ཚོགས་སོགས་ཡོད། སྐབས་དེར་ཁྲོན་བོད་གཞུང་ལམ་དཀར་མཛེས་བར་མ་གཏོགས་བཟོ་ཐུབ་མེད་སྟབས་ང་ཚོ་ངོ་འཁོར་རྟ་བཞོན་ནས་རི་མཐོ་གཡང་གཟར་བརྒལ་བ་དང་ཁ་རླུང་འཚུལ་པོའི་ཁྲོད་དུ་བསྐྱོད་རྒྱུ་ལས་མ་འདས།
ཉིན་བཅུ་ལྷག་ཙམ་དཀའ་བ་སྤྱད་རྗེས་དེ་སྔའི་ཤིས་ཁམས་ཞིང་ཆེན་ཁོངས་ཀྱི་དཀར་མཛེས་རྫོང་མཁར་དུ་འབྱོར་ཞིང་ཁུལ་དེ་ནི་བོད་དུ་དཔུང་འཇུག་བྱེད་མཁན་གཙོ་ཤུགས་དམག་དཔུང་དམག་སྡེ་ཅུན་བཅོ་བརྒྱད་པའི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་གནས་གཞི་ཡིན་པས་ང་ཚོ་དེར་འབྱོར་སྐབས་དམག་སྡེ་ཅུན་བཅོ་བརྒྱད་པའི་དབུ་ཁྲིད་དང་ས་གནས་དེ་གའི་ཏང་སྲིད་དེ་བཞིན་ལས་རིགས་ཁྲག་གི་འཐུས་མི་ཚོ་བཅས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་དང་བྱམས་བརྩེ་ལྡནཔ་འི་སྣེ་ལེན་གནང་བྱུང་། བོད་ཀྱི་འཐུས་མི་ཚོས་གནས་ཚུལ་དེ་རིགས་གཟིགས་རྗེས་དྲོ་སྐྱིད་བསམ་ཡུལ་ལས་འདས་པའི་བྱ་བ་ཞིག་ཏུ་བརྩིས་ཀྱི་ཡོད་པ་རེད།
དཀར་མཛེས་ནས་རྡོག་ཐོན་བྱེད་སྐབས་བོད་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལས་དོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་ཀྲུའུ་རེན་བློ་མཐུན་ལུའུ་ཡུས་ཧུང་འཕར་མ་མངགས་ཏེ་ང་དང་མཉམ་དུ་འཐུས་མི་ཚོགས་པར་ཕེབས་རོགས་ཞུས། དེ་ནས་བཟུང་ང་ཚོ་གཞི་ནས་རླངས་འཁོར་ལ་སྡོད་རྒྱུ་བྱུང་།
དར་རྩེ་མདོ་དང་། ཅ་ཨན། ཁྲེན་ཏུའུ་བཅས་བརྒྱུད་ཁྲུང་ཆིང་ལ་འབྱོར་ཞིང་། སྐབས་དེའི་ཁྲུང་ཆིང་ནི་ཏེང་ཞའོ་ཕིང་གིས་ཧྲུའུ་ཅི་གནང་བའི་ཀྲུང་དབྱང་ལྷོ་ནུབ་ཅུས་དང་། ལིའུ་པོ་ཁྲེན་གྱིས་ཀྲུའུ་ཞི་གནང་བའི་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་། ཧོ་ལུས་གིས་སི་ལིང་ཡོན་གནང་བའི་ལྷོ་ནུབ་དམག་ཁུལ་སི་ལིང་པུའུ་བཅས་ཀྱི་གནས་ཡུལ་ཡིན་པ་དང་། ཡུན་ནན་དང་ཀུའེ་ཀྲོའུ། སི་ཁྲོན། ཤིས་ཁམས། བོད་བཅས་ཞིང་ཆེན་དང་ས་ཁུལ་ལྔ་ལ་འགོ་ཁྲིད་བྱེད་པའི་ལྟེ་གནས་རེད།
ལོ་གཅིག་གི་གོང་ཁྲུང་ཆིང་བཅིངས་འགྲོལ་བཏང་མ་ཐག་ང་ལ་སྤྱི་ཁྱབ་སི་ལིང་ཀྲུའུ་ཏེས་བཏང་གནང་བའི་གློག་འཕྲིན་ཞིག་འབྱོར་ཏེ་ང་ཚོས་བོད་སོགས་ལ་ས་འོག་གི་ལས་ཀ་བྱས་པར་འཚམས་འདྲི་གནང་བ་མ་ཟད་། འཕྲལ་དུ་ཁྲུང་ཆིང་ལ་ཡོང་ནས་ལིའུ་པོ་ཁྲེན་སོགས་འགོ་ཁྲིད་ལ་ལས་དོན་སྙན་སེང་ཞུ་དགོས་པའི་བཀའ་ཕབ་བྱུང་། དེར་བརྟེན་ངས་བཅིངས་འགྲོལ་གཏོང་རྒྱུའི་བོད་རིགས་ས་ཁུལ་ནས་ཁྲུང་ཆིང་དུ་བསྐྱོད་དེ་གཙོ་འཛིན་ལིའུ་པོ་ཁྲེན་དང་། ཏེང་ཞའོ་ཕིང་། ཧོ་ལུང་བཅས་ངོ་མཇལ་གྱིས་ང་ཚོས་ལོ་རབས་བཞི་བཅུའི་དུས་འགོ་ནས་བཟུང་བོད་དང་དེ་མིན་བོད་རིགས་ས་ཁུལ་དུ་གསར་བརྗེའི་བྱ་བ་སྤེལ་ལུགས་དང་བོད་ཀྱི་ཕྱོགས་གང་ཅིའི་གནས་ཚུལ་སྐོར་སོགས་སྙན་སེང་ཞུས་པ་དང་། སྙན་སེང་ཞུས་རྗེས་ངས་བློ་མཐུན་ཞའོ་ཕིང་གི་མཛུབ་སྟོན་ལྟར་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་གྲོས་འགོ་ཁ་ཤས་བཏོན་པ་ཡིན། ང་རང་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཀྲུང་གུང་བོད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་བཞག་གནང་བྱུང་། ལྷོ་ནུབ་ཅུས་སུ་བློ་མཐུན་ཞའོ་ཕིང་གིས་ཅུན་ཀྲང་ཀྲང་གོ་ཧྭ་ལ་ང་རང་མཚམས་འབྱོར་གནང་རྗེས་བློ་མཐུན་གོ་ཧྭ་ངེད་གཉིས་མཉམ་དུ་གནམ་གྲུར་བསྡད་དེ་དམག་སྡེ་ཅུན་བཅོ་བརྒྱད་པའི་སྤྱི་ཁྱབ་བཀོད་འདོམས་པུའུ་གནམ་གྲུར་བསྡད་དེ་དམག་སྡེ་ཅུན་བཅོ་བརྒྱད་པའི་སྤྱི་ཁྱབ་བཀོད་འདོམས་པུའུ་གནས་ཡུལ་ཤིན་ཅིན་རྫོང་དུ་བསྐྱོད་པ་ཡིན། ངས་ལྷོ་ནུབ་བོད་སྐྱོད་དཔུང་སྡེའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་འཁྱེར་བར་བརྟེན་དེ་སྔོན་ངས་ངོ་སྦྱོར་བྱས་པའི་འབའ་ཐང་ཁུལ་གྱི་ས་འོག་གུང་ཁྲན་ཏང་གི་བོད་རིགས་ལས་བྱེད་པ་ཕོན་ཆེན་དེ་དག་དེ་ནས་བཟུང་ང་དང་མཉམ་དུ་བོད་ལ་དཔུང་འཇུག་བྱེད་པའི་ལས་དོན་ནང་ཞུགས་པ་རེད། དེས་ན་ང་བསྐྱར་དུ་ཁྲུང་ཆིང་ལ་སླེབས་སྐབས་བྱམས་བརྩེའི་ཚོར་སྣང་དེ་བས་ཆེན་པོ་ཡོང་གི་འདུག ངས་ལྷོ་ནུབ་ཅུས་ཀྱི་འགོ་ཁྲིད་བློ་མཐུན་ལ་དེང་སང་གི་ཆབ་མདོའི་གཡུལ་སའི་གནས་བབ་དང་བོད་དོན་ཞི་གྲོས་འཐུས་མིའི་གནས་ཚུལ་སྙན་སེང་ཞུས་རྗེས་འགོ་ཁྲིད་བློ་མཐུན་ཚོས་འཐུས་མི་ཚོགས་པ་ཕེབས་འབྱོར་ཟིན་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་གནང་བ་དང་སྦྲགས་བློ་མཐུན་ཞའོ་ཕིང་གིས་འཐུས་མི་རྣམ་པར་ཐུགས་སྣང་གཤིན་པོའི་སྒོ་ནས་མཇལ་འཕྲད་དང་དུས་ཡུན་རིང་པོའི་བཀའ་མོལ་གནང་སྟབས་ཁོང་ཚོའི་དོགས་འཆར་མང་པོ་སེལ་ཐུབ་པའི་ཁར་བོད་ཞི་བས་བཅིངས་འགྲོལ་གཏོང་ཕྱོགས་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་སྔར་བས་ཤེས་རྟོགས་ཐུབ་པ་བྱུང་བ་རེད།
ང་ཚོ་ཁྲུང་ཆིང་དུ་འབྱོར་སྐབས་དཔྱིད་ཟླ་བཞི་པའི་ནང་ཡིན་གཤིས་མི་ཚང་མ་དབྱར་ཆས་གྱོན་འདུག་ཀྱང་བློན་མཐུན་ལུའུ་ཡུས་ཧུང་ང་གཉིས་ཀྱིས་གྱོན་པའི་དམག་ཆས་ནི་སྔར་བཞིན་ཆབ་མདོའི་གཡུལ་སར་གྱོན་པའི་མཐུག་ཅིང་བཙོག་པའི་ཚ་རུའི་དམག་ཆས་དེ་ཡིན་པས་ལྷོ་ནུབ་དམག་ཁུལ་གྱི་སི་ལིང་ཡོན་གཞོན་པ་ལི་ཏ་ཡིས་གཟིགས་རྗེས་དེ་འཕྲལ་ངེད་གཉིས་ལ་འགོ་སྣམ་གྱི་དམག་ཆས་ས་མདོག་གསར་རྐྱང་ཞིག་བརྗེ་རུ་བཅུག་གནང་བྱུང་།
ཟླ་༤ཚེས་༢༠ཉིན་ཆེད་གཏོང་གནམ་གྲུར་བསྡད་དེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་བསམ་པ་ཕྱོགས་སའི་རྒྱལ་ས་པེ་ཅིན་དུ་བསྐྱོད་ཅིང་། སྐབས་དེར་ང་ཚོ་ངོ་འཁོར་སོ་སོའི་བསམ་ཚུལ་གཅིག་པ་མིན་པ་སྟེ་བོད་དོན་ཞི་གྲོས་འཐུས་མི་ཚོས་ཞི་གྲོས་བྱེད་རིང་འཕྲད་སྲིད་པའི་གནད་དོན་དང་དེ་བཞིན་ཞི་གྲོས་བྱས་པའི་མཇུག་འབྲས་ལ་བརྣོ་བསམ་གཏོང་བ་དང་། ང་དང་བློ་མཐུན་ལུའུ་ཡུས་ཧུང་གཉིས་ནི་སྔར་ན་མེད་པའི་སེམས་འགུལ་དང་དགའ་སྤྲོ་དཔག་མེད་སྐྱེས་ཀྱི་འདུག གང་ལགས་ཤེ་ན། ཡུན་རིང་མཇལ་འདོད་བྱེད་པའི་མའོ་ཀྲུའུ་ཞི་དང་སྤྱི་ཁྱབ་སི་ལིང་ཡོན་ཀྲུའུ་ཏེ་རྣམ་གཉིས་མགྱོགས་མྱུར་མཇལ་གྲབས་ཡོད་བསམ་པ་དང་ཞི་གྲོས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་འཐོབ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་པས་རེད། ང་ཚོ་གནམ་གྲུར་བསྡད་དེ་ལམ་ཕྱེད་ཙམ་ལ་སླེབས་སྐབས་པེ་ཅིང་ནས་གློག་འཕྲིན་ཞིག་འབྱོར་བྱུང་བ་དེའི་ནང་ཀྲུང་དབྱང་གིས་པེ་ཅིན་མེ་འཁོར་བབས་ཚུགས་སུ་བོད་དོན་ཞི་གྲོས་འཐུས་མི་ཚོགས་པར་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ཤིག་སྤེལ་རྩིས་ཡོད་པས་ཁྱེད་ཚོ་ཡུད་ཙམ་ཞི་ཨན་དུ་བབས་ནས་མེ་འཁོར་དུ་བསྡད་དེ་པེ་ཅིན་དུ་ཡོང་དགོས་ཞེས་འཁོད་འདུག
ཞི་ཨན་གནམ་གྲུ་ཐང་དུ་ནུབ་བྱང་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབང་ཧྥུང་སོགས་ང་ཚོས་བསུ་བར་ཕེབས་བྱུང་ཞིང་དེ་ཉིད་དགོང་མོར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་དང་མགྲོན་རོགས་ཕེབས་མཁན་གྲས་སུ་ད་དུང་བོད་རིགས་ཀྱི་མི་སྣ་གྲགས་ཅན་དགེ་བཤེས་ཤེས་རབ་རྒྱ་མཚོའང་ཕེབས་ཡོད། ཕྱི་ཉིན་ང་ཚོས་ཆེད་གཏོང་མེ་འཁོར་ལ་བསྡད་དེ་ཞི་ཨན་ནས་རྡོག་ཐོན་བྱས་པ་ཡིན།
ཟླ་༤ཚེས་༢༢ཉིན་པེ་ཅིན་གྱི་མེ་འཁོར་བབས་ཚུགས་སུ་ཙུང་ལི་ཀྲོའུ་ཨེན་ལའེ་དང་། ཙུང་ལི་གཞོན་པ་ཀུའོ་མོ་རུའོ། དྲུང་ཡིག་ཆེན་མོ་བ་ལིན་པོ་ཆུས། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཝུའེ་ཧན་སོགས་ཀྲུང་དབྱང་འགོ་ཁྲིད་དང་། ལས་རིགས་ཁག་གི་མི་སྣ། དེ་བཞིན་པེ་ཅིན་དུ་ཡོད་པའི་བོད་རིགས་སྤུན་ཟླ་དང་སྤུན་ཟླའི་མི་རིགས་ཁག་གཞན་དག་གི་འཐུས་མི་བརྒྱ་ཕྲག་ཁ་ཤས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་བྱུང་། བོད་ཀྱི་འཐུས་མི་ཚོས་ཙུང་ལིར་མཇལ་དར་ཕུལ་ཞིང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་སླེབས་ནས་གཟབ་ཅིང་རྒྱས་པའི་དགའ་བསུ་འདི་ལྟར་ཐོབ་པས་ཁོང་ཚོར་སེམས་འགུལ་ཚད་མེད་ཐེབས་པ་དང་མི་རིགས་ཁག་གི་མི་དམངས་ཚོའི་སྤུན་ཟླ་ལྟ་བུའི་མཛའ་མཐུན་གྱི་མྱོང་ཚོར་ཟབ་མོ་བྱུང་བ་རེད།
ང་ཚོ་པེ་ཅིན་མགྲོན་ཁང་དུ་བསྡད་ཅིང་། སྐབས་དེར་མགྲོན་ཁང་དེ་ནི་པེ་ཅིན་གྱི་མགྲོན་ཁང་ལེགས་ཤོས་ཡིན་ལ། འཚོ་བའི་ཐད་ཀྱང་གཟིགས་སྐྱོང་མ་ཁྱབ་པ་མེད་པ་བཀོད་སྒྲིག་གནང་འདུག་པས་སྐྱིད་པོ་ཞེ་དྲགས་བྱུང་།
ཟླ་༤ཚེས་༢༦ཉིན་རྒྱ་གར་དང་ཤང་ཀང་བརྒྱུད་ཕེབས་མཁན་བོད་དོན་ཞི་གྲོས་འཐུས་མི་གཞན་རྣམ་གཉིས་ཀྱང་རྒྱ་གར་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཆེན་མོའི་ལས་ཤག་གི་དཔོན་རིགས་ཚན་ཙན་ཧྲེང་ཅན་གྱི་ཕེབས་རོགས་འོག་པེ་ཅིན་དུ་ཕེབས་འབྱོར་གྱིས་ང་ཚོ་མཉམ་དུ་པེ་ཅིན་མགྲོན་ཁང་ལ་བཞུགས་ཤིང་། ཁོང་ཚོ་ནི་དམག་སྤྱི་ཁེ་སྨད་བསོད་ནམས་དབང་འདུས་དང་། དྲུང་ཡིག་ཆེན་མོ་བ་ཐུབ་བསྟན་བསྟན་དར། རྒྱ་སྐད་ཀྱི་ལོ་ཙཱ་བ་ཡབ་གཞིས་ཕུན་ཚོགས་བཀྲ་ཤིས། དབྱིན་སྐད་ཀྱི་ལོ་ཙཱ་བ་ས་འདུ་རིན་ཆེན་བཅས་རེད།
ཟླ་༤ཚེས་༢༨ཉིན་ཀྲོའུ་ཙུང་ལིས་གསོལ་སྟོན་བཤམས་ནས་བོད་ཀྱི་ཞི་གྲོས་འཐུས་མི་ཚོགས་པའི་ཁོངས་མི་ཡོངས་ལ་སྣེ་ལེན་གནང་བ་དང་གསོལ་སྟོན་ལ་གཞུག་མཁན་གྲས་སུ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ལི་ཅེ་ཧྲེང་དང་། སྲིད་དོན་ཁང་གི་ཙུང་ལི་གཞོན་པ་ཀའོ་མོ་རུའོ་དང་ཧོང་ཡན་ཕེ། དེ་བཞིན་ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་ཡོད་ཅིང་། གསོལ་སྟོན་ཐོག་ཐུགས་སྣང་གཤིན་པོའི་མཛའ་གྲོགས་ཀྱི་རྣམ་པས་ཁེངས་པ་དང་བོད་ཀྱི་འཐུས་མི་ཚོགས་པས་ཏཱ་ལའི་བླ་མའི་ཚབ་ཞུས་ཏེ་ཀྲོའུ་ཙུང་ལི་དང་མའོ་ཀྲུའུ་ཞི་རྣམ་གཉིས་ལ་མཇལ་དར་དང་འབུལ་ཚན་ཕུལ་སོང་།
ཟླ་༤ཚེས་༢༩ཉིན་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གཉིས་དབར་གྱི་ཞི་བའི་གྲོས་མོལ་གྱི་ཚོགས་འདུ་ཐེངས་དང་པོ་དེ་གཙོ་སྐྱོང་གནང་ཞིང་། ཙུང་ལིས་དང་ཐོག་ཀྲུང་དབྱང་ཕྱོགས་ཀྱི་འཐུས་མི་གཙོ་བོ་ནི་ལི་ཝུའེ་ཧན་ཡིན་པ་དང་། འཐུས་མིའི་གྲས་སུ་ཀྲང་ཅིན་ཝུའུ་དང་། ཀྲང་གོ་ཧྭ། སུན་ཀྲི་ཡོན་བཅས་ཡིན་པ་ཁྱབ་བསྒྲགས་གནང་ཐོག བློ་མཐུན་ལུའུ་ཡུས་ཧུང་ངེད་གཉིས་ཚོགས་འདུར་ཟུར་ཞུགས་བྱ་རྒྱུའི་གཏན་འཁེལ་ཡང་གནང་བྱུང་། བོད་ཕྱོགས་ཀྱི་འཐུས་མི་གཙོ་བོ་ནི་ང་ཕོད་ངག་དབང་འཇིགས་མེད་ཡིན་པ་དང་འཐུས་མིའི་གྲས་སུ་ཁེ་སྨད་བསོད་ནམས་དབང་འདུས་དང་། ཐུབ་བསྟན་བསྟན་དར། ཐུབ་བསྟན་ལེགས་སྨོན། བསམ་ཕོ་བསྟན་འཛིན་དོན་གྲུབ་བཅས་རེད། དེ་རྗེས་ཀྲོའུ་ཙུང་ལིས་ཏང་གི་མི་རིགས་སྲིད་ཇུས་དང་དེ་བཞིན་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་སྐོར་གྱི་བྱེད་ཕྱོགས་སྲིད་ཇུས་གསལ་བཤད་གནང་བ་མ་ཟད། ད་དུང་ཀྲུང་དབྱང་དང་བོད་ཀྱི་འཐུས་མི་ཚོར་ཕན་ཚུན་བསམ་པ་རྣམ་དག་དང་འབད་བརྩོན་ཆེར་བསྐྱེད་ཀྱི་ཞི་གྲོས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་འཐོབ་པ་བྱས་ཏེ་འདི་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་ལོག་ནས་ཐུན་མོང་ཐོག་ཀྲུང་གོ་གསར་པ་འཛུགས་སྐྲུན་བྱེད་དགོས་པའི་ལྷག་བསམ་ཟོལ་མེད་ཀྱི་རེ་འདུན་བཏོན་གནང་བ་རེད།
དེ་རྗེས་ཚོགས་འདུ་རིམ་འཚོགས་ནང་ཕྱོགས་གཉིས་ཀས་འབྲེལ་ཡོད་གནད་དོན་ཚང་མ་བཏོན་ནས་ཕྱོགས་སོ་སོའི་ལྟ་ཚུལ་དང་བསམ་འཆར་རྒྱས་བཤད་བྱས་ཤིང་། ཀྲུང་དབྱང་གི་འཐུས་མི་གཙོ་བོ་ལི་ཝུའེ་ཧན་གྱིས་ཚོགས་འདུ་འཚོགས་རིམ་བཞིན་དུ་ཀྲུང་གོ་གུང་ཁྲན་ཏང་གི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་ཚུལ་ཏེ་མི་རིགས་ཆེ་ཆུང་ལ་མ་བལྟོས་པར་ཚང་མ་འདྲ་མཉམ་ཡིན་པ་དང་། བཙན་རྒྱལ་རིང་ལུགས་ཀྱི་བོད་ལྗོངས་ཚུད་པའི་རང་རྒྱལ་གྱི་མི་རིགས་ཁག་ལ་བཙན་འཛུལ་དང་གཉའ་གནོན་བྱེད་པར་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལ་ཀྲུང་གོ་རྙིང་པའི་རྒྱལ་རབས་རིམ་བྱུང་གི་དབང་སྒྱུར་གྲལ་རིམ་དང་ལྷག་པར་དུ་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་གི་རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་མི་རིགས་གཉའ་གནོད་སྲིད་ཇུས་ལའང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལུགས་ཡང་ཡང་ནན་བཤད་གནང་བ་མ་ཟད། ཀྲུང་གོ་གསར་པས་ལག་བསྟར་བྱེད་པའི་མི་རིགས་ཁག་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། མཉམ་སྒྲུབ། ཐུན་མོང་ཐོག་གྲ་རྒྱས་སྟོབས་ལྡན་དུ་འགྱུར་བའི་སྲིད་ཇུས་དེ་དང་རྒྱལ་རབས་རིམ་བྱུང་གི་ལོག་སྤྱོད་དབང་སྒྱུར་པས་ལག་བསྟར་བྱེད་པའི་སྟོབས་ཆེ་བས་ཉམས་ཞན་ལ་བརྙས་བཅོས་གཏོང་བ་དང་། ཆེ་བས་ཆུང་བར་གཉའ་གནོན་བྱེད་པའི་མི་རིགས་མཐོང་ཆུང་དང་། དབང་དུ་འདུལ་བ། གཉའ་གནོད། རང་འདྲར་འགྱུར་བ་བཅས་ཀྱི་ལོག་སྤྱོད་ཀྱི་སྲིད་ཇུས་དབར་གྱི་མི་འདྲ་སའི་ངོ་བོ་རྒྱས་བཤད་གཏིང་ཟབ་གནང་བ་རེད། ཁོང་གིས་“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་མཐུན་སྒྲིལ་གྱིས་ཤིག་”ཅེས་པའི་མའོ་ཀྲུའུ་ཞིའི་འབོད་སྐུལ་ལ་གཞིགས་ནས་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་དམ་ཟབ་དང་། ཕན་ཚུན་རོགས་རམ་བྱས་ཏེ་ཐུན་མོང་ཐོག་མེས་རྒྱལ་ཁྱིམ་ཚང་ཆེན་པོ་འཛུགས་སྐྲུན་བྱ་རྒྱུ་དེ་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཚོའི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ཅེས་ནན་ཏན་གྱིས་མཛུབ་སྟོན་གནང་བ་རེད། བློ་མཐུན་ལི་ཝུའེ་ཧན་གྱིས་ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་མི་རིགས་ཁག་གི་ངལ་རྩོལ་མི་དམངས་ཀྱི་རྩ་བའི་ཁེ་ཕན་གྱི་ཚབ་བྱེད་མཁན་སྲིད་ཏང་ཞིག་ཡིན་པས་ས་བདག་ཆེན་པོ་དང་འབྱོར་ལྡན་གྲལ་རིམ་ཆེན་པོའི་ཁེ་ཕན་གྱི་ཚབ་བྱེད་མཁན་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་དང་ངོ་བོའི་ཐོག་ནས་ཁྱད་པར་ཡོད་ཅིང་། མདོར་ན། མི་རིགས་ཤིག་གིས་མི་རིགས་གཞན་ཞིག་ལ་དབང་སྒྱུར་དང་གཉན་གནོན་བྱེད་པ་ནི་གུང་ཁྲན་ཏང་གི་རྩ་དོན་དང་མཐུན་ཐབས་གཏན་ནས་མེད་པ་ཞིག་རེད་ཅེས་གསལ་བར་བཏོན་གནང་བ་རེད།
བོད་ཀྱི་ཞི་གྲོས་འཐུས་མི་ཚོགས་པའི་ཕྱོགས་ནས་ལོ་རྒྱུས་དང་ད་ཡོན་ཀྱི་རྒྱུ་རྐྱེན་སྣ་ཚོགས་དང་ལྷག་པར་དུ་དུས་ཡུན་རིང་པོར་ཕྱི་ཕྱོགས་དང་འབྲེལ་བ་མི་བྱེད་པའི་རྙིང་ཞེན་བག་ཁུམ་གྱི་རྐྱེན་པ་ཁོང་ཚོས་བློ་མཐུན་ལི་ཝུའེ་ཧན་གྱི་གོང་གསལ་རྒྱས་བཤད་གནང་བའི་རྩ་དོན་དང་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་དགོས་ངེས་ཀྱི་ཤེས་རྟོགས་དང་གོ་བ་ལེན་མ་ཐུབ་པར་རང་ཕྱོགས་ཀྱི་ལྟ་ཚུལ་དང་དགོས་འདུན་དྲངས་སྐབས་ཀྲུང་དབྱང་གི་དགོངས་དོན་དང་དགོས་འདུན་བར་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་རེད། བོད་ཀྱི་འཐུས་མི་རེ་ཟུང་གིས་ཆབ་མདོའི་གཡུལ་འགྱེད་རྗེས་དང་དེ་བཞིན་པེ་ཅིན་དུ་སླེབས་པའི་དུས་མཚམས་དེའི་ནང་ཁོང་ཚོའི་བསམ་བློར་ངོས་འཛིན་གསར་པ་དང་བློ་སྒོ་གསར་པ་ཕྱེ་ཐུབ་པ་བྱུང་ཡོད་ཀྱང་འཐུས་མི་ཚོགས་པའི་ཁོང་མིའི་ངོས་ནས་བཤད་ན། ཁོང་ཚོར་བོད་ཀྱི་དབང་འཛིན་ལས་ཁུངས་ཀྱིས་བཀོད་མངགས་བྱས་པའི་ལྟ་བ་དང་དགོས་འདུན་དེ་དག་གྲོས་མོལ་བྱེད་སྐབས་འགྱུར་བ་མེད་པར་རྒྱས་བཤད་བྱེད་དགོས་ཀྱི་ཡོད་པ་རེད། དེ་ནི་ཞི་གྲོས་ཐོག་མར་བྱེད་སྐབས་འཕྲད་པའི་གཞི་རྩའི་དཀའ་གནད་དེ་ཡིན་ཞིང་། དོན་དེར་གཞིགས་ནས་ཚོགས་འདུའི་ཕྱི་ནང་གང་ཡིན་ལ་ཀྲོའུ་ཙུང་ལི་སོགས་ཀྲུང་དབྱང་འགོ་ཁྲིད་པས་བཀའ་མོལ་ཐེངས་མང་གནང་བ་དང་ལྷག་པར་དུ་བློ་མཐུན་ལི་ཝུའེ་ཧན་གྱིས་ངང་རྒྱུད་རིང་པོས་གསལ་བཤད་གནང་བ་རེད། ཁོང་གིས་སྦ་གསང་མེད་པའི་སྒོ་ནས་རྒྱལ་རབས་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་གི་མི་རིགས་གཉའ་གནོན་གྱི་སྲིད་ཇུས་ལག་ལེན་བསྟར་སྟབས་བོད་ཕྱོགས་ཀྱིས་ད་ལྟ་བར་དོགས་ཟོན་ཆེར་བསྐྱེད་བྱེད་པའི་རྣམ་འགྱུར་དང་དོགས་འཆར་སྣ་ཚོགས་སྐྱེས་པ་ནི་ཐུགས་ཁག་གཏན་ནས་མེད་པ་ཞིག་རེད། འོན་ཀྱང་ང་ཚོ་གུང་ཁྲན་ཏང་གི་སྲིད་ཇུས་ཁག་གསལ་བཤད་བྱས་པ་ལྟར་ད་ལྟའི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཀྲུང་གོ་རྙིང་པའི་ཀྲུང་དབྱང་སྲིད་གཞུང་གི་ནོར་འཁྲུལ་དེ་དག་གཏན་ནས་སྐྱར་ཟློས་བྱེད་མི་སྲིད་པ་དེའི་ཐད་སླད་ཕྱིན་གྱི་ལོ་ཟླའི་ནང་ལག་ལེན་དངོས་ཀྱིས་ར་སྤྲོད་བྱེད་ཀྱི་རེད་ཅེས་མཛུབ་སྟོན་གནང་སོང་། ཀྲུང་དབྱང་གི་འཐུས་མི་ཚོས་ལྷག་བསམ་ཟོལ་མེད་ཀྱི་བཀའ་མོལ་ཐེངས་མང་གནང་རྗེས་བོད་ཀྱི་འཐུས་མི་ཚོས་ཀྲུང་དབྱང་གི་དགོངས་དོན་ལ་རིམ་བཞིན་ངོས་འཛིན་ཐུབ་པ་བྱུང་སྟེ་ཐོག་མའི་ལྟ་སྟངས་འགྱུར་ནས་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་བསམ་འཆར་དེ་དག་མུ་མཐུད་ཨུ་ཚུགས་བརྒྱབ་མེད་པ་རེད།
གནས་ཚུལ་དེ་ལྟར་ཡིན་རུང་ཞིབ་ཕྲའི་དོན་ཚན་ལ་ཐུག་སྐབས་རྩོད་གཞི་ཡང་ཡང་ཐུག་གི་ཡོད་པ་དཔེར་ན། བཅིངས་འགྲོལ་དམག་བོད་དུ་དཔུང་འཇུག་བཅའ་སྡོད་བྱ་རྒྱུའི་གནད་དོན་ཐོག་བོད་ཀྱི་དབང་འཛིན་ལས་ཁུངས་ཀྱི་དོགས་འཆར་ཆེན་པོ་སྐྱེས་ནས་དགོས་འདུན་ཁང་གཅིག་བཏོན་པ་རེད། དེའི་ཐད་ཀྲུང་དབྱང་ཕྱོགས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནི་མི་རིགས་ཁག་གི་མི་དམངས་ཚོའི་ཁེ་ཕན་སྲུང་སྐྱོང་བྱེད་མཁན་བུ་ཕྲུག་དམག་ཡིན་པས་བོད་ལ་དཔུང་འཇུག་བྱེད་པ་ནི་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་མཐར་སྐྲོད་བཏང་སྟེ་རྒྱལ་སྲུང་སྲ་བརྟན་ཡོང་བའི་ཆེད་དུ་ཡིན་གཤིས། བཙན་རྒྱལ་རིང་ལུགས་སྣ་ཚོགས་དང་རྒྱལ་རབས་རིམ་བྱུང་གི་བཀས་བཀོད་རྒྱུད་འཛིན་སྲིད་དབང་སྒེར་འཛིན་རིང་ལུགས་ཀྱིས་དབང་བསྒྱུར་པའི་དམག་དཔུང་དང་ངོ་བོའི་ཐོག་ཁྱད་པར་ཡོད་པ་གསལ་བཤད་བྱས་པར་བརྟན་ཁོང་ཚོ་རིམ་བཞིན་དོགས་པ་སེལ་ཐུབ་པ་བྱུང་བ་རེད།
དེ་བཞིན་བོད་ཕྱོགས་ནས་“བོད་ལ་མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་རྒྱུ་”དང་“བོད་དུ་ད་ལྟ་ལག་ལེན་བསྟར་བཞིན་པའི་ལམ་ལུགས་ཁག་ལ་འགྱུར་བ་གཏན་ནས་གཏོང་གི་མིན”ཞེས་པའི་དོན་ཚན་གཉིས་པོའི་བར་ལ་འགལ་བ་ཡོད་ལུགས་བཏོན་ཞིང་། དེའི་སྐོར་ཀྲུང་དབྱང་ཕྱོགས་“བོད་ལ་བཅོས་བསྒྱུར་བྱ་རྒྱུའི་སྐོར་ཀྲུང་དབྱང་གིས་བཙན་ཤེད་མི་བྱེད་པར་མི་དམངས་ཀྱིས་རེ་བ་བཏོན་མཚམས་བོད་ཀྱི་འགོ་ཁྲིད་མི་སྣ་དང་གྲོས་མོལ་བྱས་ཏེ་གཏན་འཁེལ་བྱ་རྒྱུ་རེད”ཅེས་གསལ་བཤད་གནང་བ་རེད།
རྩོད་གཞི་ཆེ་ཤོས་ཐུག་ས་ཞིག་ནི་ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་དབར་གྱི་གོ་བབ་དང་དེ་བཞིན་བཀའ་ཤག་དང་པཎ་ཆེན་ནང་སྒང་དབར་གྱི་འབྲེལ་བའི་གནད་དོན་སྐོར་ཡིན་ཅིང་དེ་སྐོར་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་ལ་གཞིགས་ཏེ་བློ་མཐུན་ལི་ཝུའེ་ཧན་དང་སུན་ཀྲི་ཡོན་རྣམ་གཉིས་ཀྱིས་གནད་དོན་འདིར་འཛིན་པའི་ང་ཚོའི་རྩ་དོན་ཏེ། རྒྱལ་རབས་རིམ་བྱུང་གི་དབང་སྒྱུར་པ་ལྟར་བོད་ནང་ཁུལ་དུ་ཆོས་སྲིད་གཉིས་ཀྱི་གཙོ་འཛིན་དབར་གྱི་འགལ་ཟླ་བེད་སྤྱད་དེ་རང་ཉིད་ཀྱི་དབང་སྒྱུར་གྱི་དམིགས་ཡུལ་སྒྲུབ་ཐབས་གཏན་ནས་བྱེད་ཀྱི་མ་རེད་ཅེས་འགྲེལ་བཤད་གནང་བ་མ་ཟད། པཎ་ཆེན་རིན་པོ་ཆེའི་གོ་བབ་དང་དབང་ཆ་སླར་གསོ་བྱེད་དགོས་ཞེས་པ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པ་རྣམ་གཉིས་ཐུགས་མཐུན་པོ་ཡོད་སྐབས་ཀྱི་གོ་བབ་དང་དབང་ཆར་ཟེར་གྱི་ཡོད་པ་གསལ་བཤད་ཀྱང་གནང་བ་དང་དེ་བཞིན་ཆབ་སྲིད་ཀྱི་གོ་བབ་ཐད་ཏཱ་ལའི་བླ་མ་བགྲེས་པ་གནང་རྒྱུ་དང་། པཎ་ཆེན་རིན་པོ་ཆེ་གཞོན་པ་གནང་རྒྱུ་དེ་ལུགས་མཐུན་གྱི་སྒོ་ནས་གཏན་འབེབས་གསལ་པོ་གནང་བ་རེད། ཡང་ནས་ཡང་དུ་གསལ་བཤད་དང་འགྲེལ་བཤད་གནང་སྟབས་མཐར་དེའི་ཐད་བོད་ཕྱོགས་ཀྱི་འཐུས་མི་ཚོའི་དོགས་པ་རྩ་བའི་ཆ་ནས་སེལ་ཐུབ་པ་བྱུང་སོང་། འོན་ཀྱང་བོད་དུ་དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་གནད་དོན་ཐད་ཕྱོགས་འགལ་ཧ་ཅང་ཆེན་པོ་ཐོན་ཞིང་། བློ་མཐུན་ལི་ཝུའེ་ཧན་གྱིས་གནད་དོན་དེར་གྲོས་མོལ་མ་བྱས་གོང་དེའི་ཐད་འཐུས་མི་གཙོ་བོ་ང་ཕོད་དང་བཀའ་མོལ་གནང་ཡོད་ཀྱང་ཚོགས་འདུའི་ཐོག་བོད་ཀྱི་འཐུས་མི་གཞན་དག་གིས་ངོ་རྒོལ་བྱ་རྒྱུའི་བསམ་འཆར་བཏོན་པ་རེད། ཁོང་ཚོས་དམག་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དེ་ནི“བོད་སྲིད་གཞུང་གི་གཉའ་ཐོག་ཏུ་སླར་ཡང་མི་ཞིག་བཞོན་པ་དང་”གཉིས་སུ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་པས་དེའི་ཐོག་ནས་ཞི་གྲོས་འབྱུང་ཐབས་ཐོར་ཉེར་ཐུག་པ་རེད། ངས་གནད་དོན་གྱི་འབྱུང་རྐྱེན་དང་གོ་ནོར་ཤོར་བའི་རྩ་བ་ཤེས་རྗེས་ང་ལ་སེམས་འཚབ་ཧ་ཅང་ཆེན་པོ་སྐྱེས་བྱུང་། དེར་བརྟེན་ངས་བོད་ཀྱི་འཐུས་མི་སོ་སོར་དཔེས་བཏོན་གྱི་འགྲེལ་བཤད་དང་གསལ་བཤད་བྱས་ཏེ་བོད་ལ་དེ་ལྟར་ཡིན་པ་མ་ཟད། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ལྗོངས་གཞན་དག་ཚང་མར་ཡང་བར་བརྒལ་རང་བཞིན་གྱི་དམག་སྲིད་ཨུ་ཡོན་ལྷན་ཁང་བཙུགས་ལུགས་བཤད་པ་ཡིན། འོན་ཀྱང་ཁོ་ཚོའི་དོགས་གནད་སྔར་བཞིན་སེལ་དཀའ་ཞིང་མཐའ་མཇུག་ངས་གལ་སྲིད་བོད་ཀྱི་དམག་སྲིད་ཨུ་ཡོན་ལྷན་ཁང་ནི“བོད་གཞུང་གི་གཉའ་ཐོག་ཏུ་བཞོན་པའི་མི་ཞིག་ཡིན་པར”ངོས་འཛིན་བྱེད་ཀྱི་ཡོད་ན་མི་དེ་ནི་གཞན་དག་མིན་པར་བོད་གཞུང་གི་གཙོ་འཛིན་ཏཱ་ལའི་བླ་མ་མཆོག་རང་རེད། གང་ཡིན་ཞེ་ན། དམག་སྲིད་ཨུ་ཡོན་ལྷན་ཁང་དེའི་ཀྲུའུ་ཞི་ཏཱ་ལའི་བླ་མ་མཆོག་གིས་གནང་རྒྱུ་དང་། པཎ་ཆེན་རིན་པོ་ཆེ་དང་ཀྲང་གོ་ཧྭ་རྣམ་གཉིས་ཀྱིས་ཀྲུའུ་ཞི་གཞོན་པ་གནང་རྒྱུར་ཀྲུང་དབྱང་གིས་དམིགས་འཛུགས་གནང་རྒྱུ་ཡིན་པ་པུའུ་ཀྲང་ལི་ཝུའེ་ཧན་གྱིས་གསལ་ཐག་ཆོད་གསུང་མྱོང་བ་རེད་ཅེས་དང་ད་དུང་ངས་དོན་དེར་ངོ་རྒོལ་ཤུགས་ཆེ་ཤོས་བྱེད་མཁན་ཁེ་སྨད་བསོད་ནམས་དབང་འདུས་དང་ཐུབ་བསྟན་བསྟན་དར་གཉིས་ལ་“འོ་ན་མི་གཅིག་གིས་རང་གིས་རང་གི་གཉའ་ཐོག་ཏུ་བཞོན་སྲིད་ཀྱི་རེད་དམ”ཞེས་ཕར་འདྲི་བ་བཏོན་པ་ཡིན། ཚོགས་འདུ་མ་འཚོགས་པའི་བར་གསེང་ལ་ཞིབ་ཚགས་ཤིང་ངང་རིང་གི་འགྲེལ་བཤད་བརྒྱབ་རྗེས་མཐར་ཁོ་ཚོས་བོད་ཀྱི་དམག་སྲིད་ཨུ་ཡོན་ལྷན་ཁང་གི་གནས་བབ་དང་། ངོ་བོ། འགན་དབང་བཅས་གསལ་པོ་ཤེས་ཐུབ་པ་བྱུང་བ་རེད།
རྙོག་འཛིང་ཆེ་བའི་རྒྱལ་ཕྱི་རྒྱལ་ནང་གི་ལོག་སྤྱོད་སྟོབས་ཤུགས་སྣ་ཚོགས་ཀྱིས་ཐེ་ཇུས་བྱས་རྐྱེན་མཇུག་འབྲས་ངན་པ་ཐོན་སྲིད་ཉེན་ལ་གཞིགས་ནས་གནད་དོན་ཁག་གཅིག་དོན་དངོས་ཐོག་བོད་ས་གནས་སྲིད་གཞུང་ལ་གློག་འཕྲིན་ཐོག་ནས་ཚིག་བསྡུས་པོར་འགྲེལ་བཤད་རྒྱག་དཀའ་ཞིང་ལྷག་པར་དུ་འཕྲིན་གཏོང་གི་ཆ་རྐྱེན་ཞན་པར་བརྟེན་བོད་ཀྱི་འཐུས་མི་ཚོགས་པས་དོན་དག་ཡོད་ཚད་དུས་ཐོག་ཏུ་དགོངས་སྐོར་ཞུ་ཐུབ་ཀྱི་མེད་པ་རེད། དམིགས་བསལ་གྱི་གནས་ཚུལ་དེ་རིགས་འོག་ལོ་རྒྱུས་ལ་འགན་འཁུར་ཆེད་དབང་ཆ་ཚང་མ་ཡོད་པའི་ཞི་གྲོས་ཀྱི་འཐུས་མི་རྣམས་ཀྱིས་རང་ཉིད་ཀྱི་འགན་དབང་ལག་བསྟར་ཡག་པོ་བྱེད་ཆེད་གྲོས་དོན་གྱི་ཟུར་གཏོགས་ཡིག་ཆ་ཚུད་པའི་དགོས་ངེས་ཀྱི་ཐུགས་ཐག་བཅད་གནང་བ་རེད།
མདོར་ན། བོད་བཅིངས་འགྲོལ་གཏོང་བ་དང་མེས་རྒྱལ་གཅིག་གྱུར་ཡོང་བ་ནི་དུས་བབ་ཀྱི་འཕེལ་ཕྱོགས་དང་མི་སེམས་གཏན་ཕྱོགས་ཤིག་ཡིན་ལ་ཀྲུང་དབྱང་གིས་གཏན་ལ་ཕབ་ཟིན་པའི་བྱེད་ཕྱོགས་ཀྱང་ཡིན་ཞིང་། གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་དེའི་འོག་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུར་བརྩོན་ལེན་ཐུབ་ན་ཀྲུང་དབྱང་དང་ཡང་སྒོས་བོད་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་དེར་ངོས་འཛིན་དང་གོ་བ་ལེན་རྒྱུ་དེ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། འགག་གནད་ལ་ཐུག་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་མི་སུ་འདྲ་ཞིག་གི་རྣམ་འགྱུར་མཚོན་ཚུལ་ལ་རག་ལས་པ་ཞིག་མ་ཡིན་པར་དེ་ནི་སྐབས་དེའི་གསར་བརྗེའི་ལོ་རྒྱུས་ཧྲིལ་པོའི་འཕེལ་རིམ་ལྡོག་མེད་དུ་སླེབས་ཡོད་པས་རེད། དེར་བརྟེན་བོད་ཀྱི་འཐུས་མི་ནང་རྙིང་ཞེན་གྱི་མི་རེ་གཉིས་ཡོད་རུང་དོན་དངོས་ཀྱི་མདུན་དུ་ཞི་གྲོས་ཚད་ངེས་ཅན་ཞིག་ཏུ་སླེབས་སྐབས་ཁྱོན་ཡོངས་ལ་ལྟ་ཐུབ་པ་དང་དུས་བབ་ངོས་འཛིན་བྱེད་ཐུབ་པ་བྱུང་ཡོད་པ་རེད།
ཞི་བའི་གྲོས་མོལ་འགོ་ནས་མཇུག་བར་ཚོགས་འདུའི་ཕྱི་ནང་དུ་གྲོས་མོལ་ཡང་ཡང་བྱེད་དགོས་བྱུང་བ་དང་ཐ་ན་སྐབས་འགར་རྩོད་གླེང་དྲུག་པོ་ཐུག་ཅིང་། འོན་ཀྱང་དེ་ནི་ཡ་མཚན་གཏན་ནས་སྐྱེས་མི་དགོས་པ་ཞིག་རེད། གང་ལྟར་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་ཁུལ་གྱི་དོན་དག་ཡིན་སྟབས་ཚང་མས་ཕན་ཚུན་ལྷག་བསམ་ཟོལ་མེད་དང་ཁ་གསལ་གཏིང་གསལ་བཅས་བྱས་ཏེ་ངོས་འཛིན་གཅིག་གྱུར་བྱུང་མཐར་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་》དོན་ཚན་བཅུ་བདུན་ལ་གྲོས་འཆམ་བྱུང་བ་རེད།
ཟླ་༥ཚེས་༢༣ཉིན་ཀྲུང་ནན་ཧའེ་ཡི་ཆིང་ཀྲེང་ཏན་ཟེར་བའི་ཚོམས་ཆེན་དུ་བརྗིད་ཆགས་ཤིང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གྲོས་དོན་ལ་མིང་རྟགས་བཀོད་པའི་མཛད་སྒོ་འཚོགས་ཤིང་། ཀྲུང་དབྱང་མི་དམས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཏེ་དང་ལི་ཅི་ཧྲེང་དང་། སྲིད་དོན་ཁང་གི་ཙུང་ལི་གཞོན་པ་ཁྲེན་ཡུན། ཀྲོའུ་ཙུང་ལི་སྐུ་གཟུགས་བདེ་པོ་མེད་པས་ཁྲེན་ཡུན་གྱིས་ཚབ་གནང་བ་བཅས་ཀྱིས་གཙོ་སྐྱོང་གནང་བ་རེད། མཛད་སྒོར་ཕེབས་མཁན་གྲས་སུ་ཏུང་པི་ཝུའུ་དང་། ཕེང་ཀྲེན། ཧོང་ཡན་ཕའེ། ཁྲེན་ཧྲུའུ་ཐུང་། ཉའེ་རུང་ཀྲེན། ཝུའུ་ལན་ཕུའུ། ཕུའུ་ཙུའོ་དབྱི། ལུང་ཡུན། སའེ་ཕུའུ་ཏེང་། ལིའུ་ཀེ་ཕིང་། མ་ཤུའེ་ལུན། ཁུའེ་ཏེ་ཧེང་། ཀྲུའུ་ཞུའེ་ཧྥེན་སོགས་འབྲེལ་ཡོད་འགོ་ཁྲིད་ཡོད་པ་རེད། ང་དང་བློ་མཐུན་ལུའུ་ཡུས་ཧུང་གིས་གྲོས་མོལ་གྱི་ཟུར་ཞུགས་མི་སྣའི་ངོས་ནས་མིང་རྟགས་བཀོད་པའི་མཛད་སྒོར་ཞུགས་པ་ཡིན། ཀྲུང་དབྱང་དང་བོད་ཀྱི་འཐུས་མི་སོ་སོས་མིང་རྟགས་བཀོད་རྗེས་འཐུས་མི་གཙོ་བོ་ལི་ཝུའེ་ཧན་དང་ང་ཕོད་རྣམ་གཉིས་ཀྱིས་སྨོན་ཚིག་གསུངས་པ་དང་། དེ་རྗེས་ཀྲུའུ་ཞི་གཞོན་པ་ཀྲུའུ་ཏེས་གསུང་བཤད་གནང་། མིང་རྟགས་འགོད་པའི་མཛད་སྒོ་མཇུག་བསྒྲིལ་འཕྲལ་མི་བརྒྱ་ཕྲག་ཁ་ཤས་ཞུགས་པའི་གྲོས་མོལ་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུ་བའི་བཞེས་རག་ཚོགས་འདུ་གཟབ་རྒྱས་ཤིག་འཚོགས་ཤིང་། འདི་ནི་དུས་རབས་གསར་པ་ཕྱེ་བའི་དོན་སྙིང་ལྡན་པའི་ཉིན་མོ་ཞིག་ཡིན། དེ་ནས་བཟུང་བོད་མི་དམངས་རྣམས་བཙན་རྒྱལ་རིང་ལུགས་ཀྱི་བཙུན་འཛུལ་འཆིང་རྒྱ་ལས་གཏན་དུ་བྲལ་ཏེ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་ལོག་ནས་བོད་ཀྱི་ལོ་རྒྱུས་ལེའུ་གསར་རྐྱང་ཞིག་འབྱེད་ཐུབ་པ་བྱུང་བ་རེད།
བློ་མཐུན་ལི་ཝུའེ་ཧན་གྱི་འགོ་ཁྲིད་དང་རྒྱབ་སྐྱོར་འོག་ངས་ཞི་གྲོས་ཀྱི་དོན་ལ་ལས་ཀ་ཕྲན་བུ་བྱས་རྐྱེན་《གྲོས་མཐུན་》ལ་མིང་རྟགས་བཀོད་པར་རྟེན་འབྲེལ་ཞུ་བའི་བཞེས་རག་ཚོགས་འདུའི་ཐོག་བློ་མཐུན་ལི་ཝུའེ་ཧན་གྱིས་ང་ལ་ཆེད་དུ་བཞེས་རག་བཀྱག་གནང་སྟེ་“ཁྱེད་ཀྱིས་བྱས་རྗེས་ཆེན་པོ་བཞག་སོང་”ཞེས་གཟེངས་བསྟོད་གནང་བྱུང་། ཁེ་སྨད་བསོད་ནམས་དབང་འདུས་ནི་བོད་ཀྱི་ཞི་གྲོས་འཐུས་མི་ཚོགས་པའི་ཁྲོད་ཀྱི་གལ་ཆེའི་མི་སྣ་ཞིག་ཡིན་པ་དང་ཁོང་ནི་སྐབས་དེའི་བོད་ཀྱི་དམག་སྤྱི་ཡིན་པ་མ་ཟད། བཀའ་ཤག་ནང་དབང་ཆ་ཆེན་པོ་ཡོད་པའི་བཀའ་བློན་ཟུར་ཁང་﹙དབང་ཆེན་དགེ་ལེགས﹚ཀྱི་ཨ་ཁུ་ཡང་རེད། ཁོང་གིས་ཀྱང་བཞེས་རག་ཚོགས་འདུའི་ཐོག་བཞེས་རག་པི་ཙི་བཏེགས་ནས་ང་ལོ་“ལོ་གཉིས་ཀྱི་གོང་ང་ཚོ་བཀའ་ཤག་གིས་ཁྱེད་རང་བོད་ནས་ཕྱིར་འབུད་བྱས་སོང་ཡང་ཁྱེད་ཀྱིས་ད་རེས་ཀྱི་ཞི་གྲོས་ནང་ལྷག་བསམ་རྣམ་དག་གི་ཕྱག་ལས་གནང་སྟངས་ཡག་པོ་དེས་ཐོག་མར་ང་ཚོས་ཁྱེད་རང་ལ་བཅངས་པའི་དོགས་པ་དེ་རྦད་དེ་སེལ་ཐུབ་སོང་། ང་ཚོས་ཁྱེད་ཀྱིས་བོད་རྒྱ་གཉིས་མཐུན་ལམ་ཡོང་བའི་ཆེད་དུ་ནུས་པ་ཧ་ཅང་ཆེན་པོ་བཏོན་པ་དངོས་སུ་མཐོང་བྱུང་”ཞེས་བཤད་བྱུང་། ལྷག་པར་དུ་ངས་བརྗེད་པར་དཀའ་བ་ཞིག་ནི་མའོ་ཀྲུའུ་ཞིས་ཀྲུང་དབྱང་གཞུང་ལས་ཐིང་གི་བློ་མཐུན་ཐུང་ཞའོ་ཧྥུང་ང་ལ་《ལག་ལེན་རྣམ་བཤད་》ཅེས་པའི་དེབ་ཅིག་སྐྱེལ་བར་གཏོང་གནང་མཛད་འདུག དེབ་འདིའི་རྒྱབ་ཤའི་སྟེང་ཀྲུའུ་ཞིས་“བློ་མཐུན་ཕུན་ཚོགས་དབང་རྒྱལ་ལ་མའོ་ཙེ་ཏུང་ནས་”ཞེས་སྤུ་སྨྱུག་གི་ཡིག་གཟུགས་ཤུགས་དྲག་ཆེན་པོ་ཞིག་བྲིས་གནང་འདུག་ཅིང་། ཐོབ་པར་དཀའ་བའི་རྩ་ཆེའི་ཕྱག་བྲིས་བསྟར་མ་དེ་ངས་ད་ལྟ་བར་དྲན་རྟེན་དངོས་པོར་བརྩིས་ནས་ཉར་ཚགས་ཞུ་བཞིན་ཡོད།
ཟླ་༥ཚེས་༢༤ཉིན་མའོ་ཀྲུའུ་ཞིས་ཧོ་རེན་ཐང་ཚོམས་ཆེན་དུ་བོད་ཞི་བའི་བཅིངས་འགྲོལ་ཐོབ་པར་རྟེན་འབྲེལ་ཞུ་བའི་གསོལ་སྟོན་གཟབ་རྒྱས་ནང་ཞུགས་པ་གནང་ཞིང་གསོལ་སྟོན་གྱི་གོང་ཙམ་ལ་བློ་མཐུན་ལུའུ་ཡུས་ཧུང་ངེད་གཉིས་ལ་ཧོ་རེན་ཐང་གི་སྒོ་རྭའི་ནང་ཡུན་རིང་མཇལ་འདོད་ཆེན་པོ་བྱེད་པའི་མའོ་ཀྲུའུ་ཞི་གློ་བུར་མཇལ་བྱུང་བས་ངེད་གཉིས་ཀྱིས་མགྱོགས་མྱུར་སྐུ་མདུན་དུ་བཅར་ཏེ་བློ་མཐུན་ལུའུ་ཡུས་ཧུང་གིས་འཕྲལ་དུ་དམག་མིའི་གུས་ལུགས་ཞུས་པ་དང་སྦྲགས་མའོ་ཀྲུའུ་ཞིར་ང་ངོ་སྤྲོད་ཞུས་སོང་། མའོ་ཀྲུའུ་ཞིས་ངའི་ལག་པ་དམ་པོར་བཟུང་གནང་བ་དང་འཛུམ་དམུལ་དམུལ་ངང་“ཨ་ལས་བློ་མཐུན་ཕུན་ཚོགས་དབང་རྒྱལ་ལགས་ཡིན་པ་རེད། ངས་ཁྱེད་རང་རྒྱུས་ཡོད་……”ཅེས་གསུངས་རྗེས་ཐུགས་དགྱེས་ཚོར་ཆེན་པོའི་ངང་ངའི་ཕྲག་པར་བཅག་བཅག་གནང་བཞིན་དུ་“གཞོན་ནུ་དཔའ་ཆ་ཐང་མདོག་ཁ་པོ་འདུག་ཨང་”ཞེས་གསུངས་བྱུང་།
གསོལ་སྟོན་ཐོག་མའོ་ཀྲུའུ་ཞི་དང་། པཎ་ཆེན་རིན་པོ་ཆེ། ང་ཕོད་ངག་དབང་འཇིགས་མེད། ཁེ་སྨད་བསོན་ནམས་དབང་འདུས། ཁྲེན་ཧྲུའུ་ཐུང་། ལི་ཝུའེ་ཧན། མ་དབྱིང་ཁྲུའུ། ང་རང་བཅས་གསོལ་སྒྲོག་དང་པོར་ཡོད་པས་མའོ་ཀྲུའུ་ཞིའི་བཀའ་མོལ་ཡང་ངས་ཐོས་ཐུབ་བྱུང་ཞིང་། གསོལ་ཚིགས་བཞེས་རིང་མའོ་ཀྲུའུ་ཞིའི་སྐུ་གཟུགས་ཐང་ཉམས་དོད་པ་དང་གསུང་མོལ་བཞད་གད་ཚ་བ་བཅས་ཧ་ཅང་མཉེས་ཚོར་ཆེན་པོ་གནང་གི་འདུག ཁོང་གིས་ཐུགས་དགྱེས་ཉམས་ལྡན་པའི་ངང་ཀྲུང་གོའི་ལོ་རྒྱུས་ཐོག་རྟག་ཏུ་རྒྱལ་ཁ་ལེན་མཁན་དམག་དཔོན་ཞུའེ་རེན་ཀུའེ་ཞེས་པ་ཞིག་ཡོད་པ་དེ་ཐུ་བྷོད་ཀྱི་དམག་དཔུང་གིས་ཕམ་ཉེས་སུ་བཏང་བའི་སྐོར་དང་། ད་དུང་ཐུ་བྷོད་དམག་དཔུང་གིས་ཁྲང་ཨེན་བར་དཔུང་འཇུག་ཐེངས་གཉིས་བྱས་ལུགས་གསུངས་ནས་བོད་རིགས་ནི་རླབས་ཆེ་ཞིང་སྟོབས་ཤུགས་ཆེ་བའི་མི་རིགས་ཤིག་ཡིན་པ་གསལ་བཤད་ཀྱང་གནང་སོང་།
མའོ་ཀྲུའུ་ཞིས་སྨོན་ཚིག་གསུང་སྐབས་ལོ་བརྒྱ་ཕྲག་ཁ་ཤས་རིང་ཀྲུང་གོའི་མི་རིགས་ཁག་དབར་མཐུན་པོ་མེད་ལ་བོད་རིགས་ནང་ཁུལ་དུའང་མཐུན་པོ་མེད། དེ་ནི་རྒྱལ་རབས་རིམ་བྱུང་གི་ལོག་སྤྱོད་ཤོག་ཁག་གིས་དབང་སྒྱུར་བྱས་པའི་ངན་འབྲས་ཤིག་ཡིན་ལ། བཙན་རྒྱལ་རིང་ལུགས་ཀྱིས་ནང་ཁུལ་དུ་དབྱེན་སྦྱོར་དཀྲུག་ཤིང་བརྒྱབ་ནས་བཟོས་པ་ཞིག་ཀྱང་རེད། ད་ཆ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་སྟོབས་ཤུགས་དང་ཏཱ་ལའི་བླ་མས་འགོ་ཁྲིད་གནང་བའི་བོད་ས་གནས་སྲིད་གཞུང་གི་སྟོབས་ཤུགས། པཎ་ཆེན་རིན་པོ་ཆེས་འགོ་ཁྲིད་གནང་བའི་སྟོབས་ཤུགས་བཅས་ཚང་མ་མཐུན་སྒྲིལ་བྱེད་ཐུབ་ཅིང་མཐུན་སྒྲིལ་དེ་རིགས་ནི་སྤུན་ཟླ་ལྟ་བུའི་མཐུན་སྒྲིལ་ཞིག་ཡིན་པ་ལས། ཕྱོགས་གཅིག་གིས་ཕྱོགས་གཞན་ཞིག་ལ་གཉའ་གནོན་བྱེད་པ་ཞིག་མིན་ལ། ཕྱོགས་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་ཀྱང་ཡིན་པས། མཐུན་སྒྲིལ་བྱས་ཏེ་ཐུན་མོང་ཐོག་མེས་རྒྱལ་ཁྱིམ་ཚང་ཆེན་པོ་འཛུགས་སྐྲུན་དང་བོད་གསར་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས། དེ་རྗེས་མའོ་ཀྲུའུ་ཞིས་བཞེས་རག་པི་ཙི་བཏེགས་ནས་བོད་ཞི་བའི་བཅིངས་འགྲོལ་ཐོབ་པར་བཞེས་རག་མཉེས་ཐག་བཞེས་རོགས་ཞེས་གསུངས་པ་དང་། ཚོགས་རྭ་ཡོངས་ཀྱིས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཕན་ཚུན་བཞེས་རག་བཏེགས་ནས་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ངས་ཀྱང་མའོ་ཀྲུའུ་ཞིར་བཞེས་རག་བཀྱག་པས་ཀྲུའུ་ཞིས་བྱམས་བརྩེ་ལྡན་པའི་ངང་“ཁྱེད་ཚོས་དུས་ཡུན་རིང་པོའི་ནང་བོད་མི་དམངས་ལ་བཅིངས་འགྲོལ་གཏོང་ཆེད་སྐུ་ལས་བསྐྱོན་ཡོད་པས་འོ་བརྒྱལ་ཆེ་སོང་”ཞེས་གསུངས་བྱུང་།
ཉིན་དེར་མའོ་ཀྲུའུ་ཞི་དང་། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཀྲོའུ་ཨེན་ལའེ་སོགས་ཀྲུང་དབྱང་གི་འགོ་ཁྲིད་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བ་བཅས་མི་གྲངས་ཉིས་བརྒྱ་ལྷག་ཙམ་གསོལ་སྟོན་ལ་ཕེབས་ཡོད་པ་དང་མཐུན་ལམ་གྱི་རྣམ་པ་ཤིན་ཏུ་ལྡན་པ་དེའི་ཐོག་ནས་ཀྲུང་དབྱང་གིས་བོད་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་མཚོན་ཐུབ་པ་དང་། བོད་ཀྱི་ཞི་གྲོས་འཐུས་མིས་ཀྱང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་དེ་ཟབ་ཚོར་ཐུབ་པ་བྱུང་བ་རེད།
ཞི་གྲོས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཀྲུང་དབྱང་དང་བོད་ཕྱོགས་སོ་སོར་སྐད་བསྒྱུར་བྱེད་མཁན་ཡོད་རུང་སྐབས་དེར་ཞིབ་ཕྲའི་གནས་ཚུལ་ལ་ཀྲུང་དབྱང་གི་སྲིད་ཇུས་དགོངས་དོན་སྟངས་འཛིན་ལེགས་པར་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གནད་དོན་ལ་བབ་བསྟུན་གྱི་དུས་ཐོག་ཏུ་དགོས་ངེས་ཀྱི་འགྲེལ་བཤད་རྒྱག་དགོས་པ་སོགས་ཀྱིས་རྐྱེན་པས་ཀྲོའུ་ཙུང་ལི་དང་བློ་མཐུན་ལི་ཝུའེ་ཧན་གྱིས་ང་ལ་གལ་ཆེའི་ཚོགས་འདུའི་སྐད་བསྒྱུར་དང་འགྲེལ་བཤད་རྒྱལ་པའི་ལས་ཀ་བཤད་སྒྲིག་གནང་བྱུང་།
ང་རང་ཀྲུང་དབྱང་འཐུས་མི་ཚོགས་པའི་འབྲེལ་ཡོད་ཚོགས་འདུར་ཞུགས་དགོས་པ་ཕུད། ད་དུང་ངས་ཚོགས་འདུ་གྲོལ་རྗེས་བོད་ཀྱི་འཐུས་མི་ཚོར་དགོངས་སེལ་ཞུ་རྒྱུ་དང་། དོགས་གནད་སེལ་རྒྱུ། ཆབ་སྲིད་ཀྱི་ཐ་སྙན་སྣ་ཚོགས་ཀྱི་གོ་དོན་བསྒྱུར་རྒྱུ་སོགས་ཀྱི་ཞིབ་ཕྲའི་ལས་ཀ་ཡང་བྱེད་དགོས་ཀྱི་ཡོད་ལ། དེ་མིན་ཉིན་རེ་བློ་མཐུན་ལི་ཝའེ་ཧན་གྱི་སར་ལས་དོན་སྙན་སེང་ཡང་ཞུ་དགོས་སྟབས་རྟག་ཏུ་ནམ་ཕྱེད་བར་ལས་ཀ་བྱེད་དགོས་ཀྱི་ཡོད།
མའོ་ཀྲུའུ་ཞི་དང་ཀྲོའུ་ཙུང་ལིའི་ཐད་ཀའི་འགོ་ཁྲིད་འོག་བློ་མཐུན་ལི་ཝུའེ་ཧན་གྱིས་ཉིན་མཚན་མེད་པར་ནན་ཞིང་ཞིབ་ཚགས་དང་ཁུར་སེམས་ཆེན་པོ་བཅས་ཀྱི་སྒོ་ནས་རྒྱུད་ལས་འབོར་ཆེན་གནང་ཡོད་ཅིང་། ངས་རྟག་པར་མཚན་མོར་ཁོང་གི་ཕྱག་ལས་གནང་ཡུལ་དུ་ཉིན་རེའི་གནས་ཚུལ་སྙན་སེང་ཞུ་བར་འགྲོ་སྐབས་སྐབས་འགར་མཚན་མོའི་ཆུ་ཚོད་དང་པོ་བར་འགོར་གྱི་འདུག ཁོང་གིས་ག་དུས་ཡིན་ནའང་ཞིབ་ཚགས་ངང་གསན་པ་དང་དེ་རྗེས་ཞིབ་ཕྲའི་མཛུབ་སྟོན་ཡང་གནང་གི་ཡོད། ཞི་གྲོས་ཀྱི་དུས་མཚམས་མཇུག་མར་《གྲོས་མཐུན་》དོན་ཚན་བཅུ་བདུན་བོད་ཡིག་ལ་བསྒྱུར་ཟིན་པའི་སྐབས་དེར་བློ་མཐུན་ལི་ཝུའེ་ཧན་གྱིས་རྒྱ་ཡིག་ཐོག་ནས་ཚིག་འབྲུ་རེ་རེ་བཞིན་ལྗགས་ཀློག་གནང་བ་དང་། ང་ལ་བོད་ཡིག་ཏུ་བསྒྱུར་བཅུག་རྗེས་མི་རིགས་དཔེ་སྐྲུན་ཁང་གི་བློ་མཐུན་གདན་འདྲེན་ཞུས་ནས་ཡང་སྐྱར་མཉམ་དུ་ཞིབ་བཤེར་ཞུས་དག་བཏང་སྟེ་བོད་ཀྱི་འཐུས་མི་ཚོགས་པར་ནན་ཏན་གྱིས་བསྒྱུར་ཡིག་བཟོ་བཅོས་རྒྱག་བཅུག་གནང་བ་རེད། ཡིག་ཆའི་སྤུས་ཚད་འགན་ལེན་བྱེད་ཆེད་ཁོང་གིས་ང་ལ་བོད་ཡིག་ནས་རྒྱ་ཡིག་ལ་ཕབ་བཅུག་སྟེ་ཡིག་འབྲུ་རེ་དང་ཚིག་འབྲུ་རེ་བྱས་ནས་ཀློག་ཏུ་བཅུག་གནང་བྱུང་། “མི་དམངས་”ཞེས་པའི་མིང་ཚིག་འདི་གཅིག་པུར་ཆ་མཚོན་ན། ཁོང་གིས་འབྲེལ་ཡོད་མི་སྣ་སྐོར་འདུ་བྱས་ཏེ་བསམ་བློ་ཡང་སྐོར་སྐྱར་སྐོར་བཏང་ནས་བསྒྱུར་སྟངས་མི་འདྲ་ས་ཁ་ཤས་ནང་ནས་མཐར་ངས་བསྒྱུར་བའི་“མི་དམངས་”ཞེས་པ་དེར་མོས་མཐུན་གཏན་འཁེལ་གནང་བ་རེད། ཁོང་གིས་ལས་དོན་གྱི་ཆེད་དུ་ཟས་བརྗེད་གཉིད་བྲལ་དང་ཁྲལ་སེལ་སླ་བཅོས་སྤུ་ཙམ་མེད་པའི་ལས་ཀའི་རྣམ་འགྱུར་དེས་ང་ལ་བརྗེད་པར་དཀའ་བའི་བག་ཆགས་ཟབ་མོ་བཞག་བྱུང་།
ང་ལ་བག་ཆགས་ཟབ་ཤོས་ཤིག་ནི་བོད་ཀྱི་དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་ནས་ཞི་བའི་གྲོས་མོལ་ཐོར་ལ་ཉེ་བའི་ཉེན་ཁ་བྱུང་བ་དེ་དག་སེལ་ཐུབ་རྗེས་ངས་སྲིད་དོན་ཁང་དུ་བློ་མཐུན་ལི་ཝུའེ་ཧན་ལ་སྙན་སེང་ཞུ་བར་འགྲོ་སྐབས་ཁོང་ཤིན་ཏུ་མཉེས་པོ་བྱུང་སྟེ་ལམ་སེང་སྒྲོག་ཙེའི་སྟེང་ཡོད་པའི་ཁ་པར་བླངས་ནས་མའོ་ཀྲུའུ་ཞིར་ཞལ་པར་ཐོག་“ཀྲུའུ་ཞི། ང་ལུའོ་མན་ཡིན། བློ་མཐུན་ཕུན་ཚོགས་དབང་རྒྱལ་ཕེབས་བྱུང་། ཁོང་གིས་སང་ཉིན་ཞི་བའི་གྲོས་མོལ་བྱ་རྒྱུ་སླར་གསོ་བྱེད་ཆོག་པ་ཡོད་ཟེར་གྱི་འདུག”ཅེས་ཞུས་གནང་སོང་། ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་ལ་ངས་མའོ་ཀྲུའུ་ཞིའི་ཧུའུ་ནན་གྱི་ཡུལ་སྐད་དམ་པོའི་གསུང་དེ་ཐེངས་དང་པོ་གསལ་ཐིང་ཐོས་བྱུང་ལ་ལུའོ་མན་ཟེར་བ་དེ་ཁོང་﹙ལི་ཝུའེ་ཧན﹚ཡིན་པ་གཞི་ནས་ཧ་གོ་བྱུང་།
ཞི་བའི་གྲོས་མོལ་བྱེད་སྐབས་བློ་མཐུན་ལི་ཝུའེ་ཧན་ངེད་གཉིས་སྔ་དགོང་མཉམ་གཤིབ་ཀྱིས་གླེང་མོལ་ཟབ་མོ་བྱས་པ་བརྒྱུད་ཁོང་ནི་ཡོན་ཏན་ཅན་དང་ཆབ་སྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པའི་འགོ་ཁྲིད་བློ་མཐུན་ཞིག་ཡིན་ལ། དགེ་རྒན་ནན་པོ་ཞིག་དང་། གྲོགས་པོ་མཆོག་ཏུ་གྱུར་པ་ཞིག་ཀྱང་ཡིན་པར་ཚོར་སྣང་ཟབ་མོ་སྐྱེས་བྱུང་།
ཁོང་གི་ཁ་རི་ཁ་ཐུག་གི་གཤིས་ཀ་ནི་ང་ཚོ་ཁམས་པ་དང་འདྲ་པོ་ཡོད་ཅིང་། ཞི་བའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པ་དེ་ནི་བློ་མཐུན་ལི་ཝུའེ་ཧན་གྱིས་འབད་བརྩོན་ཆེན་པོ་གནང་བ་དང་ཁ་བྲལ་ཐབས་མེད། དོན་དེའི་ཆེད་དུ་ཁོང་གིས་སེམས་ནུས་ཧ་ཅང་ཆེན་པོ་བཏོན་ལུགས་ད་ལྟའང་མིག་གི་འདུན་དུ་ལྷམ་མེར་འཆར་གྱི་འདུག
ཞི་བའི་《གྲོས་མཐུན》ལ་མིང་རྟགས་བཀོད་རྗེས་ཀྲུང་དབྱང་གི་བློ་མཐུན་ཀྲང་ཅིང་ཝུའུ་བོད་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་དབང་ཆ་ཚང་མ་ཡོད་པའི་འཐུས་མི་ལ་གཏོང་རྒྱུའི་གཏན་འབེབས་གནང་དོན་ལྟར་ཟླ་༦ཚེས་༡༣ཉིན་པེ་ཅིན་ནས་གནམ་གྲུར་བཞུགས་ཏེ་ཧིན་རྡུ་བརྒྱུད་བོད་ལ་ཕེབས་པ་དང་ཕེབས་རོགས་སུ་ཀྲུའུ་རེན་ལུའུ་ཡུས་ཧུང་དང་བློ་མཐུན་ཕུན་བཀྲ་སོགས་ཡོད་པ་རེད། ཁེ་སྨད་སོགས་བོད་ཀྱི་འཐུས་མི་ཚོའང་འཐུས་མི་ཀྲང་ཅིང་ཝུའུ་དང་མཉམ་དུ་བོད་ལ་ཕྱིར་ལོག་བྱས། ཟླ་༧ཚེས་༡༤ཉིན་འཐུས་མི་ཀྲང་ཅིང་ཝུའུ་ཀྲུང་ཧིན་ས་མཚམས་སུ་ཡོད་པའི་རང་རྒྱལ་གྱི་གནད་ཆེའི་གྲོང་རྡལ་གྲོ་མོར་ཕེབས་འབྱོར་ཟིན་ནས་དེ་གར་ཏཱ་ལའི་བླ་མ་དང་མཇལ་འཛོམས་ཞུས་ཏེ་མའོ་ཀྲུའུ་ཞིའི་ཕྱག་བྲིས་ཕྱག་ལྟར་མ་དང་《གྲོས་མཐུན》དོན་ཚན་བཅུ་བདུན་གྱི་འདྲ་ཡ་པར་མ་བཅས་ཕུལ་བས་ཏཱ་ལའི་བླ་མ་དང་བཀའ་ཤག་སྲིད་གཞུང་གི་དཔོན་རིགས་ཡོངས་རྫོགས་ཟླ་༧ཚེས་༡༧ཉིན་གྲོ་མོ་ནས་ལྷ་སར་ཕྱིར་ཕེབས་གནང་བ་རེད།
ཟླ་༦ཚེས་༢ཉིན་ངས་ང་ཕོད་སོགས་འཐུས་མི་ལ་ཕེབས་རོགས་ཞུས་ཏེ་པེ་ཅིན་ནས་ལྷ་སར་ཐོན་ཅིང་། ང་ཚོ་ངོ་འཁོར་ཁྲུང་ཆིང་དུ་འབྱོར་བའི་ཉིན་དེར་མང་ཚོགས་ཁྲི་ཚོ་བཅུ་ཕྲག་ཁ་ཤས་ཀྱི་ཤོག་སྦག་སྤར་ཞིང་ལག་ཏུ་མེ་ཏོག་འཕྱར་ཏེ་སྤྲོ་སེམས་འཁོལ་བའི་ངང་ཞི་གྲོས་འཐུས་མིར་དགའ་བསུ་ཞུས་པ་དང་། ཏེང་ཞའོ་ཕིང་སོགས་འགོ་ཁྲིད་བློ་མཐུན་གྲོང་ཁྱེར་གྱི་ཉེ་འདབས་སུ་ཕེབས་ནས་བསུ་བ་གནང་བྱུང་། ང་ཚོ་ཁྲུང་ཆིང་དུ་སྡོད་རིང་བློ་མཐུན་ཞའོ་ཕིང་གིས་འཐུས་མི་ཚོགས་པར་མཇལ་འཕྲད་གནང་ཞིང་། དེ་རྗེས་ང་ཚོ་ཁྲེང་ཏུའུ་དང་། དར་རྩེ་མདོ། དཀར་མཛེས་བཅས་བརྒྱུད་དེ་ཆབ་མདོར་འབྱོར་སྐབས་དེ་གའི་ཏང་སྲིད་དམག་དང་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ཁ་ཤས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་བྱུང་།
ང་ཚོ་ཆབ་མདོར་སླེབས་རྗེས་ལྷ་སར་དཔུང་འཇུག་བྱ་རྒྱུའི་གྲ་སྒྲིག་ལས་དོན་བྱེད་འགོ་བཙུགས་པ་ཡིན། སི་ལིང་ཡོན་ཀྲང་གོ་ཧྭ་དང་ཆབ་སྲིད་ཨུ་ཡོན་ཐན་ཀོན་སན་གྱིས་ཐུགས་འགན་བཞེས་པའི་དམག་སྡེ་ཅུན་བཅོ་བརྒྱད་པའི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡང་དཀར་མཛེས་ནས་ཆབ་མདོར་སྤོ་བསྒྱུར་བྱས་ཏེ་ལྷ་སར་དཔུང་འཇུག་བྱེད་པའི་སྔོན་སྐྱོད་དཔུང་སྡེ་སྒྲིག་འཛུགས་ཀྱིས་བློ་མཐུན་ཝང་ཆི་མའེ་ཡིས་ཧྲུའུ་ཅི་གནང་བ་དང་། ལིང་ལེའང་དང་། ཞུའེ་ཏན་ལུའུ། སའི་སྔོན་སྐྱོད་དཔུང་སྡེའི་ཏང་ཨུ་ཡོན་བྱས་པའི་ཀྲུང་གུང་ལྷ་སའི་སྔོན་སྐྱོད་དཔུང་སྡེའི་ཏང་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཅུན་ཏང་ཨུད་ཀྱིས་ང་རང་ཡུལ་མིའི་སྐྱེས་འདྲེན་པུའུ་ཡི་པུའུ་ཀྲང་ལ་བསྐོ་གཞག་གནང་བྱུང་།
ཟླ་༧ཚེས་༢༥ཉིན་སྔོན་སྐྱོད་དཔུང་སྡེ་ཆབ་མདོ་ནས་ལྷ་སར་ཐོན་པ་དང་འཐུས་མི་ང་ཕོད་སོགས་ཀྱང་ང་ཚོ་དང་མཉམ་དུ་ཕེབས་ཤིང་། ཆབ་མདོ་ནས་ལྷ་སར་དཔུང་འཇུག་བྱེད་པའི་ལམ་བར་དཀའ་ཚེགས་ཤིན་ཏུ་ཆེ་ཞིང་། མཐོ་ཚད་སྨི་ལྔ་སྟོང་དྲུག་སྟོང་ཡོད་པའི་ཤར་གངས་ལ་དང་ནུབ་གངས་ལ་ཡོད་པ་མ་ཟད། རང་བྱུང་གི་ཆ་རྐྱེན་ཞན་པའི་དཀའ་ངལ་ཁྱད་བསད་བྱེད་དགོས་ཐོག་ད་དུང་བསམ་ཡུལ་ལས་འདས་པའི་རྙོག་འཛིང་ཅན་གྱི་གནད་དོན་ཐག་གཅོད་ཀྱང་བྱེད་དགོས་ཀྱི་ཡོད། གཞན་ཡང་ང་ཚོས་ལམ་བར་གྱི་བོད་རིགས་མང་ཚོགས་ལ་བསམ་བློའི་ལས་ཀ་བྱས་ནས་ཁོང་ཚོས་གུང་ཁྲན་ཏང་དང་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་མི་དམངས་བཅིངས་འགྲོལ་དམག་ལ་རྒྱུས་མངའ་དང་རྒྱབ་སྐྱོར་ཡོང་ཐབས་བྱེད་ཀྱི་ཡོད།
༡༩༥༡ལོའི་ཟླ་༧ཚེས་༨ཉིན་ང་ཚོ་ཚལ་གུང་ཐང་དུ་འབྱོར་དུས་གཞི་ནས་གསེར་འོད་ཆེམ་ཆེམ་འཕྲོ་བའི་ཕོ་བྲང་པོ་ཏ་ལའི་རྒྱ་ཕིབས་མཐོང་གི་འདུག་ངས་“ང་ཚོ་ལྷ་སར་སླེབས་སོང་”ཞེས་བློ་མཐུན་ཝང་ཆི་མའེ་སོགས་ལ་བཤད་མ་ཐག་ཚང་མ་སྤྲོ་བ་རབ་ཏུ་འཕེལ་སོང་། ང་ཚོ་ལྷ་ས་སྐྱིད་ཆུའི་འགྲམ་དུ་སླེབས་རྗེས་ཀོ་གྲུར་བསྡད་དེ་སྐྱིད་ཆུ་བརྒལ་ཞིང་ཆུའི་ཕ་རོལ་དུ་སླེབས་མ་ཐག་གྲམ་ཐང་ཐོག་སྒར་བཏབ་སྟེ་ཉིན་གཉིས་རང་ངལ་གསོ་ལེགས་སྒྲིག་གིས་དེ་ནས་གྲོང་ཁྱེར་ནང་བསྐྱོད་རྒྱུ་དང་ལྷ་སའི་མི་དམངས་དང་ཐུག་འཕྲད་བྱ་རྒྱུའི་གྲ་སྒྲིག་བྱས་པ་ཡིན།
བཀའ་ཤག་ནས་བཏང་བའི་སེར་སྐྱ་དཔོན་རིགས་ཁ་ཤས་སྐྱིད་ཆུའི་འགྲམ་དུ་དགའ་བསུ་ཞུ་བར་ཡོང་བ་དང་བློ་མཐུན་ཀྲང་ཅིང་ཝུའུ་ཡིས་ཀྱང་བློ་མཐུན་ལུའུ་ཡུས་ཧུང་ང་ཚོ་བསུ་བར་བཏང་གནང་འདུག
ང་ཕོད་སྐུ་འཁོར་རྣམས་ང་ཚོ་དང་མཉམ་དུ་སྐྱིད་ཆུ་མ་བརྒལ་བར་སྐྱིད་ཆུའི་ཤར་ངོས་ཀྱི་ཤང་ཀའི་གཞིས་ཀར་ཉིན་གསུམ་བཞུགས་ཤིང་པེ་ཅིན་དུ་བཞུགས་སྐབས་ཁོང་གིས་ལྕང་ལོ་བྲེགས་ཡོད་པ་དེར་བཀའ་ཤག་གི་འདོད་པར་བབས་མིན་གྱིས་ཁོང་ལ་སྔ་ལམ་བཞིན་སྐྲ་ལྕོག་བརྒྱབ་ཐོག་གོས་ཚད་ཕྱུ་པ་གྱོན་ནས་ཏཱ་ལའི་བླ་མར་འབྱོར་ཕྱག་ཞུ་བར་བཅར་དགོས་རྒྱུའི་བཀའ་བཏང་བ་རེད།
ཕྱི་ཉིན་ཞོགས་པ་ང་ཚོ་ཚང་མས་གཙང་ཞིང་གྲལ་འགྲིག་པའི་དམག་ཆས་གྱོན་པ་དང་ཁུར་པོ་དང་། བཟའ་ཆས་། འཕྱིད་བདར་འོད་ཐིང་ངེར་བཏང་བའི་གོ་མཚོན་བཅས་འཁྱེར་ཏེ་སྐྱིད་ཆུའི་འགྲམ་ནས་ལྷ་སར་ཐོན་ཅིང་། གྲོང་ནང་མ་འཛུལ་གོང་བོད་ཀྱི་དབང་འཛིན་ལས་ཁུང་ཀྱིས་བཀའ་བློན་མདོ་མཁར་བ་དང་ཤ་ཟུར་གཉིས་མངགས་ཏེ་ལམ་ཟུར་གྱི་སྤང་གཤོང་སྟེང་གུར་ཕུབ་ཐོག་ང་ཚོར་དགའ་བསུ་ཞུས་བྱུང་། ང་ཚོ་འགན་ཁུར་བློ་མཐུན་ཁ་ཤས་ཀྱིས་གུར་ནང་འཛུལ་མ་ཐག་ཁོང་ཚོ་དང་ཕན་ཚུན་མཇལ་དར་བསྒྲོན་རེས་བྱས་ཏེ་ལམ་སེང་གྲོང་ཁྱེར་ནང་འཛུལ་བ་ཡིན།
སྐར་ལྔའི་དར་དམར་གྱིས་དཔུང་སྡེའི་སྣེ་ཁྲིད་པ་དང་། འཕྲེད་གདང་སྦྱར་ཡིག་དང་དར་ཚོན་བསྒྲེངས་པའི་རུ་སྟར་གྱི་རྗེས་སུ་མའོ་ཀྲུའུ་ཞི་དང་སྤྱི་ཁྱབ་སི་ལིང་ཀྲུའུ་ཏེ་རྣམ་གཉིས་ཀྱི་སྐུ་པར་བྲིས་མ་ཆེན་པོ་བཏེགས་ནས་འཁྱེར་ཡོང་བ། དེ་གའི་རྗེས་སུ་རིག་རྩལ་ལས་དོན་མི་སྣ་བཅུ་ཕྲག་ཁ་ཤས་ལས་གྲུབ་པའི་དམག་མིའི་རོལ་ཆ་རུ་ཁག་དང་སྐེད་རྔ་རུ་ཁག་ཡོད། སྔོན་སྐྱོད་དཔུང་སྡེས་གོམ་སྟབས་འགྲིག་པོ་སྤོ་བ་དང་དམག་གླུ་ལེན་བཞིན་དུ་གྲོང་ནས་འཛུལ་བ་དང་ང་དང་བློ་མཐུན་ཝང་ཆི་མའེ་སོགས་དཔུང་སྡེའི་མདུན་རྐྱང་དུ་ཕྱིན་པ་ཡིན།
གྲོང་ཁྱེར་གྱི་ཉེ་འདབས་ནས་གྲོང་ཁྱེར་ནང་ཁུལ་དུ་བརྒྱུད་སྐབས་འཚང་ག་ཤིག་ཤིག་གི་མང་ཚོགས་ཚོས་འགྲོ་ལམ་གྱི་གཡས་གཡོན་གཉིས་ལ་བསྡད་དེ་མཐོང་མྱོང་གཏན་ནས་མེད་པའི་མི་དམངས་བཅིངས་འགྲོལ་དམག་ལ་བསུ་བ་ཞུ་བ་དང་ལྟད་མོ་བལྟ་གི་འདུག གྲོང་ཁྱེར་ལྷ་སའི་སྦྲ་ནག་ཞོག་གྱི་ཁྲི་སྨོན་གཟིམ་ཤག་མདུན་དུ་སླེབས་སྐབས་སྔོན་ལ་ལྷ་སར་ཕེབས་འབྱོར་ཟིན་པའི་ཀྲུང་དབྱང་གི་སྐུ་ཚབ་ཀྲང་ཅིང་ཝུའུ་སོགས་ཐོག་ཁའི་སྟེང་བཞེངས་བཞུགས་པ་མཐོང་བྱུང་བས་ང་ཚོ་ཕན་ཚུན་ཐུགས་སྣང་གཤིན་པོའི་ངང་ལག་བརྡ་བྱས་ཏེ་གུས་ཚུལ་ཞུ་རེས་བྱས། ཐོག་མའི་འཆར་གཞི་ལྟར་ང་ཚོས་མི་ཚོགས་ཀྱིས་ཁེངས་པའི་བར་སྐོར་ལ་བསྐོར་བ་གཅིག་བརྒྱབ་རྗེས་སྡོད་ནས་དམག་སྒར་གསར་པར་སྒྲིག་བཀོད་བྱས་ཡོད་པས་དེར་བསྐྱོད་དེ་བསྡད་པ་ཡིན།
སྔོན་སྐྱོད་དཔུང་སྡེ་གྲོང་ཁྱེར་ནང་འཛུལ་བའི་མཛད་སྒོ་དེ་འགོ་ནས་མཇུག་བར་བརྗིད་ཆགས་ལྡན་ལ་མཛའ་གྲོགས་ཀྱི་རྣམ་པའི་ཁྲོད་དུ་བྱས་གཤིས། ལྷ་སའི་ལས་རིགས་ཁང་གིས་མང་ཚོགས་ཚོའི་བསམ་བློའི་ནང་བག་ཆགས་ཟབ་མོ་ཞིག་བཞག་པ་རེད།
དམག་སྒར་གསར་པ་ནི་བོད་ཀྱི་དབང་འཛིན་ལས་ཁུངས་ཀྱི་སྔོན་ཚུད་ནས་ང་ཚོའི་སྡོད་གནས་ཆེད་དུ་བཀོད་སྒྲིག་བྱས་པ་ཞིག་རེད། བཀའ་ཤག་གིས་ཁེ་སྨད་བསོད་ནམས་དབང་འདུས་དང་སྣེའུ་ཤར་ཐུབ་བསྟན་ཐར་པ་གཉིས་སྔོན་སྐྱོད་དཔུང་སྡེར་སྣེ་ལེན་བྱེད་མཁན་དུ་བཏང་བས་ང་ཚོ་ལྷ་སར་ཐོག་མར་སླེབས་སྐབས་ལས་ཀ་ཡོད་ཚད་ཁོང་གཉིས་བརྒྱུད་དེ་ས་གནས་སྲིད་གཞུང་དང་འབྲེལ་བ་བྱེད་དགོས་ཀྱི་ཡོད།
ཀྲུང་དབྱང་མི་དམངས་སྲིད་གཞུང་གི་བོད་སྡོད་སྐུ་ཚབ་བློ་མཐུན་ཀྲང་ཅིང་ཝུའུ་ཡི་འགོ་ཁྲིད་འོག་ལྷ་སར་ཐེངས་དང་པོ་འབྱོར་བའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམུག་སྡེ་ཅུན་བརྒྱད་པའི་སྔོན་སྐྱོད་དཔུང་སྡེ་དང་དེའི་ཏང་གི་ཨུ་ཡོན་ལྷན་ཁང་གི་མའོ་ཀྲུའུ་ཞིའི་“བོད་ཀྱི་གནད་དོན་གང་འདྲ་ཞིག་ལ་བསམ་བློ་བཏང་རུང་དང་ཐོག་མི་རིགས་དང་ཆོས་ལུགས་ཀྱི་དོན་དག་གཉིས་པ་བསམ་བློ་འཁོར་བ་བྱས་ཏེ་ལས་དོན་ཐམས་ཅད་བརྟན་བརླིང་གཟབ་སྐྱོད་བྱེད་དགོས་”ཞེས་པའི་མཛུབ་སྟོན་ལ་གཞིགས་ནས་མ་བསྐུལ་དང་བླངས་དང་ཧུར་བརྩོན་ཆེན་པོས་དང་ཐོག་བོད་ཀྱི་མཐོ་རིམ་མི་སྣ་དང་ལས་རིགས་ཁག་གི་འཐུས་མི་ཚོར་འཐབ་ཕྱོགས་གཅིག་གྱུར་གྱིས་ལས་དོན་སྤེལ་བ་དང་། 《གྲོས་མཐུན་》དོན་ཚན་བཅུ་བདུན་དང་། ཏང་གི་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས། མི་དམངས་བཅིངས་འགྲོལ་དམག་གི་སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱེད་དགོས་པ་བརྒྱད་བཅས་དྲིལ་བསྒྲགས་བྱས་པ་ཡིན། བློ་མཐུན་ཝང་ཆི་མའེ་ངེད་གཉིས་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་བློ་མཐུན་མཉམ་དུ་མཇལ་དར་དང་། འབུལ་ཚན། མའོ་ཀྲུའུ་ཞི་དང་སྤྱི་ཁྱབ་སི་ལིང་ཀྲུའུ་ཏེ་རྣམ་གཉིས་ཀྱི་སྐུ་པར་བཅས་འཁྱེར་ནས་སྲིད་ཚབ་གཉིས་དང་། བཀའ་བློན་བཀའ་ཚབ་བརྒྱད། དྲུང་ཡིག་ཆེན་མོ་བཞི། རྩིས་དཔོན་བཞི། གཞན་ཡང་ཛ་སག་དང་ཐའི་ཇི་བཅས་དང་། དེ་བཞིན་རིམ་བཞི་དང་སེ་འབྲས་དགའ་གསུམ། གླིང་བཞིའི་མཁན་པོ། ད་དུང་སྲིད་ཟུར་སྟག་བྲག་རིན་པོ་ཆེ་སོགས་ལ་འཚམས་ཞུ་དང་བཅས་ཆབ་སྲིད་ཀྱི་ལྟ་བ་དང་རྣམ་འགྱུར་སྣ་ཚོགས་འཛིན་མཁན་མཐོ་རིམ་མི་སྣ་དང་ལས་རིགས་ཁག་གི་འཐུས་མི་ཚོ་དང་ཐུག་འཕྲད་དང་པོ་བྱས་པ་དང་། ང་ཚོས་མཐུན་སྒྲིལ་བྱེད་ཐུབ་པའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་མཐའ་དག་བརྩོན་ལེན་བྱས་ཏེ་བཙན་རྒོལ་རྒྱལ་གཅེས་ཀྱིས་《གྲོས་མཐུན་》ལ་རྩི་བཀུར་ཞུ་མཁན་རྒྱ་ཁྱབ་ཀྱི་འཐབ་ཕྱོགས་གཅིག་གྱུར་ཅིག་འཛུགས་རྒྱུའི་ལས་ཀ་བྱེད་འགོ་བཙུགས་པ་ཡིན།
༡༩༥༡ལོའི་ཟླ་༩ཚེས་༢༤ནས་ཚེས་༢༦བར་བཀའ་ཤག་གིས་“བོད་ལྗོངས་ཚོགས་འདུ་ཧྲག་བསྡུས་རྒྱས་པ”འཚོགས་ཏེ་ང་ཕོད་ངག་དབང་འཇིགས་མེད་སོགས་ཞི་གྲོས་ཀྱི་འཐུས་མི་ལྔས་ཚོགས་འདུར་《གྲོས་མཐུན》དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་བརྒྱུད་རིམ་སྙན་སེང་ཞུས་པ་དང་སྦྲགས་《གྲོས་མཐུན》གྱི་མ་ཡིག་ཚོགས་ཆེན་ལ་བསྟན་ནས་ཚོགས་འདུ་དེའི་ཐོག་གཟབ་ནན་གྱིས་གསལ་བསྒྲགས་སྤེལ་དོན། 《གྲོས་མཐུན་》གྱིས་ཏཱ་ལའི་བླ་མའི་མཛད་འཕྲིན་བསྟན་སྲིད་དང་། ཆབ་འབངས་མི་སེར་གྱི་བདེ་རྩར་ཕན་སླེབས་བྱུང་ཡོད་ན་ཕྱག་བཞེས་གནང་རྒྱུ་དང་། ཕན་ཐོགས་བྱུང་མིན་འདུག་ན་ང་ཚོ་མི་ལྔའི་ལུས་སྲོག་ལོངས་སྤྱོད་ཐོག་བཀའ་ཉེས་གང་གནང་རུང་འགྱོད་པ་མེད་”ཅེས་གསུངས།
ཚོགས་འདུ་རྒྱས་འཛོམས་ཀྱིས་གྲོས་བསྡུར་བྱས་མཐར་《གྲོས་མཐུན་》དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པ་དེ་གོང་ས་ཆེན་པོའི་མཛད་འཕྲིན་དང་། བསྟན་པ་ཆབ་སྲིད། ཆབ་འབངས། དཔལ་འབྱོར་སོགས་གང་ཅིར་ཕན་སླེབས་འདི་ལྷག་ཡོང་ཐུབ་མིན་འདུག་པས་《གྲོས་མཐུན་》དོན་ཚན་བཅུ་བདུན་ལ་བརྩི་སྲུང་དང་ལག་ལེན་ཞུ་རྒྱུ་ཡིན་ཞེས་ཚིག་ཐོ་སྤྱི་ཐམ་བཞི་སྦྱར་བཀའ་ཤག་བརྒྱུད་ཏཱ་ལའི་བླ་མར་ཕུལ་བ་རེད།
བོད་ས་གནས་སྲིད་གཞུང་གི་སྔ་ལམ་ལྟར་ན། ཏཱ་ལའི་བླ་མར་མཐའ་མའི་ཐག་གཅོད་གནང་དབང་ཡོད་པ་བཞིན་ཟླ་༡༠ཚེས་༢༤ཉིན་ཁོང་གིས་མའོ་ཀྲུའུ་ཞིར་《གྲོས་མཐུན》དོན་ཚན་བཅུ་བདུན་ལ་བརྩི་བཀུར་ཞུ་རྒྱུའི་རྣམ་འགྱུར་བསྟན་པའི་གློག་འཕྲིན་ཞིག་ཕུལ་གནང་བ་དང་མའོ་ཀྲུའུ་ཞིས་ཀྱང་ཁོང་ལ་འཕྲིན་ལན་བཏང་གནང་སྟེ་གཟེངས་བསྟོད་སྐུལ་ལྕག་གནང་བ་རེད།
ཟླ་༡༠ཚེས་༢༦ཉིན་བོད་སྐྱོད་དཔུང་སྡེའི་གཙོ་ཤུགས་དམག་ལྷ་སར་འབྱོར་བ་དང་ལྷ་སའི་ཉེ་འདབས་ཀྱི་ཤར་ངོས་སུ་དམག་གཟིགས་སྡིང་ཆ་བཙུགས་ནས་བརྗིད་ཆགས་ལྡན་པའི་ངང་དམག་གཟིགས་ཀྱི་མཛད་སྒོ་སྤེལ་ཏེ་མི་དམངས་བཅིངས་འགྲོལ་དམག་གི་གཙོ་ཤུགས་དམག་དང་བོད་ས་གནས་སྲིད་གཞུང་གི་དམག་དཔུང་ལ་གཟིགས་ཞིབ་གནང་ཞིང་། དམག་གཟིགས་སྟེགས་བུའི་ཐོག་བོད་སྡོད་ཀྲུང་དབྱང་གི་སྐུ་ཚབ་ཀྲང་ཅིང་ཝུའུ་དང་། ཅུན་བཅོ་བརྒྱད་པའི་གཙོ་འཛིན་ཀྲང་གོ་ཧྭ་། ཐན་ཀོན་སན། ཝང་ཆི་མའེ། ལི་ཅུའེ། ལིའུ་ཀྲེན་གོ ཕྲན་རང་བཅས་དང་། བོད་ས་གནས་སྲིད་གཞུང་གི་བཀའ་བློན་ཁྲི་པ་རམ་པ་ཐུབ་བསྟན་ཀུན་མཁྱེན་དང་། བཀའ་བློ་ཟུར་ཁང་དབང་ཆེན་དགེ་ལེགས། ང་ཕོད་ངག་དབང་འཇིགས་མེད་སོགས་དང་། བཀའ་ཚབ་ཤ་ཟུར་འཇིགས་མེད་རྡོ་རྗེ། དམ་པོ་མཁྱེན་རབ་དབང་ཕྱུག དགའ་བྲང་བློ་བཟང་རིག་འཛིན། དམག་སྤྱི་ཁེ་སྨད་བསོད་ནམས་དབང་འདུས་སོགས་ཡོད་པ་དང་། ལམ་གཡས་གཡོན་དུ་ལྟད་མོ་བལྟ་མཁན་མང་ཚོགས་ཀྱིས་ཁེངས་ཡོད་པ་རེད། དམག་གཟིགས་འབུལ་མཁན་དཔུང་སྡེའི་གྲལ་སྟར་འགྲིག་ཅིང་བརྗིད་ཆགས་པ། སྒྲིག་ཁྲིམས་དམ་སྲུང་སོགས་གཟབ་རྒྱས་ཀྱི་རྣམ་པ་ནི་སྔར་ན་མེད་པ་ཞིག་ཡོད་སྟབས་ལྷ་སའི་མི་དམངས་ལ་བག་ཆགས་ཟབ་མོ་བཞག་པ་རེད།
ཟླ་༡༢ཚེས་༡ཉིན་བློ་མཐུན་ཧྥན་མིང་གིས་གཙོ་བོ་གནང་བའི་ནུབ་བྱང་རང་ཚུགས་ཡན་ལག་རུང་ཁག་ཀྱང་ལྷ་སར་འབྱོར་ཞིང་། བོད་ས་གནས་སྲིད་གཞུང་གིས་གྲོང་ཁྱེར་གྱི་ཉེ་འདབས་སུ་དཔོན་རིགས་བཏང་སྟེ་བསུ་བ་ཞུས་པ་དང་། བློ་མཐུན་ལུའུ་ཡུས་ཧུང་དང་། ཞུས་ཏན་ལུའུ། ཁྲེན་ཅིང་པོ། ངོས་རང་སོགས་བསུ་བ་ཞུ་བར་ཕྱིན་པ་ཡིན། རང་ཚུགས་ཡན་ལག་རུ་ཁག་གི་རྟ་དམག་རྣམས་བར་སྐོར་དུ་བསྐོར་བ་ཐེངས་གཅིག་བརྒྱབ་སོང་།
༡༩༥༢ལོའི་ཟླ་༤ཚེས་༢༨ཉིན་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ་མཆོག་དང་པཎ་ཆེན་ནང་སྒང་གི་ཛ་སག་བཀྲས་མཐོང་ཅིས་འཇིགས་མེད། ཛ་སག་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་སོགས་མཚོ་སྔོན་ནས་ནག་ཆུ་བརྒྱུད་ལྷ་སར་ཕེབས་འབྱོར་བྱུང་ཞིང་། ཀྲུང་དབྱང་གི་གཏན་འབེབས་ལྟར་བློ་མཐུན་ཧྥན་མིང་དང་ཡཱ་ཧན་ཀྲང་རྣམ་གཉིས་ཀྱིས་ཁོང་རྣམ་པ་བོད་དུ་ཕེབས་སྐྱེལ་ཞུས་པ་རེད། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་བོད་དུ་ཆིབས་བསྒྱུར་གནང་བ་ཐེངས་དང་པོ་ཡིན་གཤིས། བཀའ་ཤག་གི་དཔོན་རིགས་ཡོངས་རྫོགས་གྲོང་ཁྱེར་གྱི་ཉེ་འདབས་རྐྱང་ཐང་ན་ག་བར་བཅར་ནས་ཕེབས་བསུ་ཞུས་པ་དང་། གྲོང་ཁྱེར་ལྷ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་སེར་སྐྱ་མང་ཚོགས་དང་མི་དམངས་བཅིངས་བཀྲོལ་དམག་གིས་ཀྱང་གྲོང་ཁྱེར་གྱི་ཉེ་འདབས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་བར་བསྐྱོད་ཡོད་པ་རེད། དེ་ཉིན་ཕྱི་དྲོར་འོད་སྟོང་རབ་ཏུ་འཕྲོ་བའི་པོ་ཏ་ལའི་ཕོ་བྲང་གི་གཟིམས་ཆུང་ཉི་འོད་ནང་བོད་ཀྱི་སྔར་སྲོལ་ལྟར་ཏཱ་ལའི་བླ་མ་མཆོག་དང་པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་མཇལ་འཛོམས་གནང་ཞིང་། དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་རྣམ་གཉིས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མཇལ་འཛོམས་ཤིག་ཡིན་ལ། མའོ་ཀྲུའུ་ཞིའི་དབུ་ཁྲིད་འོག་རིན་པོ་ཆེ་རྣམ་གཉིས་ཀྱིས་དེ་སྔའི་འགལ་བ་དོར་ནས་གྲུ་གཅིག་ནང་དུ་བཞུགས་པ་ལྟ་བུའི་མཚོན་རྟགས་ཤིག་ཀྱང་རེད། དེ་ནས་ཡུན་རིང་མ་སོང་བར་པཎ་ཆེན་རིན་པོ་ཆེ་མཆོག་བདེ་བླག་ངང་བཀྲས་ལྷུན་དགོན་དུ་ཆིབས་བསྒྱུར་བསྐྱངས།
ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི་བཀའ་སློབ་ལ་གཞིགས་ནས་བོད་ལ་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བློ་མཐུན་ཀྲང་གོ་ཧྭ་སོགས་ཏཱ་ལའི་བླ་མ་དངོས་སུ་མཇལ་བར་འགྲོ་རྒྱུ་གཏན་འཁེལ་བྱས་པ་དང་འབྲེལ་མཇལ་འཕྲད་ཞུ་བའི་ཚེས་གྲངས་ཀྱང་བཀའ་མོལ་ཞུས་པ་རེད།
མཇལ་འཕྲད་ཞུ་བའི་ཉིན་དེར་དམག་མིའི་རོལ་ཆ་རུ་ཁག་གི་རོལ་ཆའི་སྒྲའི་ཁྲོད་དུ་ང་ཚོས་རྩ་ཆེའི་འབུལ་ཚན་འཁྱེར་བ་དང་རྟ་བཞོན་ཏེ་ནོར་བུ་གླིང་ཁའི་སྤྱན་གཟིགས་ཕོ་བྲང་དུ་བསྐྱོད་ཅིང་། བཀའ་བློན་ཡོངས་དང་སེར་སྐྱ་དཔོན་རིགས་བརྒྱ་སྐོར་གྱི་དྲུང་ཇ་གྲོལ་རྗེས་འཇལ་འཕྲད་ཀྱི་མཛད་སྒོ་འཚོགས་པ་རེད། ང་ཚོས་གྲལ་ལྟར་བསྒྲིགས་ནས་ཕོ་བྲང་ནང་སླེབས་རྗེས་དང་ཐོག་བློ་མཐུན་ཀྲང་གོ་ཧྭ་ཡིས་བོད་རིགས་ཀྱི་གུས་སྲོལ་ལྟར་བཞུགས་ཁྲིའི་ཐོག་ཡོད་པའི་ཏཱ་ལའི་བླ་མ་མཆོག་ལ་མཇལ་དར་དང་མཎྜལ་རྟེན་གསུམ་ཕུལ་བ་དང་། དེ་རྗེས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་གནང་བ་བཞིན་ངས་སྐུ་ཕྱག་ཕུལ་རྗེས་མཇལ་དར་དང་མཎྜལ་རྟེན་གསུམ་ཕུལ་བ་ཡིན། བློ་མཐུན་གཞན་དག་ཚོས་ཀྱང་སྐུ་མདུན་དུ་བཅར་ཏེ་མཇལ་དར་ཕུལ་སོང་། ཚང་མ་གདན་ལ་འཁོར་རྗེས་ང་ཚོར་གསོལ་ཇ་དང་གྲོ་འབྲས་བཀྱག་བྱུང་། སྐབས་དེར་ཁོང་ཚོར་ཡ་མཚན་ཞིག་སྐྱེས་པ་ནི་བོད་རིགས་ཀྱི་གུང་ཁྲན་ཏང་གི་འགན་འཁུར་ལས་བྱེད་པ་ཞིག་གིས་སེར་སྐྱ་དཔོན་རིགས་མང་པོའི་ཁྲོད་དུ་སྤྱིར་བཏང་གི་བོད་མི་དང་འདྲ་བར་ཏཱ་ལའི་བླ་མར་སྐུ་ཕྱག་ཕུལ་བ་དེ་རེད། དེ་ཐོག་ནས་གུང་ཁྲན་ཏང་གིས་བོད་རིགས་མི་དམངས་ཀྱི་ཆོས་ལ་དད་པ་དང་ཡུལ་སྲོལ་གོམས་གཤིས་ལ་དངོས་འབྲེལ་བརྩི་འཇོག་བྱེད་ཀྱི་ཡོད་པ་ཚོར་སྣང་བྱུང་ཡོད་པ་དང་། སྐབས་དེར་དོན་དེས་ལྷ་སའི་ལས་རིགས་ཁག་གི་མང་ཚོགས་ཚོའི་ཁྲོད་དུ་བག་ཆགས་བཟང་པོ་ཞིག་བཞག་པ་རེད།
མཇལ་འཕྲད་གྲུབ་རྗེས་ཏཱ་ལའི་བླ་མ་མཆོག་གིས་གཟིམས་ཆུང་འཆི་མེད་མཆོག་འཁྱིལ་དུ་ཀྲང་གོ་ཧྭ་སོགས་འགན་འཁུར་བློ་མཐུན་རྣམས་ལ་ཟུར་མཇལ་ཡང་གནང་སོང་།
ཀྲུང་དབྱང་གི་མཛུབ་སྟོན་ལ་གཞིགས་ནས་ཀྲུང་གུང་བོད་ལས་དོན་ཨུ་ཡོན་ལྷན་ཁང་དང་ནུབ་བྱང་བོད་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཟླ་བསྒྲིལ་བཏང་རྗེས་གཅིག་གྱུར་ཡིན་པའི་འགོ་ཁྲིད་ལས་ཁུངས་གསར་པ་ཞིག་བཙུགས་ཤིང་། ཀྲུང་དབྱང་གིས་ཀྲང་ཅིང་ཝུའུ་ཡིས་ཧྲུའུ་ཅི་གནང་བ་དང་། ཀྲང་གོ་ཧྭ་དང་། ཐོན་ཀོན་སན། ཧྥན་མིང་བཅས་ཀྱི་ཧྲུའུ་ཅི་གཞོན་པ་གནང་བ་། བློ་མཐུན་གཞན་དག་བདུན་གྱིས་ཨུ་ཡོན་གནང་བའི་ཀྲུང་གུང་བོད་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས། ང་ནི་ཨུ་ཡོན་བདུན་པོའི་ནང་བོད་རིགས་གཅིག་ཁོ་ན་ཡོད་པ་དེ་ཡིན། བོད་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་དང་མའོ་ཀྲུང་ཞིའི་ཐད་ཀའི་འགོ་ཁྲིད་འོག་དཀའ་ཚེགས་ཤིན་ཏུ་ཆེ་ཞིང་རྙོག་འཛིང་ཆེ་བའི་གནས་ཚུལ་འོག་ལོ་རྒྱུས་ཀྱི་འཁུར་པོ་ལྗིད་པོ་འཁུར་ཏེ་ལས་དོན་ཁག་སྤེལ་འགོ་བཙུགས་པ་རེད།
རང་རྒྱལ་མི་རིགས་ཁག་གི་མི་དམངས་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཡུན་རིང་གི་མི་རིགས་དམངས་གཙོའི་གསར་བརྗེ་བྱས་པར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རླབས་ཆེན་གྱི་རྒྱལ་ཁ་ཐོབ་སྟེ་ཀྲུང་གོ་མི་དམངས་དེ་ནས་བཟུང་བཙུན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་གཉའ་གནོད་ལས་གྲོལ་བ་མ་ཟད། གོ་མིན་ཏང་ལོག་སྤྱོད་ཤོག་ཁག་གི་རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་གཉའ་གནོན་ལམ་ལུགས་རྩ་མེད་ཀྱང་བཟོས་པ་རེད། མི་རིགས་འདྲ་མཉམ་གྱི་རྨང་གཞི་གསར་པའི་འོག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཤིང་། མི་རིགས་འདྲ་མཉམ་བྱ་རྒྱུ་ནི་རང་རྒྱལ་གྱི་མི་རིགས་འབྲེལ་བའི་རྩིགས་གདན་དང་གཞི་འཛིན་ས་ཞིག་རེད། མི་རིགས་འདྲ་མཉམ་དངོས་འབྲེལ་འཛུགས་ཐུབ་ཚེ་གཞི་ནས་མི་རིགས་མཐུན་སྒྲིལ་དངོས་འབྲེལ་དེ་མངོན་འགྱུར་ཡོང་ཐུབ་པ་དང་། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་བྱུང་ཚེ་གཞི་ནས་དར་རྒྱས་སྟོབས་འབྱོར་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་གསར་པ་བདེ་བླག་ངང་འཛུགས་སྐྲུན་བྱེད་ཐུབ་ཀྱི་རེད། གོང་གསལ་གྱི་སྙིང་དོན་དེ་ནི་ཏང་གི་མི་རིགས་སྲིད་ཇུས་ཀྱི་ངོ་བོ་ཞིག་ཡིན་ལ་《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་》དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་སློབ་སྟོན་བསམ་བློ་ཡང་རེད། གཟི་བརྗིད་ཡིན་བསམ་དགོས་པ་ཞིག་ནི་རང་ཉིད་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་བརྒྱུད་རིམ་ཧྲིལ་པོའི་ནང་ཞུགས་པར་བརྟེན་དུས་རབས་དབྱེ་བའི་དོན་སྙིང་ཆེན་པོ་ལྡན་པའི་《གྲོས་མཐུན་》ནང་ཞུགས་མཁན་ཞིག་ཡིན་ལ་ལོ་རྒྱུས་དུས་མཚམས་དེའི་དཔང་པོ་ཞིག་ཀྱང་ཡིན་པ་དེ་རེད།
དུས་ཀྱི་འཁོར་ལོ་འགྲོ་མགྱོགས་ཤིང་། ཡུད་ཙམ་ཞིག་ལ་ལོ་ངོ་བཞི་བཅུ་འདས། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་བོད་ལ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེ་སྔོན་གཡོན་གྱི་བསམ་བློའི་འགོག་རྐྱེན་འོག་ཀྱག་ཀྱོག་དང་ནོར་འཁུལ་ཤོར་མྱོང་ཡོད་མོད། འོན་ཀྱང་ཁྱོན་ཡོངས་ནས་བརྗོད་ན། ཆབ་སྲིད་དང་། དཔལ་འབྱོར། རིག་སློབ། འགྲིམ་འགྲུལ། འཕྲོད་བསྟེན་སོགས་ཕྱོགས་གང་ཅིའི་ཐད་མིག་ལྡན་ཀུན་གྱིས་གཟིགས་ཐུབ་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པས་དར་ཞིང་མངའ་ཐང་རྒྱས་པའི་བོད་ལྗོངས་གསར་པ་ཞིག་འཛུགས་སྐྲུན་བྱེད་རྒྱུར་མདུན་ལམ་ཡངས་ཤིང་རྒྱ་ཆེན་པོ་ཞིག་ཡོད་པ་རེད།
འབྱུང་འགྱུར་ལ་བལྟས་ན། ལས་འགན་ལྕི་ཞིང་ལམ་བུ་རིང་བ་ཡིན། ང་ཚོས་བློ་མཐུན་ཅང་ཙེ་མིན་གྱིས་གཙོ་བོ་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་ལྷག་པའི་མཐུན་སྒྲིལ་དམ་ཟབ་བྱས་ཏེ་མེས་རྒྱལ་ཁྱིམ་ཚང་ཆེན་པོ་དང་བོད་འདི་ཉིད་དར་རྒྱས་ཕུན་སུམ་ཚོགས་ཤིང་སྟོབས་འབྱོར་ལྡན་པ་ཞིག་ཡོང་བའི་ཆེད་དུ་མུ་མཐུད་འབད་འཐབ་བྱ་དགོས།