གནས་ཡུལ། མདུན་ངོས། འོས་སྦྱོར་ཁྱད་པར་ཅན།
 
 
༄༅།། 《གྲོས་མཐུན་དོན་ཚན་བཅུ་བདུན་》ལ་མིང་རྟགས་བཀོད་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་གནས་ཚུལ།
སྤེལ་དུས།2008-12-15   ཡོང་ཁུངས་།བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ལྔ་བཅུ་འཁོར།   རྩོམ་པ་པོ། ལྷའུ་རྟ་ར་ཐུབ་བསྟན་བསྟན་དར། འབྲུག་མོས་ཞུ་དག་བྱས།

བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་ལ་༡༩༥༡ཟླ་༥ཚེས་༢༣ཉིན་དངོས་སུ་མིང་རྟགས་བཀོད་ནས་ང་ཕོད་ངག་དབང་འཇིགས་མེད་སོགས་ང་ཚོ་བོད་ཀྱི་འཐུས་མི་རྣམས་ཁག་གཉིས་བྱས་ཏེ་སྔ་རྟིང་ཐོག་བོད་དུ་འབྱོར་ནས་ཏཱ་ལའི་བླ་མ་དང་བཀའ་ཤག་ལ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་ལུགས་སྙན་སེང་སྔ་རྗེས་སུ་ཞུས་པ་དང་། གྲོས་མཐུན་ནང་གསལ་བོད་ཀྱི་སྤྱི་ཚོགས་ལམ་ལུགས་སྣ་ཚོགས་ལ་རིམ་བཞིན་བསྒྱུར་བཅོས་བྱ་རྒྱུའི་སྐོར་ལ་གྲོས་སྡུར་ཡང་ཡང་བྱས་པ་བརྒྱུད་མཐར་ལེགས་བཅོས་ལས་ཁུངས་ཟེར་བ་ཞིག་གསར་འཛུགས་ཀྱིས་དེས་གྲོས་མཐུན་གྱི་ནང་དོན་རྣམས་ལག་ལེན་བསྟར་རྒྱུ་བྱས་པ་རེད།

གྲོས་མཐུན་ལ་མིང་རྟགས་བཀོད་ནས་འཐུས་མི་རྣམས་བོད་དུ་འབྱོར་བ།

དེ་ཡང་། ལྕགས་ཡོས་༡༩༥༡ལོའི་སྤྱི་ཟླ་༥ཚེས་༢༣ཉིན་པེ་ཅིན་དུ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་དེ་དེད་དཔོན་རྒྱ་མཚོ་ན་ནོར་བུ་ལོན་པ་ལྟ་བུའི་དགའ་སྤྲོའི་ངང་ང་ཕོད་ངག་དབང་འཇིགས་མེད་དང་ཐུབ་བསྟན་ལེགས་སྨོན་ཁམས་བརྒྱུད་ཕྱིར་ལོག་ཕེབས་པ་དང་། ང་རང་དང་ཁེ་སྨད་བསོད་ནམས་དབང་འདུས། བསམ་ཕོ་བསྟན་འཛིན་དོན་གྲུབ་བཅས་ཤང་ཀང་བརྒྱུད་མཁའ་ཐོག་ནས་ཕྱིར་ལོག་སྟེ་གྲོ་མོར་འབྱོར་འཕྲལ་གྲོས་མཐུན་དོན་ཚན་བཅུ་བདུན་ཇི་འདྲ་བཞག་སྐོར་གྲོ་མོ་བཀའ་ཤག་ལ་སྙན་སེང་ཞིབ་ཕྲ་ཞུས་པར་བཀའ་ཤག་གིས་འདི་གར་གདན་སའི་འཐུས་མི་ཙམ་དང་། གཞུང་ཞབས་ཉུང་ཤས་ལས་མེད་པས་གྲོས་མཐུན་ལག་བསྟར་བྱེད་ཕྱོགས་སྐོར་ལྷ་སར་འབྱོར་རྗེས་གཞི་ནས་ཐག་གཅོད་བྱ་རྒྱུ་ཡིནཞེས་བཤད་པ་དང་། སྐབས་དེར་ཁེ་སྨད་དང་ངེད་གཉིས་ཀྱིས་ཏཱ་ལའི་བླ་མའི་གཟིམ་ཆུང་མཇལ་ཁ་ཞུ་ཆོག་པའི་སྙན་སེང་ཞུས་པར་ད་ལྟ་ལྷ་སར་ཕེབས་རྒྱུའི་མཛད་བྲེལ་ཆེ་བས་ལྷ་སར་ཞབས་སོར་འཁོད་མཚམས་གཟིམ་ཆུང་མཇལ་ཁ་ཞུས་ན་ལེགསཞེས་ཁག་བཏགས་ཏེ་མཇལ་ཁ་ཡང་བཏང་མ་བྱུང་།

དེ་རྗེས་གོང་ལོའི་བོད་ཟླ་༨པའི་ནང་ཏཱ་ལའི་བླ་མ་སྐུ་འཁོར་རྣམས་ལྷ་སར་ཕེབས་གྲུབ་མཚམས་སུའང་བཀའ་ཤག་ནས་གྲོས་མཐུན་ལག་བསྟར་བྱེད་མིན་ཐད་རྣམ་འགྱུར་གསལ་ལ་མི་གསལ་ཁོ་ནས་ཀ་ཀོར་སྣ་ཚོགས་ཀྱིས་ཉི་མ་འཁྱོལ་ཐབས་བྱས་པར་བརྟེན་ང་ཚོ་གྲོས་མཐུནའཇོག་མཁན་འཐུས་མི་རྣམས་ནང་གྲོས་བྱས་དོན་བཞིན་བཀའ་བློན་ང་ཕོད་ངག་དབང་འཇིགས་མེད་ནས་བཀའ་ཤག་ལ་མཛད་དཀའ་ཡོད་ན་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་བསྡུ་བསྐོང་ཡོད་པ་དེའི་ཐོག་གྲོས་མཐུན་སྐོར་ཞིབ་ཕྲའི་སྙན་སེང་ཞུ་རྒྱུ་ཡིན་ཞེས་རེ་འདོན་གནང་མཛད་དོན་ལྟར། ཉིན་ཞིག་མི་གྲངས་སུམ་བརྒྱ་ལྷག་ཙམ་ཡོད་པའི་ཚོགས་འདུ་རྒྱས་འཛོམས་སྐོང་ཚོགས་བྱས་ཤིང་། རྣམ་ཀུན་ཚོགས་འདུ་སོགས་རྩེ་ཤོད་སོ་སོའི་གདན་ཐོབ་ལྟར་སྡོད་དགོས་རུང་བཀོད་མངགས་ལྟར་དེ་ཉིད་ང་ཚོ་འཐུས་མི་ལྔ་ལ་ཟུར་གདན་བརྒྱབ་འདུག་པ་ང་ཚོ་དེར་འཁོད་ཐོག་བཀའ་བློན་ང་ཕོད་ངག་དབང་འཇིགས་མེད་ཀྱིས་ང་ཚོར་གནང་བའི་སྦུག་དམ་ལག་འཁྱེར་ནང་མའི་ནང་བོད་འདི་ཀྲུང་གོའི་མངའ་ཁོངས་ཡིན་པ་ཁས་ལེན་བྱེད་ཆོག་པ་གསལ་འཁོད་འདི་དག་ང་ཚོས་གཙོ་གནད་དུ་བཟུང་ཐོག་ཏཱ་ལའི་བླ་མའི་ཆོག་པ་གསལ་འཁོད་འདི་དག་ང་ཚོས་གཙོ་གནད་དུ་བཟུང་ཐོག་ཏཱ་ལའི་བླ་མའི་མཛད་འཕྲིན་དང་བསྟན་སྲིད་མི་ཉམས་པ། མི་དམངས་ཀྱི་བདེ་རྩར་ཕན་ཐབས་སྐོར་རང་ཉེན་ལ་མ་ལྟོས་པར་སྐབས་འཕྲལ་ང་ཚོ་འཐུས་མི་ཚོ་གྲོས་བསྡུར་བྱས་ནས་ཐག་གཅོད་བྱས་པ་ལས། ཞིབ་ཕྲའི་གནད་དོན་རྣམས་སྐབས་མཚམས་དགོངས་སྐོར་དུས་འགྱངས་ཞུ་བློས་བཟོད་མིན་བྱུང་བ་མ་གཏོགས་སྟེར་སྦྱིན་རྗེས་འབྲངས་ཀྱི་གཡོ་ལྷད་བྱས་རིགས་མེད་ཅིང་། ང་ཚོས་བྱས་པའི་ལས་ཀ་དེས་ཏཱ་ལའི་བླ་མའི་མཛད་འཕྲིན་དང་། བསྟན་སྲིད་མི་ཉམས་པ། སེར་སྐྱ་མི་དམངས་ཀྱི་བདེ་རྩར་ཕན་ཐབས་བྱུང་འདུག་ན་དེ་གས་འགྲིག་པ་ལས་སྔར་ལམ་ཞུང་དོན་གལ་ཆེའི་ལས་འགན་སྒྲུབ་མཁན་ལ་བྱས་རྗེས་གཟེངས་བསྟོད་ཐོབ་པ་ལྟར་ང་ཚོར་བྱས་རྗེས་ཐོབ་རྒྱུའི་བྱས་ཡུད་གཏན་ནས་ཞུ་རྒྱུ་མེད་ལུགས་སོགས་གཅིག་ནས་གཉིས་སུ་དྲངས་ཏེ་དུས་ཡུན་ཆུ་ཚོད་གཉིས་ཙམ་རིང་གནས་ཚུལ་གསལ་བཤད་དང་འབྲེལ་ཞིབ་རྒྱས་སྙན་སེང་ཞུ་གནང་མཛད་སོང་ཞིང་། ང་རང་ནས་བཀའ་བློན་ང་ཕོད་མཆོག་ནས་གསུང་དོན་ལྟར་ང་ཚོའི་ལས་དོན་འགྲིག་པ་ཞིག་འདུག་ན་བྱས་ཡུད་ཞུ་སེམས་མེད་ཁར། གལ་སྲིད་མི་འགྲིག་པའི་བྱས་ཉེས་སུ་གྱུར་ཡོད་ན་ལུས་སྲོག་ལོངས་སྤྱོད་ཐོག་བཀའ་ཉེས་ཇི་སྩལ་འགྱོད་སེམས་རྩ་བནས་མེད་གཤིས་ཚོགས་འདུས་ང་ཚོར་བཀའ་འདྲི་སྩལ་འོས་སོགས་བཀའ་གྲོས་ཞིབ་བསྡུར་གྱིས་དགོངས་འཆར་ལྷུག་སྩོལ་ཡོད་པ་ང་ཚོ་ཡོད་སར་སྐྱོན་བརྗོད་ཀྱི་བཀའ་བསྡུར་གནང་བདེ་མིན་ཡོང་རྒྱུར་ཚང་མའི་དགོངས་འཆར་གསལ་པོ་ཡོང་ཆེད་དེའི་རིང་ང་ཚོ་ཕྱིར་ཐོན་ཞུས་ཆོག་པ་བརྗོད་དེ་འཐུས་མི་རྣམས་ཚོགས་འདུ་ནས་ཕྱིར་ཐོན་པ་ཡིན། དེ་རྗེས་ཚོགས་འདུས་ཞིབ་བསྡུར་གྱིས་གྲོས་མཐུན་ལ་བརྩི་སྲུང་ཞུ་རྒྱུར་ཐག་བཅད་པའི་ཚིག་ཐོ་སྤྱི་ཐམ་བཞི་སྦྱར་བཀའ་ཤག་བརྒྱུད་ཏཱ་ལའི་བླ་མ་མཆོག་ལ་ཕུལ་འབྱོར་བྱུང་དོན་ཏཱ་ལའི་བླ་མ་མཆོག་ནས་ཀྱང་གྲོས་མཐུན་ལ་བརྩི་སྲུང་ཞུ་རྒྱུར་ཐག་བཅད་པའི་ཚིག་ཐོ་སྤྱི་ཐམ་བཞི་སྦྱར་བཀའ་ཤག་བརྒྱུད་ཏཱ་ལའི་བླ་མ་མཆོག་ལ་ཕུལ་འབྱོར་བྱུང་དོན་ཏཱ་ལའི་བླ་མ་མཆོག་ནས་ཀྱང་གྲོས་མཐུནལ་བརྩི་བཀུར་གནང་རྒྱུའི་སྐོར་མའོ་ཀྲུའུ་ཞིར་གློག་འཕྲིན་འབུལ་གནང་མཛད་དོན།

ཀྲུང་དབྱང་མི་དམངས་སྲིད་གཞུང་མཆོག་ལ། འདི་ལོ་བོད་ས་གནས་སྲིད་གཞུང་གིས་དབང་ཆ་ཚང་མ་ཡོད་པའི་འཐུས་མི་ང་ཕོད་ངག་དབང་འཇིགས་མེད་སོགས་མི་ལྔ་ཆེད་གཏོང་བྱས་ནས་༡༩༥༡ལོའི་ཟླ་༤པའི་ཟླ་སྨད་དུ་པེ་ཅིན་ལ་འབྱོར་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཆེད་བསྐོ་དབང་ཆ་ཚང་མ་ཡོད་པའི་འཐུས་མི་དང་མཉམ་དུ་ཞི་བའི་གྲོས་མོལ་བྱས་ཤིང་། ཕྱོགས་གཉིས་ཀའི་འཐུས་མིས་མཛའ་མཐུན་གྱི་རྨང་གཞིའི་ཐོག་༡༩༥༡ལོའི་ཟླ་༥ཚེས་༢༣ཉིན་བོད་ཞི་བས་བཅིངས་ཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཟིན་པ་རེད། བོད་ས་གནས་སྲིད་གཞུང་དང་། བོད་རིགས་སེར་སྐྱ་མི་དམངས་རྣམས་ནས་མགྲིན་དབྱངས་གཅིག་གྱུར་གྱིས་བརྩི་བཀུར་ཞུ་རྒྱུ་མ་ཟད། མའོ་ཀྲུའུ་ཞི་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག་ཧུར་བརྩོན་ཆེན་པོས་མི་དམངས་བཅིངས་འགྲོལ་དམག་བོད་བསྐྱོད་དཔུང་སྡེར་མཐུན་འགྱུར་རོགས་རམ་ཞུ་རྒྱུ་དང་། རྒྱལ་སྲུང་སྲ་བརྟན་དུ་གཏོང་བ། བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་བོད་ནས་མཐར་སྐྲོད་བཏང་སྟེ་མེས་རྒྱལ་གྱི་མངའ་ཁོངས་བདག་དབང་གཅིག་གྱུར་ལས་སྲུང་སྐྱོབ་བྱ་རྒྱུ་ཡིན།

བོད་ས་གནས་སྲིད་གཞུང་ཏཱ་ལའི་བླ་མས་༡༩༥༡ལོའི་ཟླ་༡༠ཚེས་༢༤བོད་ལྕགས་ཡོས་ཟླ་༨ཚེས་༢༤ལ་གུས་པས། ཕུལ།

ཞེས་འཁོད་པ་དེར་མའོ་ཀྲུའུ་ཞིས་ཏཱ་ལའི་བླ་མ་མཆོག་ལ་ཏར་ལན་སྩལ་དོན།

སྐུ་ཞབས་ཏཱ་ལའི་བླ་མ་ལ། ཁྱེད་ཀྱིས་༡༩༥༡ལོའི་ཟླ་༡༠ཚེས་༢༤ཉིན་བཏང་བའི་གློག་འཕྲིན་ལག་འབྱོར་བྱུང་། ཁྱེད་ཀྱིས་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་ཀྱི་གྲོས་མཐུན་ལག་ལེན་བསྟར་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་པས་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། སེམས་ཀྱི་གཏིང་ནས་བཀྲ་ཤིས་བདེ་ལེགས་ཀྱང་ཞུ་རྒྱུ་ཡིན། མའོ་ཙེ་ཏུང་གིས་༡༩༥༡ལོའི་ཟླ་༡༠ཚེས་༢༦ལ།ཞེས་འཁོད།

 

གྲོས་མཐུན་དོན་ཚན་བཅུ་བདུན་ལག་བསྟར་བྱ་རྒྱུ་གཏན་འཁེལ་བྱུང་ཉིད་སྔ་འཕྲོས་གྲོས་མཐུན་ནང་གསལ་བོད་བསྐྱོད་བཅིངས་འགྲོལ་དཔོན་དམག་ལ་འབྲུ་རིགས་སྤུས་འདོན་བྱ་རྒྱུ་སོགས་ས་གནས་ཀྱི་འོས་བབ་མཐུན་འགྱུར་རོགས་རམ་ཞུ་རྒྱུ་རྣམས་ནར་འགྱངས་མེད་པ་འཕྲལ་འཕྲལ་ཐག་གཅོད་ཡོད་ཆེད་ཏཱ་ལའི་བླ་མ་མཆོག་གིས་བཀའ་བློན་ང་ཕོད་ངག་དབང་འཇིགས་མེད་དང་། བཀའ་ཚབ་བླ་མ་དོམ་པོ་བ་མཁྱེན་རབ་དབང་ཕྱུག བཀའ་ཚབ་ཤན་ཁ་བ་འགྱུར་མེད་རྡོ་རྗེ་གསུམ་ལ་ལས་བྱ་བཀའ་དྲུང་མཚོ་སྒོ་དོན་གྲུབ་ཚེ་རིང་དང་། བཀའ་མགྲོན་བསམ་གླིང་ཕུན་ཚོགས་རྡོ་རྗེ་གཉིས་དམིགས་བཀར་བསྐོ་འཛུགས་གནང་སྟེ་ཐོག་མར་གཙུག་ལག་ཁང་གི་ལྷ་རྒྱུད་ཟུར་ལྗོངས་སུ་ཟུར་ལྗོངས་བཀའ་ཤག་ཅེས་པ་ཟུར་དུ་བཙུགས་པ་རེད།

ལེགས་བཅོས་ལས་ཁུངས་གསར་འཛུགས་བྱས་སྐོར།

གྲོས་མཐུན་ནང་གསལ་བོད་ཀྱི་སྤྱི་ཚོགས་ལམ་ལུགས་རིམ་བགྲོད་ཀྱིས་བསྒྱུར་བཅོས་བྱ་རྒྱུ་སོགས་ལ་གོང་འོག་བློ་མོས་གཅིག་གྱུར་བདེ་བླག་ཏུ་འགྲུབ་ཆེད་ཏཱ་ལའི་བླ་མ་མཆོག་གིས་བཀའ་ཤག་དང་། སྐུ་བཅར་སྤྱི་ཁྱབ་མཁན་པོར་དྲུང་རྩིས་ལ་གྲོས་བསྡུར་དང་འབྲེལ་འཆར་གཞི་འབུལ་དགོས་པའི་བཀའ་ཕབ་པ་ལྟར་བཀའ་ཤག་དང་སྤྱི་མཁན་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ལག་བསྟར་བྱ་རྒྱུ་གཏན་ཁེལ་བས་གྲོས་མཐུན་གྱི་ནང་དོན་ཁོངས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་རིམ་བཞིན་བསྒྱུར་བཅོས་བྱེད་དགོས་པས་དམངས་གཙོའི་བཅོས་བསྒྱུར་སོགས་དང་ད་ལྟའི་བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཧེ་བག་ཆེ་བས་གོམ་པ་རིམ་བགྲོད་ཀྱིས་བསྒྱུར་བཅོས་བྱ་རྒྱུ་གོང་འོག་བློ་མོས་གཅིག་གྱུར་བདེ་བླག་ཏུ་ལག་བསྟར་ཐུབ་ཆེད་དྲུང་རྩིས་ལ་གོ་བསྡུར་གྱིས་ལེགས་བཅོས་ལས་ཁུངས་ཞེས་པ་གསར་དུ་འཛུགས་རྒྱུ་དང་ལས་ཀ་བྱེད་ཕྱོགས་ཐད་དོན་ཚན་བདུན་འཁོད་པའི་འཆར་གཞི་ཞིག་ཏཱ་ལའི་བླ་མ་མཆོག་ལ་ཕུལ་ཏེ་ཆོག་མཆན་ཐོབ་པ་ལྟར་ཚོགས་འདུ་རྒྱས་འཛོམས་བསྐོང་འཚོགས་ཀྱིས་དྲུང་རྩིས་ནས་ཁྱ་བསྒྲག་བྱས་ཤིང་། ཚོགས་འདུས་མགྲིན་དབྱངས་གཅིག་གྱུར་གྱིས་མོས་མཐུན་བྱས་པ་ལྟར། ༡༩༥༢ལོར་ལེགས་བཅོལ་ལས་ཁུངས་ཞེས་པ་གསར་དུ་བཙུགས་པ་རེད།

ལེགས་བཅོས་ལས་ཁུངས་ཀྱི་གཙོ་འགན་བཞེས་མི་དང་། དེ་མིན་གྱི་མི་འགྲོའི་ཐད་ཚོགས་མི་མང་ཆེ་བས་བཀའ་བློན་གཅིག་ཕེབས་དགོས་པའི་འདོད་ཚུལ་བཏོན་པ་དང་། ཉུང་ཤས་ཀྱིས་བཀའ་བློན་གཉིས་ཕེབས་ན་ལེགས་ལུགས་བཤད་པའི་འདོད་ཚུལ་ཁག་གཉིས་བྱུང་ཞིང་། བཀའ་བློན་གཅིག་ཅེས་པ་ང་ཕོད་ཕེབས་རྒྱུར་ཡིད་ཆེས་བྱེད་པ་དང་། བཀའ་བློན་གཉིས་ཞེས་པ་ཟུར་ཁང་ཡང་ཚུད་རེ་བྱས་པ་ཞིག་ཡིན་པས་རྩོད་གླེང་ཕྲན་བུ་བྱུང་བ་དེར་དམིགས་ཡུལ་ངེས་པར་ལྡན་ཡོད་པ་ཟུར་བལྟས་ལེབ་མཐོང་ལ་བརྟེན་ཚོགས་འདུ་ལེགས་བཅོས་ལས་ཁུངས་ཀྱི་གཙོ་འཛིན་བཀའ་བློན་གཅིག་གཉིས་གང་འོས་བཀའ་བསྡུར་གྱིས་ཕེབས་གནང་ཡོ་བ་ཞེས་ཞུས་དོན་ལྟར་བཀའ་ཤག་ནས་ང་ཕོད་དང་། ཟུར་ཁང་གཉིས་ཀ་ཕེབ་རྒྱུར་ཐག་གཅོད་བྱས་པ་རེད། ཟུར་ཁང་དབང་ཆེན་དགེ་ལེགས་ལེགས་བཅོས་ལས་ཁུངས་ཀྱི་གཙོ་འགན་ལེན་མིར་ཚུད་རེ་བྱེད་པ་དེ་ནི་ཕྱི་ནང་ངན་མཐུན་ཡོད་་ཟུར་བལྟས་ལེབ་མཐོང་ཡིན་ཅིང་། འོན་ཀྱང་ལེགས་བཅོས་ལས་ཁུངས་ཀྱི་གཙོ་འགན་བཞེས་མི་ནི་བཀའ་བློན་ང་ཕོད་ངག་དབང་འཇིགས་མེད་ལ་བསྐོ་གཞག་གནང་བ་རེད།

བཀའ་བློན་ང་ཕོད་ངག་དབང་འཇིགས་མེད་ཀྱིས་གཙོ་འགན་བཞེས་འོག་དྲུང་རྩིས་ཁོངས་ནས་མཁན་དྲུང་ཏཱ་བླ་མ་ཐུབ་བསྟན་ནོར་བཟང་དང་། མཁན་དྲུང་ཆོས་འཕེལ་ཐུབ་བསྟན། ང་རང་མཁན་དྲུང་ལྷའུ་རྟ་ར་ཐུབ་བསྟན་བསྟན་དར།མཁན་དྲུང་ངག་དབང་དོན་གྲུབ། རྩིས་དཔོན་རྣམ་སྲས་གླིང་པ་དཔལ་འབྱོར་འཇིགས་མེད། རྩི་དཔོན་ཁེ་སྨད་སྲས་ཚེ་དབང་དོན་གྲུབ། རྩིས་དཔོན་ཤུད་ཁུད་པ་འཇམ་དབྱངས་མཁས་གྲུབ་བཅས་དང་། རྩེ་ཤོད་དྲུང་རིགས་ལས་ཚན་དང་གདན་ས་གསུམ་གྱི་ཚོགས་འཐུས་མི་འགྲོའི་ཐད་རྣམ་ཀུན་ཡིན་ན་རྩེ་སྐོར་ཡིག་ཚང་དང་། ཤོད་སྐོར་རྩིས་ཁང་ནས་འཆར་ཕུལ་བསྐོ་གཏོང་བྱེད་སྲོལ་ཡང་། སྐབས་དེར་རྩེ་ཤོད་འཐུས་མི་དམངས་གཙོའི་ཐབས་ཤེས་ཀྱི་ལས་ཚན་སྡེ་ཁག་སོ་སོས་འདེམས་ཤོག་འཕང་བ་ལྟར། རྩེ་སྐོར་ཛ་སག་སྣེའུ་ཤར་ཐུབ་བསྟན་ཐར་པ་དང་མཁན་ཆེ་ངག་དབང་གྲགས་པ། རྩེ་མཁན་མགྲོན་ཆེ་བ་ཕ་ལྷ་ཐུབ་བསྟན་འོད་ལྡན། དམག་སྤྱི་མཁན་ཆུང་བློ་གྲོས་སྐལ་བཟང་། མཁན་ཆུང་མཁྱེན་རབ་དངོས་གྲུབ། རྩེ་མགྲོན་སྣང་དཀར་ཐུབ་བསྟན་ཚེ་དཔལ། རྩེ་མགྲོན་ངག་དབང་སྐལ་བཟང་། རྩེ་དྲུང་ལས་ཚན་བསྟན་མ་ལྕོག རྩེ་དྲུང་ལས་ཚན་ཡེ་ཤེས་ལྷུན་གྲུབ། རྩེ་དྲུང་དཀྱུས་མ་ཐུབ་བསྟན་རིག་གྲོལ། ཀླུ་ཁང་རྒྱ་འུའི་ཞབས་སྡོད་བཅས་དང་། ཤོད་སྐོར་རིམ་བཞི་བླ་ཕྱག་སྨན་སྟོད་བློ་བཟང་དབང་འདུས། རིམ་བཞི་ཚེས་གསུམ་ཕུན་ཁང་པ་སྐལ་བཟང་དབང་ཕྱུག བཀའ་དྲུང་མཚོ་སྒོ་སྲས་དོན་གྲུབ་ཚེ་རིང་། ཡབ་གཞིས་སྟག་ལྷ་སྲས་ཕུན་ཚོགས་བཀྲ་ཤིས། ལས་ཚན་བཀའ་དྲུང་ལྡུམ་ར་བ་བསྟན་འཛིན་ཆོས་བཟང་། རྩིས་པ་བར་མཚོ་བ་ཚེ་རིང་དཔལ་འབྱོར། དྲུང་འཁོར་དཀྱུས་མ་རྩིས་ཁང་ཡིག་ཚགས་འབྱོར་རྒྱས་པ་རྡོ་རྗེ་དབང་འདུས། ཤོད་དྲུང་བྱང་ཐང་བཀྲས་གླིང་པ་ཕུན་ཚོགས་དབང་འདུས། འབྲས་སྤུངས་མཁན་འཐུས་འདུལ་བ་མཁན་པོ་ཐུབ་བསྟན་ཚེ་རིང་དང་། གྲྭ་ཚང་བཞིའི་འཐུས་མི་རེ། སེ་ར་མཁན་འཐུས་སྟོད་པ་མཁན་པོ་དང་། གྲྭ་ཚང་གསུམ་གྱི་འཐུས་མི་རེ། དགའ་ལྡན་ཤར་བྱང་གཉིས་ཀྱི་འཐུས་མི་ཨབ་ར་བ་དང་། གོང་གསལ་འཐུས་མི་རྣམས་རྒྱུད་དུ་རྟག་མཚོན་མ་དགོས་པར་རྫོང་གཞིས་ཁག་གི་ཡོང་འབབ་རྩིས་བཤེར་བསྡུ་དམ་བྱ་རྒྱུ་སོགས་ཀྱི་རྒྱུན་ལས་ལྟ་བུར་དྲུང་ཡིག་ཆེ་མོ་ཆོས་འཕེལ་ཐུབ་བསྟན་དང་རྩི་དཔོན་རྣམ་གླིང་དཔལ་འབྱོར་འཇིགས་མེད། ལས་བྱ་ཡིག་ཚགས་སེར་སྐྱ་དང་། གདན་ས་གསུམ་གྱི་འཐུས་མི་བཅས་མི་གྲངས་བཅོ་ལྔ་ཙམ་གཏན་འཁེལ་བྱས་པ་རེད།

ལེགས་བཅོས་ལས་ཁུངས་དངོས་སུ་ཚུགས་རྗེས་ཀྱི་གནས་ཚུལ།

ལེགས་བཅོས་ལས་ཁུངས་དེས་ཐོག་མར་འཆར་གཞི་དོན་ཚ་བདུན་གྱི་ནང་དོན་ལྟར་སྤྱི་ཚོགས་ཀྱི་ལམ་ལུགས་བཅོས་བསྒྱུར་བྱ་རྒྱུའི་སྐོར་སོགས་རྩ་བའི་འཆར་གཞི་དོན་ཚན་བདུན་གྱི་ཁོངས་ནས་རྫོང་གཞིས་གཞུང་འཛིན་དང་། སྐུ་དྲག་སེར་སྐྱ་གཞུང་དོན་དུ་ཕྱོགས་ཐོན་བྱེད་སྐབས་གོ་གནས་ཀྱི་རིམ་པར་གཞིགས་པའི་གཞུང་གཡོག་ཟེར་བ་དང་། རྟ་ཁལ་བསྐུལ་གཏོང་ཉུང་འཕྲི་བྱས་པ་སོགས་འཆར་འཕར་ལམ་ཡིག་རྒྱས་བསྡུས་དང་། རྫོང་གཞིས་གཞུང་འཛིན་གྱི་མི་འགྲོ་དང་ལྷ་སྡོད་སྐུ་དྲག་སེར་སྐྱ་ལ་འབྲུ་དངུལ་ཕོགས་ཐོབ་བཟོས་པ། རྒྱ་ཁྱབ་མི་སེར་ལ་བུན་ཆག་བཏང་བ་སོགས་བཅོས་བསྒྱུར་བྱ་རྒྱུའི་ཐབས་ལམ་གྱི་རྨང་གཞི་ཡག་ཙམ་ཞིག་བཏིང་བ་རེད། འོན་ཀྱང་མེ་བྱ་༡༩༥༧ལོར་སྨད་ཕྱོགས་ནས་མི་ཁག་གཅིག་གིས་དམངས་གཙོའི་བཅོས་བསྒྱུར་ལ་ངོ་རྒོལ་བྱེད་པའི་ངོ་ལོག་ཟིང་འཁྲུག་དངོས་སུ་སློང་འགོ་བཙུགས་ཏེ་མི་མང་པོ་བོད་ཕྱོགས་ཡུལ་གྱར་ལྷགས་འབྱོར་བྱུང་བར་བརྟེན་སྐབས་དེར་ཏཱ་ལའི་བླ་མ་མཆོག་གི་བཀའ་དགོངས་བཞིན་བཀའ་བློན་ང་ཕོད་ངག་དབང་འཇིགས་མེད་དང་། མཚུར་ཕུ་ཀརྨ་པ་རིན་པོ་ཆེ། རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ནས་སྤོམ་མདའ་སྟོབས་རྒྱལ། ལས་བྱ་བླ་ཕྱག་སྨན་སྟོད་པ་བློ་བཟང་དབང་འདུས་དང་། ལས་ཚན་ལྡན་བྱ་ཚང་པ་རྡོ་རྗེ་རབ་བརྟན་བཅས་ཆབ་མདོར་བདེ་འཇགས་ཁྱབ་ཇུས་གནང་སྒོར་ཕེབས་དགོས་བྱུང་བ་ནས་བཟུང་བཀའ་བློན་ང་ཕོད་དམིགས་བསལ་མཛད་བྲེལ་ཆེ་བས་ལེགས་བཅོས་ལས་ཁུངས་སུ་རྟག་ཕེབས་ཐུབ་མིན་ཁར། རྒྱུན་ལས་དྲུང་རྩིས་གཉིས་ཀྱི་ནང་ནས་རྩིས་དཔོན་རྣམ་གླིང་པ་ནི་ཟིང་སློང་ཁམས་རིགས་ཀྱི་འགོ་ཁྲིད་ཨ་འབྲུག་ཚང་དང་ངན་འབྲེལ་ཡོད་མཁན་ཞིག་ཡིན་པ་སོགས་ཀྱིས་གང་ལྟར་ལེགས་བཅོས་ལས་ཁུངས་ཀྱི་གལ་ཆེའི་ལས་དོན་གྲོས་ཚོགས་ཀྱང་དེ་ཙམ་འཚོག་རྒྱུ་མ་བྱུང་བ་མ་ཟད། རྒྱུན་ལས་དྲུང་རྩིས་གཉིས་ནས་ཀྱང་ལེགས་བཅོས་ལས་ཁུངས་ཀྱི་འཆར་གཞི་ནས་གསལ་ལས་འགན་བསྒྲུབ་རྒྱུའི་འཕྲོས་པ་ཙམ་མེད་པར་དེ་ལས་ལྡོག་སྟེ་ཟིང་སློང་ལ་དངོས་ཤུགས་ཀྱི་ངན་རྒྱབ་གང་ཐུབ་བྱས་ཐོག་རྫོང་གཞིས་གཞུང་འཛིན་བྱས་པའི་འབབ་འཕར་དངུལ་རྣམས་བསྟན་སྲིད་ཞབས་རིམ་ལ་ཁག་བཏགས་ཏེ་གསར་བརྗེར་ངོ་རྒོལ་གྱི་དགོས་དངུལ་ཐོག་བཏང་བའམ། རྒྱུན་ལས་ངོ་འཁོར་གྱིས་གཡར་བེད་སྦྱད་པ། རྒྱུན་དུ་སྒེར་དོན་གྱོད་གཞི་ཁག་ལ་ཉེ་དགའ་ཕྱོགས་ལྷུང་སོགས་ཀྱི་ལས་ཀར་མགོ་འཁོར་ནས་བསྡད་དེ་ལས་ཁུངས་ཁག་གི་འཆར་ཅན་ཡོང་འབབ་ཆགས་པ་དང་། ལེགས་བཅོས་ཀྱི་འཆར་གཞི་ནང་གསལ་ལས་དོན་བསྒྲུབ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་གསར་བརྗེ་དང་། དམངས་གཙོའི་བཅོས་བསྒྱུར་ལ་བཀག་འགོག་བྱེད་པའི་ལམ་དུ་བསྐྱོད་པ་རེད།

ས་ཁྱི་(1958)ལོར་སྨད་ཕྱོགས་ནས་ཁམས་རིགས་མང་པོ་བྲོས་འབྱོར་བྱུང་བ་རྣམས་ལྷོ་ཁ་ཁུལ་དུ་རུབ་འཛོམས་ཀྱིས་ཡས་མས་གང་སར་ཟིངས་འཁྲུག་སློང་ཤུགས་ཇེ་ཆེར་འགྲོ་བར་བརྟེན་སྐབས་དེར་ཏཱ་ལའི་བླ་མ་མཆོག་གི་བཀའ་དགོངས་བཞིན་བཀའ་ཤག་ནས་ཀྲུང་གུང་བོད་ལས་དོན་ཨུ་ཡོན་ལྷན་ཁང་བརྒྱུད་ཁམས་ཟིང་བདེ་འཇགས་ཀྱི་ཐུགས་འགན་ཀྲུང་དབྱང་རང་ནས་བཞེས་ཆ་ཡོད་པ་ཞུ་གནང་མཛད་རུང་། ཀྲུང་དབྱང་ནས་གསར་བརྗེའི་ལས་ཁུངས་ཁག་དང་། སློབ་གྲྭ་ཁག གཞུང་ལམ་ཁག་བཅས་པར་ཚུར་རྒོལ་བྱུང་ན་དེ་ལན་བསློག་རྒྱུ་ལས་རྩ་བའི་བདེ་འཇགས་ས་གནས་རང་གིས་འགན་འཁུར་དགོས་པའི་བཀའ་ལན་ཕེབས་སྟབས་དེ་འཕྲལ་ཏཱ་ལའི་བླ་མ་མཆོག་ནས་བཀའ་ཤག་དང་། དྲུང་རྩིས། གདན་སའི་མཁན་འཐུས་དང་། གཞུང་ཞབས་སེར་སྐྱའི་ཁོངས་ནས་ལས་ཚན་(ལས་ཚན་ནམ། ལས་ཚན་ཡན་གང་ཡིན་མ་ངེས)རྣམས་ནོར་གླིང་གཟིམ་ཆུང་རྟག་བརྟན་མི་འགྱུར་ཕོ་བྲང་དུ་བསྐོང་འདུ་གནང་སྟེ“ཀྲུང་དབྱང་དགོངས་པ་དྭངས་པ་དང་། ཁམས་རིགས་ཀྱི་ཟིང་ཆ་འཇགས་ཐབས”སྐོར་ཐབས་ཇུས་ལག་བསྟར་འཕྲལ་དུ་ཐུབ་པ་དགོས་རྒྱུའི་བཀའ་སློབ་ཟབ་ནན་བསྩལ་ཅིང་། སྐབས་དེར་ཚང་མ་གྲོས་བསྡུར་གནང་སྟེ་བདེ་འཇགས་ལས་འགན་འདི་སྐོར་ཐུགས་གལ་ཧ་ཅང་ཆེ་བས་ལེགས་བཅོས་ལས་ཁུངས་ཀྱི་འཐུས་མི་སྔར་ཡོད་ཐོག གསར་དུ་གདན་ས་གསུམ་གྱི་མཁན་འཐུས་དང་། གཞུང་ཞབས་སེར་སྐྱ། དམག་སྒར་ཁག་གི་རུ་བརྒྱ། དྲུང་ཏོག་ཡན་བཅས་ཀྱི་སྡེ་ཚན་སོ་སོའི་འཐུས་མི་འདེམས་བསྐོ་བྱས་ཏེ་ཁྱོན་འཐུས་མི་མི་གྲངས་༦༦ཚམ་ལས་གྲུབ་པའི་ཚོགས་འདུ་ཧྲག་བསྡུས་རྒྱས་པ་ཞིག་ལེགས་བཅོས་ལས་ཁུངས་སུ་འཚོག་རྒྱུའི་གཏན་འབེབས་བྱས་དོན་ལྟར་འཚོགས་འདུ་དེའི་ཐོག་ནས་ཚོགས་འདུའི་འགོ་ཁྲིད་དུ་ལྷ་རབ་བཀའ་ཤག་ལྷན་རྒྱས་དང་། དེ་མིན་ས་དབང་རྣམ་པ་གཅིག་ཆིབས་བསྒྱུར་ཡོང་བ་ཞེས་སྙན་སེང་ཞུས་པར་ས་དབང་ཚང་མས་ང་ཕོད་ནི་ལེགས་བཅོས་ལས་ཁུངས་ཀྱི་དབུ་བཞུགས་ཡིན་མུས་ལ་བརྟེན་རང་འཇགས་ཆིབས་བསྒྱུར་ཡོང་ཐབས་ནན་གསུང་གནང་ཡོད་ཚོད་ཀྱང་། ང་ཕོད་ཀྱིས་ང་རང་ལ་ཁམས་རིགས་ཚོས་ཀྲུང་དབྱང་ཕྱོགས་ཀྱི་ཁོངས་མི་ཞིག་ཏུ་བརྩི་བའི་ལྟ་ཚུལ་གང་ཡོད་ཚང་མས་མཁྱེན་གསལ་ལ་བརྟེན་ད་རེས་ཀྱི་ལས་དོན་འདི་སྐོར་རང་ནས་བསྒྲུབ་ཐབས་རྩ་བ་ནས་མེད་ལུགས་ཀྱི་དགོངས་ཞུ་མཐའ་བཀག་མཛད་པས་མཐར་བཀའ་བློན་ཟུར་ཁང་ལ་ཚོགས་འདུའི་འགོ་ཁྲིད་གཏན་འཁེལ་བྱས་པ་རེད།

ཟུར་ཁང་གི་འགོ་ཁྲིད་འོག་མུ་མཐུད་ཚོགས་འདུ་འཛོམས་སྐབས་ལེགས་བཅོས་ལས་ཁུངས་དེ་དེ་བས་ངན་ཕྱོགས་སུ་འགྱུར་ཏེ་ཐོག་གདན་ས་གསུམ་གྱི་འཐུས་མིས་ཀྲུང་དབྱང་ནས་ཏཱ་ལའི་བླ་མ་རིན་པོ་ཆེ་མེས་རྒྱལ་ནང་ཁུལ་དུ་གདན་ཞུ་བྱ་རྩིས་ཡོད་འདུག་པས་ད་ལྟ་ཏཱ་ལའི་བླ་མ་མཆོག་ལྷ་རམས་མཚན་བཞེས་མཛད་རྒྱུར་བརྟེན་རྒྱ་ནག་ལ་ཕེབས་ན་རྩ་བ་ནས་འགྲིག་གི་མ་རེད་ཅེས་པའི་གྲོས་འགོ་བཏོན་ཅིང་། བཀའ་བློན་ཟུར་ཁང་གིས་དོན་གནད་འདི་ཤིན་ཏུ་གལ་འགངས་ཆེ་བས་ཐབས་ཤེས་གང་དྲག་བྱེད་དགོས་བཤད་པར་ཕ་ལྷ་ཐུབ་བསྟན་འོད་ལྡན་གྱིས་ལེགས་བཅོས་ཚོགས་འདུའི་སྐད་ཆ་ལམ་སེང་ཕྱི་ལ་གྱར་གྱི་འདུག་པས་སྒོའི་ཐེམ་པ་བརྒལ་ཏེ་བཤད་མི་ཆོག་པའི་ལུས་སྲོག་ལོངས་སྤྱོད་འབའ་བཙུགས་གན་རྒྱ་ས་ཡིག་འབྱར་མ་བླངས་ནས་ཞེས་བཤད་ཅིང་། ཚང་མས་དེའི་ཁ་ཤུགས་སུ་འབྲངས་ཏེ་གན་རྒྱ་འབའ་ཅན་བཟོས་བྲིས་ཀྱིས་མིང་རྟགས་བཀོད་པ་རེད།

དེ་ནས་ཚོགས་ཆུང་ཁག་བཞིར་བགོས་ཤིང་། ཚོགས་ཆུང་དང་པོའི་ཙུའུ་ཀྲང་བཀའ་བློན་ཟུར་ཁང་དང་། ཙུའུ་ཀྲང་གཞོན་པ་མཁན་དྲུང་ཏཱ་བླ་མ་ཐུབ་བསྟན་ནོར་བཟང་དང་རྩིས་དཔོན་ཁེ་སྨད་ཚེ་དབང་དོན་གྲུབ་ཅན་མི་བཅུ་དྲུག་ཚོགས་ཆུང་གཉིས་པར་མཁན་དྲུང་ཆོས་འཕེལ་ཐུབ་བསྟན་དང་། རྩིས་དཔོན་རྣམ་སྲས་གླིང་དཔལ་འབྱོར་འཇིགས་མེད་ཅན་མི་བཅུ་དྲུག ཚོགས་ཆུང་གསུམ་པར་ང་རང་དང་། རྩིས་དཔོན་ཤུད་ཁུད་པ་འཇམ་དབྱངས་མཁས་གྲུབ་ཅན་མི་བཅུ་དྲུག ཚོགས་ཆུང་བཞི་པར་མཁན་དྲུང་ཐུབ་བསྟན་བྱང་ཆུབ་དང་། རྩིས་དཔོན་མཚོ་སྒོ་དོན་གྲུབ་ཚེ་རིང་ཅན་མི་བཅུ་དྲུག་བཅས་ཁག་བགོས་ཀྱིས་གྲོས་བསྡུར་བྱེད་དུ་བཅུག་ཅིང་། སྐབས་དེར་ཕ་ལྷ་ཐུབ་བསྟན་འོད་ལྡན་ཚོགས་ཆུང་གསུམ་པའི་ཚོགས་མིའི་ཁོངས་ཡོད་གཤིས་ཁོ་པས་ཏཱ་ལའི་བླ་མ་མེས་རྒྱལ་ནང་ཁུལ་དུ་གདན་ཞུ་བློས་འགན་མི་བཟོད་པ་དང་། ཆུ་བཞི་སྒང་དྲུག་ནི་རང་སྲོག་བློས་བཏང་གིས་རྒྱལ་བསྟན་ཆབ་སྲིད་སྲུང་སྐྱོབ་དང་བོད་མི་དམངས་ལ་བདེ་སྐྱིད་འབྱུང་ཐབས་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པས། ཀྲུང་དབྱང་གི་གསུང་བབས་ལྟར་རྒོལ་གཏོར་བྱ་ཐབས་མེད་ལུགས་བཤ་སོང་བར་ཚོགས་ཆུང་ནང་གི་ཚོགས་འཐུས་ཚང་མས་ཁོ་པའི་ཟེར་རྗེས་སུ་འབྲངས་ཤིང་། ང་རང་གིས་བསམ་འཆར་བཤད་དོན། ཆུ་བཞི་སྒང་དྲུག་གི་ཟིང་ཆ་ལྷིང་འཇགས་གཏོང་རྒྱུར་ཀྲུང་དབྱང་ནས་བོད་ས་གནས་སྲིད་གཞུང་ལ་གོ་མཚོན་འབོར་ཆེ་ཞིག་གཡར་པོ་གནང་རོགས་ཞུ་དགོས། གོ་མཚོན་མ་གཡར་ན་ང་ཚོས་ཞོད་འཇགས་གཏོང་འདོད་ཡོད་རུང་གོ་ལག་མེད་ན་བྱ་ཐབས་མི་འདུག་ཅེས་བཤད་ཆོག་ལ། གལ་ཏེ་ལག་ཆ་གཡར་ཚེ་རྗེས་སུ་བེད་སྤྱོད་གང་འགབ་བཏང་ཆོག་གི་རེད་ཅེས་བཤད་པར་ཚང་མས་ཡག་པོ་འདུག་ཅེས་བཤད་སོང་།

དེ་ནས་ཚོགས་ཆུང་ཁག་གི་ཚིག་ཐོ་རྣམས་བཀའ་བློན་ཟུར་ཁང་ཡོད་སའི་ཚོགས་ཆུང་དེར་སྤྲད་ཅིང་། ཚོགས་ཆུང་དང་པོའི་བསམ་འཆར་གཙོ་བཟུང་བྱས་པའི་ཚོགས་ཆུང་ཁག་ཐུན་མོང་གི་ཚིག་ཐོར་ཏཱ་ལའི་བླ་མ་མཆོག་གི་བཀའ་དགོངས་ལྟར་རྩ་བའི་གྲོས་དོན་ཀྲུང་དབྱང་དགོངས་པ་དྭངས་པ་དང་། ཁམས་རིགས་ཟིང་ཆ་འཇགས་ཐབསཞེས་ཚིག་ཐོའི་འགོ་བརྗོད་གང་མཁས་སུ་དྲངས་པ་ལས། ནང་དོན་གསར་བརྗེ་དང་། དམངས་གཙོའི་བཅོས་བསྒྱུར་ལ་བཀག་འགོག་གང་ཐུབ་བྱ་རྒྱུའི་དོན་གནང་བསྣན་ཏེ་བཀའ་བློན་ཟུར་ཁང་བརྒྱུད་བཀའ་ཤག་ལ་ཕུལ་བ་དང་། དེའི་སང་ཉིན་ཀུན་གླིང་ཛ་སག་འོད་ཟེར་རྒྱལ་མཚན་གྱིས་བཀའ་བློན་ཟུར་ཁང་ལ་ཁ་སའི་གནས་ཚུལ་བཀའ་ཤག་ལ་སྙན་སེང་གནང་ཡོད་དམ་བརྗོད་སོང་བར་བཀའ་བློན་ཟུར་ཁང་གིས་གད་མོ་ཞིག་བགད་དེ་ལེགས་བཅོས་ཀྱི་སྐད་ཆ་ཐེམ་པ་བརྒལ་མི་ཆོག་སྟབས་བཀའ་ཤག་ལ་དེ་བས་ཞུ་ཐབས་མེད་པ་རེད། ཡོད་པ་མ་ཡིན་རྒྱལ་བས་འདི་མ་གསུངས། མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི།ཞེས་བཤད་པར་ཀུན་གླིང་ཛ་སག་ནས་རྟག་པར་དེ་འདྲ་གསུངས་ན་འགྲིག་ཨེ་ཡོང་ཞེས་བཤད་སོང་བས་ཚང་མ་གད་མོ་ཤོར་དགོས་པ་བྱུང་སོང་། དོན་དུ་གྲོས་ཚོགས་དེས་ཏཱ་ལའི་བླ་མའི་བཀའ་དགོངས་བདེ་འཇགས་ཀྱི་ལས་དོན་སྐོར་ཕན་ནུས་གང་ཡང་མ་ཐོན་པ་མ་ཟད། དེ་ལས་ལྡོག་སྟེ་ཕན་མེད་གནོད་འགྱུར་གྱི་འུར་ཟིང་ངང་གྲོལ་བ་སོགས་མདོར་ན། ལེགས་བཅོས་ལས་ཁུངས་ཟེར་བ་དེ་དེ་ལྟ་བུའི་སྒོ་ནས་མཐའ་མ་ཏང་དང་མི་དམངས་ལ་རྒྱབ་གཏོད་བྱེད་པའི་ལོག་སྤྱོད་ཀྱི་སྒྲིག་འཛུགས་ཤིག་ཏུ་ངན་འགྱུར་སོང་སྟེ་མཇུག་སྒྲིལ་བ་བཅས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060