གནས་ཡུལ། མདུན་ངོས། མཛེས་རྩལ།
 
 
༄༅།།རྒྱལ་དབང་དགེ་འདུན་གྲུབ་ཀྱི་ཕྱག་བཟོའི་སྐོར།
སྤེལ་དུས།2008-09-25   ཡོང་ཁུངས་།《བཟོ་གནས་སྐྲ་རྩེའི་ཆུ་ཐིགས》   རྩོམ་པ་པོ། དཀོན་མཆོག་བསྟན་འཛིན། འབྲུག་མོས་ཞུ་དག་བྱས།

ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ནི། གཙང་གི་ས་སྐྱ་དང་ཉེ་བའི་ཤབ་སྟོད་ལ་བན་སྙིང་མཚམས་སྲད་གུར་མ་ཞེས་པའི་འབྲོག་ཁྱིམ་ཞིག་ཏུ། ཡབ་མགོན་པོ་རྡོ་རྗེ་དང་ཡུམ་ཇོ་མོ་ནམ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ལྕགས་ལུགས་སྤྱི་ལོ་༡༣༩༡ལོར་སྐུ་འཁྲུངས། སྐུ་འཁྲུངས་པའི་རྗེས་སུ་ཡབ་ཡུམ་གཉིས་ཀྱི་ནོར་དགྲ་ལ་ཤོར། མི་རྣམས་ཀྱང་ཁྲིད་པའི་ཚེ་ཡུམ་གྱི་བུ་ཆུང་ན་བཟས་གཡོགས་ཏེ་རྡོའི་གསེབ་ཏུ་སྦས་པར་མགོན་པོ་ཞལ་བཞི་པའི་སྤྲུལ་པའི་བྱ་རོག་ཅིག་གིས་བསྲུངས་ཏེ་སྐུ་ལ་གནོད་པ་མ་བྱུང་། དེ་ནས་ཁ་སྟོད་ཀྱི་གྲོང་རྣམས་སུ་ངོ་ཤེས་རྣམས་ལ་བརྟེན་གྲོང་པའི་རྫི་བོ་སོགས་ཀྱང་མཛད། དགུང་ལོ་བདུན་པར་སྒར་ཐང་གི་མཁན་རབས་བཅུ་བཞི་པ་ཆོས་རྗེ་གྲུབ་པ་ཤེས་རབ་ཀྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་མནོས། ཡིག་དཔོན་ཤཱཀྱ་དཔལ་ལ་ཡི་གེ་བསླབས་པའི་འབད་བརྩོན་ཆེན་པོ་མ་དགོས་པར་རྒྱ་བོད་ཧོར་གསུམ་གྱི་ཡི་གེ་མཁྱེན། དགུང་ལོ་བཅོ་ལྔ་པར་གྲུབ་པ་ཤེས་རབ་ལས་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ། མཚན་དགེ་འདུན་གྲུབ་པ་དཔལ་ཞེས་གསོལ། ཕྱིས་སྨད་ཚལ་ལྡིང་དུ་བོ་དོང་པཎ་ཆེན་འཇིགས་གྲགས་དང་མཇལ་ཞིང་ཆོས་ཀྱི་འབེལ་གཏམ་མང་དུ་མཛད་པས་མཉེས་ཏེ། ཁྱེད་ཐམས་ཅད་མཁྱེན་པར་འདུག་གསུངས་ཤིང་། ཐམས་ཅད་མཁྱེན་པ་ཞེས་མངའ་གསོལ་མཛད་པ་དང་། མཚན་ལ་གནས་པས་སྐྱེ་བོ་ཡོངས་ལ་དེ་བཞིན་གྲགས་པར་གྱུར་ཏོ། ། དགུང་ལོ་ཉེར་ལྔ་པར་དབུས་སུ་བྱོན་ཏེ་བཀྲ་ཤིས་རྡོ་ཁར་རྗེ་བཙུན་ཙོང་ཁ་པ་ཆེན་པོ་དང་མཇལ་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་གསན། རྗེ་ཤེས་རབ་སེང་གེ་སོགས་བླ་མ་སུམ་ཅུ་ལྷག་ཙམ་བསྟེན། བརྩམས་ཆོས་ཚད་མ་རིགས་རྒྱན་དང་། རྣམ་འགྲེལ་མདོའི་ཊིཀྐ་སོགས་པོད་ལྔ་ཙམ་བཞུགས། སློབ་མའི་གཙོ་བོར། སློབ་དཔོན་དཔལ་ལྡན་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྒྱལ་མཚན་སོགས་སྔ་ཚེའི་སློབ་མ་བཅོ་བརྒྱད་དང་ཕྱི་ཚེའི་སློབ་བུ་གནས་ཪྙིང་མཁན་ཆེན་ཀུན་དགའ་བདེ་ལེགས་རྒྱལ་མཚན་སོགས་མཁས་གྲུབ་ཀྱི་སློབ་མ་མང་དུ་བསྐྱངས་ཤིང་སྣར་ཐང་དུ་དགུང་ལོ་ལྔ་བཅུ་ང་དྲུག་བར་བཞུགས། དེའི་རིང་རི་ཁུད་ཆོས་སྡེ་ལ། གསང་བུ་མཐོང་སྨོན་གྲྭ་ཚང་། བྲག་མཁར་ཆོས་སྡེ། བྱང་ཆེན་སྒང་རི་དགོན་པ་བཅས་ཀྱི་བླ་མ་ཡང་མཛད།

དེ་ནས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་དང་རྗེ་རང་ཉིད་ཀྱིས་ཕྱག་བཟོ་མཛད་ཚུལ་ནི། རྗེ་རང་ཉིད་ལ་བཀའ་དྲིན་ཆེ་བའི་བླ་མ་ཤེས་རབ་སེང་གེའི་དགོངས་རྫོགས་སུ་དམིགས་ནས་ཐུབ་དབང་བདུད་འདུལ་མའི་ལུགས་སྐུ་ཞིག་བཞེངས་པའི་སྟ་གོན་ཕུན་སུམ་ཚོགས་པ་བྱས་ནས་མེ་ཡོས་ལོར། གཞིས་ཀ་བསམ་གྲུབ་རྩེའི་བྲག་དམར་བླ་བྲང་དུ་བཟོ་བོ་མཁས་པ་སྣར་ཐང་པ་ཆོས་སྐྱོང་དར་གྱི་ལུགས་ཐོག་མར་བཏང་བས་མ་འཐེབས་པར། རྗེ་ཉིད་ཀྱིས་ཐུབ་པའི་བསྟོད་པ་བདུད་དཔུང་ཕྱེ་མར་འཐག་པ་ཞེས་བྱ་བ་མཛད་ཅིང་རྗེ་བཙུན་སྒྲོལ་མའི་སྐུ་བཪྙན་ཞིག་ལུགས་ཕུད་དུ་བཏང་ནས་སླར་ཡང་ལུགས་བཏང་བས་སྟོན་པའི་སྐུ་བཪྙན་རྒྱབ་མཐོ་ཉེར་ལྔ་བྱིན་རླབས་ཀྱི་གཟི་འོད་འབར་བ་ངོ་མཚར་ཅན་ཞིག་བསྐྲུན། དེ་ནས་རྗེ་རང་ཉིད་དགུང་ལོ་ལྔ་བཅུ་ང་བདུན་པ་རབ་བྱུང་བརྒྱད་པའི་མེ་ཡོས་སྤྱི་ལོ་༡༤༤༧ལོར་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཐོག་མའི་དགོན་པ་འདེབས་གནས་དགེ་བཅུ་དང་ལྡན་པའི་ས་ཉང་སྨད་གཡས་རུའི་འདབས་སུ་ས་ཆོག་སོགས་རྒྱས་པ་མཛད་དེ། གཙང་ཁང་དབུས་མའི་རྒྱ་ཁྱོན་ཀ་བ་དྲུག་གི་ས་དང་འདུ་ཁང་ཁྱམས་སྟོད་ཀ་བ་གཉིས་ཀྱི་ཐོག་ཕུབ་ཟིན་ནས། ཐུབ་པའི་སྐུ་བཪྙན་དེ་ཉིད་གཙང་ཁང་དབུས་མའི་རྟེན་གཙོར་གདན་དྲངས་ཤིང་། དེའི་གཡས་གཡོན་དུ་ཉང་སྟོད་གནས་གསར་གྱི་ལྷ་བཟོ་དཔོན་སློབ་ཀྱིས་བསྐྲུན་པའི་སྨན་འཇིམ་གྱི་ཉན་ཐོས་མཆོག་ཟུང་ནྡྷོ་ལ་དང་བཅས་པ་དང་། སྨན་གྱི་རྒྱལ་པོ་དང་ཚེ་དཔག་མེད། ཉེ་བའི་སྲས་ཆེན་བརྒྱད། ཕྱུག་གཞུང་རྡོ་རིང་པས་ཕུལ་བའི་སྤྱན་རས་གཟིགས་ཀྱི་ལུགས་སྐུ་ཐོག་ཚད་མ་བཅས་བཞུགས་སུ་གསོལ་ཞིང་པིར་ཐོགས་པ་དཔུས་མོ་ཆེ་སྨན་ཐང་པ་དཔོན་སློབ་ཀྱིས་གཙུག་ལག་ཁང་གི་བྱང་གི་ལྡེབས་ཆེན་གཉིས་ལ་རྒྱལ་བ་རྡོ་རྗེ་འཆང་ཐུགས་ཀར་ཆོས་འཆད་དུ་མཛད་པ་ལ་གྲུབ་ཆེན་བརྒྱད་ཅུས་བསྐོར་བ་དང་། ཐུབ་པ་ཆེན་པོ་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བ། ཙོང་ཁ་པ་ཡབ་སྲས་ནུབ་ངོས་སུ་ཐུབ་པའི་མཛད་བཅུ། ལྷོ་ངོས་སུ་གཡུ་ལོ་བཀོད་པའི་ཞིང་ཁམས་དང་འདོད་ལྷ་སྣ་ཚོགས། གཞུང་སྒོའི་ཐད་ཀྱི་ཀ་བ་གཉིས་ལ་ཁྲོ་བོ་མི་གཡོ་བ་དང་། རྟ་མགྲིན་གྱི་རི་མོ་བྲིས་ཤིང་ཤིང་ཚོན་དང་བཅས་པ་སྟག་ལོར་ལེགས་པར་གྲུབ། 

ལྕགས་སྦྲུལ་ལོར་སྤྱི་ལོ་༡༤༦༡ལ་འདུ་ཁང་བྱམས་ཁང་བཞེངས་པའི་ནང་རྟེན་དུ། གནས་ཪྙིང་པའི་ཟངས་མགར་བ་དང་བལ་པོའི་ལྷ་བཟོ་དྲུག་བཅས་ཀྱིས་རྒྱལ་བ་མི་ཕམ་མགོན་པོ་སྐུ་ཚད་རྒྱབ་ཁྲི་ཉེར་ལྔ་པ་ལུགས་སུ་བླུག་པའི་ཐོག་མའི་བཟོ་ཕུད་དུ་བྱམས་པའི་སྐུ་ཚད་རྒྱབ་མཐོ་བཞི་པ་ཞིག་དང་བཅས་པ་བསྐྲུན། དེའི་གཡས་ཡོན་དུ་རྗེ་རང་ཉིད་ཀྱིས་བཟོ་བོ་མཛད་དེ་སྨན་འཇིམ་གྱིས་སྤྱན་རས་གཟིགས་དང་འཇམ་དབྱངས་ཀྱི་བཞེངས་སྐུ་ཐོག་ཚད་ལྷག་ཙམ་ཡོད་པ་གཉིས་བཞེངས། 

འདུ་ཁང་ནུབ་ཀྱི་མགོན་ཁང་དུ། སྨན་འཇིམ་ལས་གྲུབ་པའི་རྡོ་རྗེ་འཇིགས་བྱེད་དང་། མགོན་པོ་ཕྱག་དྲུག ལྷ་མོ་གནོད་སྦྱིན་བཞི་བཅས། གཡོན་གྱི་སྒྲོལ་མའི་ལྷ་ཁང་དུ་བལ་པོའི་བཟོ་བོས་བཞེངས་པའི་ཟངས་གསེར་གྱི་སྒྲོལ་དཀར་གཙོས་སྨན་འཇིམ་གྱི་སྒྲོལ་སྔོན། སྒྲོལ་མ་ཡིད་བཞིན་ནོར་བུ་གཉིས། ལྡེབས་བྲིས་སུ་སྒྲོལ་ལྗང་ཐོག་ཚད་མ་དང་། ཀ་སྦུག་རྒྱལ་ཆེན་ལྷ་ཁང་དུ་ལྷ་བཟོ་སྟོབས་པོ་ཆེའི་སོར་མོ་འདུ་བྱེད་ལས་གྲུབ་པའི་སྨན་འཇིམ་གྱི་རྒྱལ་ཆེན་ཐོག་ཚད་ཡ་བཞི་དང་། ཕྱོགས་ཀྱི་ལྡེབས་སུ་དཔུས་མོ་ཆེ་སྨན་ཐང་པས་ཕྱོགས་སྐྱོང་བཅོ་ལྔ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་རྟེན་འབྲེལ་འཁོར་ལོ་ཆ་ལྔ་པ། རྣམ་སྲས་འཁོར་ལོ་མི་ལ་རས་པ། ནེ་སེར་བ་བཅས་བྲིས། སྐལ་བཟང་ལྷ་ཁང་ངམ་རྡོ་གཅལ་ཆེན་པོ་ནི།  དགེ་འདུན་གྲུབ་རང་ཉིད་ཀྱིས་དགོན་པའི་ནུབ་ངོས་ཁ་ལུང་སྦུག་ས་གཏེར་ལས་བཞེས་པའི་རྡོ་གཡམ་རྣམས་གྲྭ་ཚང་གིས་ཉིན་གཅིག་རང་ལ་བཞེངས་པར་གྲགས་ཤིང་། རྒྱུ་དེ་རྣམས་ལ་རྣམ་འདྲེན་སྟོང་སྐུ་འབུར་དུ་བརྐོས་པ་རྣམས་བསྟར་ཆག་ཏུ་བསྒྲིགས་ཏེ་མདོ་སྡེ་བསྐལ་བཟང་དང་མཐུན་ལ་ཐུགས་བསྐྱེད་ཚད་ལྡན་གྱི་ཚིགས་སུ་བཅད་པ་དང་བཅས་པ་བཞུགས། རྗེ་ཉིད་ཀྱི་བཞུགས་ཁང་ཕུན་ཚོགས་ཀུན་གཟིགས་ཀྱི་རྟེན་གཙོ། སྨན་འཇིམ་ལས་གྲུབ་པའི་སེང་ལྡེང་ནགས་སྒྲོལ་སོགས་དང་། ལྡེབས་སུ་སེང་ལྡེང་ནགས་སྒྲོལ་གྱི་ཞིང་བཀོད་བྲིས་ཕུད་ཀྱི་ཚུལ་དུ་བྲིས་པ་སྟེ་ཆོས་སྡེ་དེ་ཡི་རི་མོའི་ཐོག་མ་ཡིན་པར་བཤད་དོ།  ། 

ཤར་རྩེ་གྲྭ་ཚང་གི་གཙང་ཁང་གི་རྟེན་གཙོར། རྒྱལ་བ་ཙོང་ཁ་པའི་ལྡེབས་བྲིས་ཐོག་ཚད་མ་དང་། དཀྱིལ་འཁོར་གྲྭ་ཚང་གི་རྟེན་གཙོར་སྨན་འཇིམ་གྱི་ཐུབ་དབང་ཐོག་ཚད་མ་གཙོས་ཉེ་སྲས་བརྒྱད་དང་། གནས་བཅུ་བྲག་རི་བཅས། ཐོས་བསམ་གླིང་གྲྭ་ཚང་གི་ཤར་ནུབ་གཉིས་ཀྱི་རྟེན་གཙོ་སྨན་འཇིམ་ལས་གྲུབ་པའི་ཐུབ་དབང་ཐོག་ཚད་མ། མཆོག་ཟུང་གི་ལྡེམ་དང་བཅས་པ་དང་། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཕྱག་རྡོར་འབྱུང་པོ་འདུལ་བྱེད་ཐོག་ཚད་མ། ཤར་སྨན་འཇིམ་གྱི་ཐུབ་པ་གཙོ་འཁོར་གསུམ། སྲུང་མའི་གཙོ་བོ་ལྡེབས་བྲིས་ལྷ་མོ་གསུང་བྱོན་མར་གྲགས་པ། གྲྭ་ཚང་གསུམ་གའི་གཙང་ཁང་གི་སྟེང་དུ་གསེར་ཟངས་ཀྱི་རྒྱལ་མཚན་བཞི་རེ་དང་། གཉྫི་ར་བཅས་ཚར་དུ་དངར་བ་བཞེངས་པ་སོགས་བཟོ་རིག་པའི་དངོས་པོ་རྒྱ་ཆེན་པོ་བསྐྲུན་པ་མ་ཟད། ཐམས་ཅད་མཁྱེན་པ་རང་ཉིད་གྱིས་ཀྱང་བྲིས་འབུར་གྱི་ཕྱག་བཟོ་མང་པོ་མཛད་ཚུལ་གོང་གསལ་འདུ་ཁང་བྱམས་ཁང་དུ་སྨན་འཇིམ་གྱི་སྤྱན་རས་གཟིགས་དང་འཇམ་དབྱངས་ཀྱི་བཞེངས་སྐུ་ཐོག་ཚད་མ་གཉིས་ད་ལྟར་ཡང་སྐྱེ་བོ་ཀུན་གྱི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པ་དང་། དགོན་ལུང་བྱམས་པ་གླིང་གི་རྒྱུད་ཁང་དུ། རྒྱལ་དབང་དགེ་འདུན་གྲུབ་པས་ཕྱག་བྲིས་སྒྲོལ་དཀར་གྱི་སྐུ་མཁས་གྲུབ་རྗེས་རབ་གནས་མཛད་པ་བཞུགས་ཚུལ་དགོན་ལུང་གི་ལོ་རྒྱུས་ལས་གསལ་བཞིན་ཏེ། དེ་ལྟར་བསྟན་འགྲོ་ལ་སྨན་པའི་ཐུན་མོང་དང་ཐུན་མིན་གྱི་མཛད་བཟང་རླབས་ཆེན་མཛད་མཐར། དགུང་ལོ་བརྒྱད་ཅུ་གྱ་ལྔ་པ་རབ་བྱུང་བརྒྱད་པའི་ཤིང་རྟ་སྤྱི་ལོ་༡༤༧༤ལོར་སྐུ་ཞི་བར་གཤེགས་སོ། །  

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060