| འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ནི། བོད་རབ་བྱུང་བཅུ་བཞི་པའི་མེ་རྟ་སྤྱི་ལོ་༡༨༥༩ལོར་ཡབ་ལྷ་རིགས་འཇུ་མགོན་པོ་དར་རྒྱས་དང་ཡུམ་སྨུག་པོ་གདོང་བཟའ་སྲིང་ཆུང་མའི་སྲས་སུ་སྐུ་བལྟམས། ཁོང་གི་ཁུ་བོ་དབོན་བླ་མ་པདྨ་དར་རྒྱས་ཀྱིས་མི་ཕམ་རྒྱ་མཚོ་ཞེས་པའི་མཚན་གྱི་ཅོད་པན་གསོལ། སྐུ་ན་ཕྲ་དུས་ནས་ཤེས་རབ་དང་སྙིང་རྗེ་སོགས་ཐེག་པ་ཆེན་པོའི་རིགས་ཀྱི་ཡོན་ཏན་ཐམས་ཅད་ལྷན་སྐྱེས་སུ་མངའ། དགུང་གྲངས་དྲུག་བདུན་ཙམ་ནས་སྡོམ་གསུམ་རྣམ་དེས་ཐུགས་འཛིན་མཛད་ཅིང་རྩིས་དཀར་ནག་གི་སྔོན་འགྲོ་སོགས་གསན། བཅུ་ཙམ་ནས་འབྲི་ཀློག་ལ་ཐོགས་པ་མེད་ཅིང་ལྗགས་རྩོམ་ཀྱང་ཅི་རིགས་གནང་། བཅུ་གཉིས་ཐོག་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཆོས་རྒྱུན་ཟེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་དགོན་ལག་འཇུ་མེ་ཧོར་གསང་སྔགས་ཆོས་གླིང་དུ་གྲྭ་བཙུན་དཀྱུས་མའི་ཚུལ་དུ་བཞུགས་པས་སྐབས་དེར་བཙུན་ཆུང་མཁས་པ་ཞེས་ཀུན་གྱིས་བསྔགས་པའི་གནས་སུ་གྱུར། དེ་ནས་སྐབས་ཤིག་ཏུ་དབྱངས་འཆར་གྱི་དཔེ་རྙིང་ཞིག་ལ་ཞག་ཤས་ལས་མ་གཟིགས་ཀྱང་འཇམ་དབྱངས་ལ་གསོལ་བ་བཏབ་པས་མ་ལུས་པར་མཁྱེན་པ་དང་། འཇམ་དཔལ་སྨྲ་སེང་བསྒྲུབ་ཅུང་རིལ་བུའི་ལས་སྦྱོར་མཛད་པས་རྟགས་མཚན་ཁྱད་པར་ཅན་བཪྙེས་ཏེ། དེ་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་གང་གཟིགས་ལ་མི་མཁྱེན་པ་མ་བྱུང་བས་བཤད་ལུང་ཙམ་ལས་སློབ་གཉེར་བསླབས་སྦྱངས་མ་དགོས་པ་དང་། དབུས་དང་ལྷོ་བྲག་སོགས་སུ་ཕེབས་ཁར་ཐ་མལ་གྱི་སྣང་བ་འགྱུར་ནས་གང་སྣང་བདེ་སྟོང་དུ་ཤར་ནས་བདེ་དྲོད་ཀྱི་ཉམས་འབར། སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེའི་མདུན་ནས་མ་ཏིའི་འཇམ་དཀར་གྱི་རྗེས་གནང་གི་དབང་གནང་དུས་གཞུང་ནས་གང་གསུངས་པ་བཞིན་གྲུབ་པའི་རྟགས་མཚན་མངོན་དུ་གྱུར། མཁྱེན་རབ་ཀྱི་པད་མོ་བཞད་པས། དཔལ་སྤྲུལ་རིན་པོ་ཆེ་ལས་ཞག་ལྔའི་ཁོངས་སུ་སྤྱོད་འཇུག་ཤེས་རབ་ལེའུ་གསན་པས་ཆིག་དོན་གྱི་ཆ་མཐའ་དག་ཐུགས་སུ་ཆུད་ཅིང་ཕྱིས་ཤེར་ཊིཀ་མཛད་པ་སོགས་ངོ་མཚར་བའི་ལོ་རྒྱུས་ཤིན་ཏུ་མང་ཞིང་། རྡོ་དང་དབྱུག་པས་མ་ཕམ་ན། །ལུང་དང་རིགས་པས་ང་མི་ཕམ་ཞེས། །མི་འཇིགས་སེང་གེའི་ང་རོ་ཡང་བསྒྲགས་སྐད་དོ། །
དེ་ནས་ཚེ་རབས་ལས་དང་འབྲེལ་བའི་རིགས་བདག་པདྨ་འོད་གསལ་མདོ་སྔགས་གླིང་པའམ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནས། ནང་ཐུགས་ཀྱི་སྲས་གཅིག་པུར་དགོངས་ཏེ། ཐུན་མོང་དང་ཐུན་མིན་གྱི་གཙུག་ལག་གི་སྒོ་དུ་མ་དང་། ཉེ་བརྒྱུད་མདོ་སྔགས་ཀྱི་གཞུང་། ཁྱད་པར་དུ་གསང་ཆེན་རྡོ་རྗེ་ཐེག་པ་བཀའ་གཏེར་དག་སྣང་ཇི་སྙེད་པའི་སྨིན་གྲོལ་རྒྱབ་བརྟེན་གདམས་ངག་ཕྱག་བཞེས་དམར་ཁྲིད་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ཞིང་མི་འཇིགས་སེང་གེའི་ཁྲི་ལ་བཀོད་དེ་རྗེ་རང་ཉིད་ཀྱི་པཎ་ཞུ་དབུ་ལ་གསོལ་ནས་རྒྱལ་བསྟན་རིན་པོ་ཆེ་རིང་དུ་གསལ་བར་གྱིས་ཤིག་ཅེས་པའི་བཀའ་དང་བཅས་ཏེ་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ།
དེ་ནས་བཟུང་འཆད་རྩོད་རྩོམ་གསུམ་གྱི་མཛད་འཕྲིན་བསམ་ལས་འདས་པ་ལས། མཁྱེན་རབ་ཀློང་ནས་བརྡོལ་ཏེ་ཟབ་དོན་མཐའ་དག་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བཀོད་པར་མཛད་ཚུལ་ནི། བྱིན་རླབས་ཀྱི་འཇུག་སྒོས་དད་པ་སྐྱེད་པ་བསྟོད་ཚོགས་དང་རྟོགས་བརྗོད་ཀྱི་སྐོར། ཤེས་བྱ་སྤྱིའི་སྒྲོ་འདོགས་གཅོད་པ་ཐུན་མོང་རིག་གནས་ཀྱི་སྐོར། བསྟན་པ་ཡུན་དུ་གནས་ཤིང་བདེ་ལེགས་རྟག་ཁྱབ་ལྷུན་གྲུབ་ཀྱི་རྟེན་འབྱུང་བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་དང་བཅས་ཏེ། སྤྱིར་ས་བཅད་ཆེན་པོ་བཞི་ལ་ནང་གསེས་དབྱེ་བ་དུ་མར་འབྱུང་བའི་གླེགས་བམ་རིན་པོ་ཆེ་མཚན་བཟང་སུམ་ཅུ་རྩ་གཉིས་ཀྱི་གྲངས་བཞུགས་པའི་གོང་གི་ཐུན་མོང་རིག་གནས་ཀྱི་སྐོར་ལས། བཟོ་རིག་གི་བསྟན་བཅོས། སངས་རྒྱས་མཆོག་གི་སྤྲུལ་སྐུ་དང་། བྱང་ཆུབ་སེམས་དཔའ། རྒྱལ་ཡུམ། ཁྲོ་བོ། མིའུ་ཐུང་གླིང་བཞིའི་མི་སོགས་ཀྱི་ཆ་ཚད་མ་ནོར་བར་བསྟན་པ་སྐུ་གཟུགས་ཀྱི་ཐིག་རྩ་དང་། གཅིག་ཤེས་ཀུན་གྲོལ་གྱི་ཐིག་ལྟ་བུ་བྱང་ཆུབ་སེམས་དཔའ་སྤྱི་ཐིག་དང་། བཟོའི་ལག་ལེན་ལ་ཉེ་བར་མཁོ་ཞིང་ལག་ལེན་གྱི་ཐབས་དུ་མ་བསྟན་པ་བཟོ་གནས་ཉེར་མཁོ་ཟ་མ་ཏོག་དང་། ཀུན་འབྱུང་ནོར་བུའི་ལས་ཚོགས། དཀྱིལ་འཁོར་གྱི་ས་བཅད་ཐིག་གི་ལག་ལེན་སྟབས་བདེ་སྣ་ཚོགས་སོགས་བསྟན་བཅོས་གཞན་ལས་ལྷག་པ་མང་པོ་བརྩམས་ཏེ་བཟོ་གནས་རྒྱ་མཚོར་འཇུག་འདོད་ཀྱི་སྐྱེ་བོ་བདག་འདྲ་བ་ཀུན་གྱི་གྲུ་གཟིངས་ལྟ་བུར་གྱུར་ཏེ་བཀའ་དྲིན་ལྷག་པར་ཆེའོ། །
གཞན་ཡང་མཁས་གྲུབ་གྱི་སློབ་བུ་མང་དུ་བསྐྱངས་པ་སོགས་བསྟན་དང་འགྲོ་བའི་དོན་བཟང་མཐའ་ཡས་པ་མཛད་མཐར་དགུང་གྲངས་དྲུག་ཅུ་རེ་བདུན་པ་ཆུ་བྱི་ས་ག་ཟླ་བའི་ཚེས་ཉེར་དགུ་ལ་ཞབས་སེམས་སྐྱིལ་ཕྱག་མཉམ་བཞག་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་དེ་ཐུགས་ཟག་མེད་གདོད་མའི་གཞིའི་དབྱིངས་སུ་སྙོམས་པར་བཞུགས་སོ། ། |