| ལྷོ་བྲག་སྨན་ཐང་པ་དང་མཁྱེན་བརྩེ་ཆེན་མོ་གཉིས་ནི་དུས་རབས་བཅུ་བཞི་པའི་ནང་དུ་བོད་གངས་ཅན་གྱི་ཐུན་མོང་མ་ཡིན་པའི་རི་མོ་སྨན་ལུགས་ཀྱི་བྲིས་རྒྱུན་སྲོལ་བཏོད་ཅིང་དེའི་གཞུང་ལུགས་དང་བཅས་པ་གསར་རྩོམ་མཛད་པས་བོད་ཀྱི་བཟོ་རིག་རི་མོ་རང་རྐྱ་ཐུབ་པར་བྱུང་བས་བཀའ་དྲིན་ལྷག་པར་ཆེ་ཞིང་བོད་རིས་ཤིང་རྟའི་སྲོལ་འབྱེད་སྨན་མཁྱེན་རྣམ་གཉིས་ཞེས་སྙན་པ་རླུང་ལྟར་གྲགས་སོ། །
དེ་ལས་དང་པོ་སྨན་ལུགས་ཀྱི་སྲོལ་འབྱེད་པ་པོ་རྗེ་བཙུན་འཇམ་པའི་དབྱངས་མི་ཡི་གཟུགས་སུ་བྱོན་པ། སྤྲུལ་པའི་བཟོ་བོ་སྨན་བླ་དོན་འགྲུབ་དེ་ཉིད་ནི་ལྷོ་བྲག་སྨན་ཐང་དུ་སྐུ་འཁྲུངས། སྐུ་བལྟམས་པའི་གནས་སུ་མཚལ་གྱི་གཏེར་ཁ་ཐོན། ཆུང་དུས་ནས་རིག་པ་གསལ་བ་དང་། མཚན་སྤྱོད་བཟང་བ་སོགས་རང་དང་མཉམ་པའི་བྱིས་པ་དག་ལས་ཁྱད་པར་དུ་འཕགས་པའི་ཡོན་ཏན་དུ་མ་མངའ། ནར་སོན་ཏེ་ཁྱིམ་ཐབ་བཟུང་བར་རང་གི་ཆུང་མ་དང་མ་མཐུན་ནས་ཡུལ་འཁྱར་བའི་ལམ་དུ་པིར་ཆགས་པ་གཅིག་དང་ལྷའི་བྲིས་དཔེ་ཤོག་དྲིལ་ཞིག་ཪྙེད་པས་སྔོན་གྱི་བག་ཆགས་ཀྱིས་དགའ་ཚོར་ཆེན་པོ་བྱུང་ཞིང་། རི་མོ་སྦྱོང་རྒྱུ་ལ་བློ་ཕྱོགས་ནས། གཙང་དང་ས་སྐྱ་སོགས་སུ་རི་མོའི་སློབ་དཔོན་བཙལ་དུ་ཕྱིན་པས། གཙང་དུ་རྡོ་པ་བཀྲ་ཤིས་རྒྱལ་པོ་ཞེས་དེ་དུས་ཀྱི་གཟུགས་མཁན་གྲགས་ཅན་དེ་དང་མཇལ་ནས་བོད་དང་རྒྱ་གར་ནག་ལ་སོགས་ཀྱི་སྲོལ་རྒྱུན་རི་མོའི་ལག་ལེན་དང་གཞུང་ལུགས་བཅས་པ་ལ་གསན་སྦྱངས་བྱང་ཆུབ་པར་མཛད་དེ་རི་མོ་ལེགས་པའི་ཚད་མ་འཛིན་པར་གྱུར། དེ་ནས་རང་རེ་བསིལ་ལྡན་གྱི་ལྗོངས་འདིར་ཆེས་སྔ་མོ་ཞིག་ནས་གཟུགས་བཟོའི་ལག་རྩལ་དར་ཞིང་མི་རིགས་གཞན་གྱི་བྲིས་རྒྱུན་གཞུང་ལུགས་སོགས་ཡོད་མོད་ཀྱང་། བོད་རང་ཉིད་ཀྱི་ཁྱད་ཆོས་དང་ལྡན་པའི་རི་མོའི་སྲོལ་རྒྱུན་དང་དེའི་གཞུང་ལུགས་བཅས་ཆ་ཚང་བ་ཞིག་མ་བྱུང་ན། མི་རིགས་གཞན་གྱི་གཞུང་ལུགས་རྗེས་བཟླས་དང་། སྲོལ་རྒྱུན་རི་མོ་སོགས་ལ་རིས་ནང་རིས་འགྲོ་ཐུབ་པ་ཙམ་གྱིས་མི་ཡོང་བ་འདུག་པས། ད་ལན་མདོ་རྒྱུད་ཀྱི་དགོངས་པ་དང་མཐུན་ཞིང་ཚོན་མདངས་བཅད་གསུམ་ལ་སོགས་རང་རིགས་ཀྱི་གོམས་སྲོལ་དང་མཛེས་སྣང་གི་འདོད་བློ་དང་བསྟུན་ནས། སྐྱེ་བོ་ཀུན་གྱི་དང་བ་འདྲེན་པའི་རི་མོ་ཞིག་གསར་དུ་བསྐྲུན་དགོས་དགོངས་ཏེ། སྔར་ཡོར་རྒྱ་དཀར་ནག་གི་ལུགས་དང་བོད་རང་ལ་ཡོད་པའི་སྲོལ་རྒྱུན་གྱི་རི་མོ་གཞིར་བྱས། མདོ་རྒྱུད་གཉིས་ཀྱིར་དགོངས་པ་དང་བསྟུན་ནས་སྐུའི་ཆ་ཚད་ཐིག་རྩ་ཚུགས་ཆེན་བརྒྱད་ལ་ཤ་ཚུགས་རེ་དང་། ན་བཟའ་སྲོལ་རྒྱུན་རེ་བཅས་བཅུ་དྲུག་གིས་གཏན་ལ་ཕབ་སྟེ་ཆ་ཚད་ཡིད་བཞིན་ནོར་བུ་ཞེས་པའི་བོད་ཀྱི་གཟུགས་བཟོའི་གཞུང་ལུགས་ཀྱི་ཐོག་མ་དེ་བརྩམས་པ་ཡིན་ལ། ངག་རྒྱུན་དུ་ཁོང་སྐྱེ་བ་སྔ་མ་དེ་རྒྱ་ནག་ཡུལ་གྱི་རི་མོ་མཁས་ཅན་ཞིག་ཡིན་ཞིང་། དེས་བྲིས་པའི་སི་ཐང་རྒྱ་མཛོད་ཆེན་མོར་གྲགས་པ་དེ་གཟིགས་པ་ཙམ་གྱིས་སྔོན་གནས་རྗེས་དྲན་གྱི་ཚུལ་གྱིས་རྒྱལ་རིགས་དང་ཉེ་བ་ལྡན་ལུགས་ཀྱི་རི་མོ་ཐམས་ཅད་ཐུགས་ལ་བཀྲ་ལམ་མེར་ཤར། དེས་བག་ཆགས་ཀྱིས་ཁོང་གི་རི་མོ་ཕལ་ཆེ་བའི་ན་བཟའི་རི་མོ་དང་ཡུལ་བཀོད་ཐམས་ཅད་རྒྱ་ནག་གི་རི་མོ་ལ་ཧ་ཅང་འདྲ་པོ་ཡོད་ཅེས་བཟོ་རིག་སྨྲ་བའི་དབང་པོ་འགའ་ཞིག་གི་གསུང་ལས་ཐོས་སོ། །
སྐབས་དེར་རྒྱལ་བའི་དབང་པོ་དགེ་འདུན་གྲུབ་ཉིད་ནུབ་གཅིག་གི་མནལ་ལམ་དུ། རྗེ་བཙུན་སྒྲོལ་མས་སང་ཉིན་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཞིག་འོང་བ་ཡོད་ཅེས་ལུང་བསྟན་པར། ཕྱི་ཉིན་སྨན་བླ་དོན་གྲུབ་ཡུལ་དེར་ཕེབས་པ་དང་མཇལ་བས། འཕགས་པ་འཇམ་དཔལ་གྱི་སྤྲུལ་པར་ངོས་ཟིན་ནས་བཀུར་བསྟི་རྒྱ་ཆེན་པོ་མཛད། གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་གསར་བཞེངས་སྐབས། རྒྱལ་དབང་དགེ་འདུན་གྲུབ་ཀྱིས་སྨན་ཐང་པ་དཔོན་སློབ་གདན་དྲངས་ནས་གཙུག་ལག་ཁང་བྱང་གི་ལྡེབས་ཆེན་གཉིས་ལ་ཆོས་སྐུ་རྡོ་རྗེ་འཆང་ཐུགས་ཀར་ཆོས་འཆད་དུ་མཛད་པ་ལ་གྲུབ་ཆེན་བརྒྱད་ཅུས་བསྐོར་བ་དང་། སྟོན་པ་ཤཱཀྱའི་རྒྱལ་པོ་ལ་འཕགས་པའི་གནས་བརྟན་བཅུ་དྲུག་གིས་བསྐོར་བ། རྗེ་བཙུན་ཙོང་ཁ་པ་ཡབ་སྲས་བཅས་དང་། ནུབ་ངོས་སུ་ཐུབ་པའི་མཛད་པ་བཅུ་གཉིས། ལྷོ་ངོས་སུ་སྒྲོལ་མ་གཡུ་ལོ་བཀོད་པའི་ཞིང་ཁམས་དང་འདོད་ལྷ་སྣ་ཚོགས། གཞུང་སྒོ་ཐད་ཀྱི་ཀ་བ་གཉིས་ལ་ཁྲོ་བོ་མི་གཡོ་བ་དང་རྟ་མགྲིན་གྱི་རི་མོ་སོགས་མཛད་ཚུལ་དགོན་པ་དེའི་ལོ་རྒྱུས་ལས་གསལ་ལོ། །
ཁོང་གིས་གསར་གཏོད་མཛད་པའི་རི་མོའི་ཁྱད་ཆོས་ནི་ཚོན་མཐུག་ཅིང་མདངས་ཤས་ཆེ་བ། སྐྱ་ཚོན་རིགས་ཉུང་བས་རི་མོ་གཞན་ལས་སྣུམ་མདངས་ཆེ་བ། རྒྱང་ལ་རྔམ་ཞིང་བཅར་ན་ཞིབ་པ། སྤང་མཐིང་གི་ཚོན་གར་བ། སྐུ་གཟུགས་ཀྱི་མགྲིན་པ་དང་ཕྲག་པ་མཐོ་བ། ཤ་ཚུགས་དང་ཉམས་འགྱུར་བཟང་བ། གོས་འཁྱུད་དང་བཅད་རིས་རྒྱ་ནག་གི་རི་མོ་ལ་ཉེ་བ། ལྷ་རྣམས་ཚོམ་བུར་མ་བཀོད་པར་བཀྲམ་པ་ལྟར་བཀོད་པས་ས་བཅད་ཀྱི་བཀོད་པ་ཆེར་མི་མཛེས་པ་བཅས་ཏེ། སྨན་ལུགས་སྲོལ་རྒྱུན་འཛིན་པ་ལ་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་བྱུང་སྟེ། སྲས་རྒྱུན་གྱི་གཙོ་བོ་སྨན་ཐང་འཇམ་དབྱངས་དང་། སྨན་ཐང་ཞི་བ་འོད། སྨན་ཐང་མགོན་པོ་ཚེ་དབང་སོགས་ལྷ་བཟོ་ཕུལ་དུ་བྱུང་བ་རྣམས་དང་། སློབ་རྒྱུན་གྱི་གཙོ་བོ་སྤྲུལ་སྐུ་རྟ་ནག། ཕྲེང་ཁ་བ་དཔལ་ལྡན་བློ་གྲོས་བཟང་པོ། ལྷོ་བྲག་བསྟན་འཛིན་ནོར་བུ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། སྣ་རྩེ་དཔལ་ལྡན་མགོན་པོ། ཕོ་བྲང་ཕུན་ཚོགས། སྤྲུལ་སྐུ་མགོ་གྲུ་བཞི། ལྷ་ས་རག་ཁ་བ། མགོན་པོ་ཚེ་དབང་སོགས་དང་། སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་སྐུ་ཚེ་སྟོད་དུའང་སྨན་ཪྙིང་གསན་སྦྱངས་མཛད་པ་དང་། དེང་གི་བཟོ་རིག་སྨྲ་བའི་དབང་པོ་ཐང་བླ་ཚེ་དབང་སོགས་མཁས་པ་ཟམ་མ་ཆད་པར་བྱོན་པ་ལས། སྨན་ཐང་པའི་ཕྱག་སྲོལ་གཞུང་ལུགས་དང་བཅས་ད་ལྟའི་བར་དུ་དར་ཁྱབ་བྱུང་ཞིང་། ཁྱད་པར་དབུས་གཙང་དང་ཨ་མདོ་རེབ་གོང་ཕྱོགས་སུ་དར་ཁྱབ་ལྷག་པར་འོ། །
ཕྱིས་སུ་གཙང་པ་ཆོས་དབྱིངས་རྒྱ་མཚོས་སྲོལ་གཏོད་ཅིང་ཆབ་མདོའི་གྲུ་པ་ཕུར་བུ་ཚེ་རིང་དཔོན་སློབ་ཀྱིས་དར་ཞིང་རྒྱས་པར་མཛད་པའི་སྨན་གསར་ཞེས་ཡོངས་སུ་གྲགས་པའི་བྲིས་རྒྱུན་དེའང་གོང་གི་སྨན་ལུགས་ཀྱི་རྨང་གཞིའི་སྟེང་དུ་འཕེལ་རྒྱས་བཏང་བ་ཡིན་པས་སྨན་ལུགས་གསར་མ་དང་། སྨན་ཐང་པ་ཡབ་སྲས་ཀྱིས་སྲོལ་གཏོད་པ་དེ་ལ་དུས་སྔ་ཕྱི་དང་མ་བུ་ཁྱད་པའི་དབང་གིས་སྨན་ཪྙིང་ཞེས་བརྗོད་སྲོལ་བྱུང་བ་ཡིན་ལ་སྨན་གསར་གྱི་བྱུང་ཚུལ་སྐོར་ལས་ཞིབ་ཏུ་འཆད་པར་འགྱུར་རོ། །
བརྩེ་ཆེན་མོ་ཞེས་པ་དེ་ཡང་སྨན་ཐང་པ་དང་དུས་མཉམ་ཙམ་དུ་གོང་དཀར་སྒང་སྟོད་དུ་སྐུ་འཁྲུངས། ཁོང་ཡང་རྡོ་པ་བཀྲ་ཤིས་རྒྱལ་པོའི་མདུན་ནས་རི་མོ་གསན་སྦྱངས་དཔྱིས་ཕྱིན་པར་མཛད། སྨན་མཁྱེན་གཉིས་ཀ་རྡོ་བཀྲའི་སློབ་མ་ཡིན་ཡང་རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་ཚོན་དང་རི་མོའི་ཉམས་འགྱུར་ཐ་དད་དུ་སོང་ཞིང་ཁྱད་པར་སྨན་ཐང་པ་ནི་ཞི་བའི་སྐུའི་བཟོ་ལ་མཁས་ཤིང་མཁྱེན་བརྩེ་ཆེན་མོ་དྲག་པོར་མཁས་པ། རི་མོ་བཞེད་སྲོལ་ཡང་མི་འདྲ་བས་སྨན་ལུགས་དང་མཁྱེན་ལུགས་ཞེས་བྲིས་རྒྱུན་ཁྱད་དུ་ཐོན་པ་ལོགས་སུ་སྤེལ། སྨན་ཐང་པ་ཡབ་སྲས་དང་མཁྱེན་བརྩེ་ཆེན་པོས་ཡངས་པ་ཅན་གཙུག་ལག་ཁང་གི་སྟེང་འོག་ཐམས་ཅད་དུ་རང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་ཁྱད་པར་ཅན་བྲིས་པ་དང་། སྨན་ཐང་པ་འཇམ་པའི་དབྱངས་ནས་གོས་སྐུ་ཐུབ་ཆེན་ཞེས་པའི་རི་མོ་བྲིས་ཚུལ་སོགས་མང་ངོ་། ། མདོར་ན་གོང་གི་རི་མོའི་སྲོལ་རྒྱུན་འཛིན་པའང་མང་དུ་བྱུང་བས་སྨན་མཁྱེན་རྣམ་གཉིས་ཞེས་གངས་ཅན་དུ་མཚན་ཉི་ཟླ་ལྟར་གྲགས་པ་ཡིན་ལ་ཁོང་གཉིས་ཀྱིས་སྔར་མེད་རི་མོའི་སྲོལ་རྒྱུན་གཉིས་གཞུང་ལུགས་དང་བཅས་པའི་ཤིང་རྟ་ཐོག་མར་དྲངས་པ་ལས་བོད་ལ་བཀའ་དྲིན་ལྷག་པར་ཆེ་བ་ཡིན་ནོ། ། |