གནས་ཡུལ། མདུན་ངོས། མཛེས་རྩལ།
 
 
༄༅།།གྲུ་པ་ཕུར་བུ་ཚེ་རིང་གིས་སྨན་གསར་རི་མོ་དར་ཞིང་རྒྱས་པར་མཛད་ཚུལ།
སྤེལ་དུས།2008-09-25   ཡོང་ཁུངས་།《བཟོ་གནས་སྐྲ་རྩེའི་ཆུ་ཐིགས》   རྩོམ་པ་པོ། དཀོན་མཆོག་བསྟན་འཛིན། འབྲུག་མོས་ཞུ་དག་བྱས།

སྨན་གསར་གྱི་བཟོ་རྩལ་གོང་དུ་སྤེལ་ཏེ་མདོ་ཁམས་ཀུན་ཏུ་དར་ཞིང་རྒྱས་པར་མཛད་པའི་གྲུ་པ་ཕུར་བུ་ཚེ་རིང་ཞེས་མཚན་སྙན་གྱི་བ་དན་མངོན་པར་མཐོ་བ་དེ་ནི། ཁམས་ཆབ་མདོ་ཕྱོགས་ཀྱི་གྲུ་པ་ཚང་ཞེས་ལྷ་བཟོའི་རིགས་རྒྱུད་མ་ཆད་པའི་དུད་ཚང་ཞིག་ཏུ་དུས་རབས་བཅོ་བརྒྱད་པའི་དུས་འགོར་སྐུ་འཁྲུངས། སྔར་གཙང་པ་ཆོས་དབྱིངས་རྡོ་རྗེས་གསར་གཏོད་གནང་བའི་སྨན་ལུགས་གསར་མའི་བཟོ་རྒྱུན་འཛིན་ཅིང་། ལག་རྩལ་འགྲན་ཟླ་དང་བྲལ་བ་བྱུང་། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱལ་མཚན་ནས་རང་ཉིད་ཀྱི་སྤྲུལ་པའི་བཟོ་བོར་ཞལ་གྱིས་བཞེས་ཤིང་། གསང་སྔགས་རྙིང་མའི་སྒྲུབ་སྡེ་ཆེན་པོ་ཀཿཐོག་རྡོ་རྗེ་གདན་གྱི་དགོན་པར་གདན་དྲངས་ནས། བསུ་མ་དང་རྟེན་འབྲེལ་མངའ་གསོལ་སོགས་རྒྱ་ཆེན་པོ་མཛད། ཁོང་གིས་དབུ་ཆེན་འགན་བཞེས་ཀྱིས་ཀཿཐོག་ལྷ་ཁང་ཆེན་མོའི་ལོགས་རིས་དང་། ཐང་སྐུ་ཆེ་འབྲིང་། ཀཿཐོག་གི་མཚན་བརྒྱད་དགུ་ཐང་། བཀའ་བརྒྱད། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་སྟོན་པའི་མཛད་པ་བཅུ་གཉིས་ཀྱི་ཤིང་པར་གྱི་པར་གཞི་རི་མོ་སོགས་ཞིབ་ཚགས་དང་ཉམས་འགྱུར་ཁྱད་པར་ཅན་མང་པོ་བྲིས་པས་སྐྱེ་འགྲོ་ཀུན་གྱི་ཡིད་དབང་འཕྲོག་ཅིང་བསྔགས་བརྗོད་ཀྱི་དབྱངས་སྙན་ཕྱོགས་མེད་དུ་སྒྲོག་པར་གྱུར་ཏོ། །

སྨན་གསར་གྱི་ཁྱད་ཆོས་གཙོ་བོ་ནི། ལྷའི་སྐུ་གཟུགས་ཐམས་ཅད་ཡང་དག་གཞུང་ལས་ཇི་ལྟར་གསུངས་པའི་ལུགས་དང་ཆ་ཚད་ལ་ཡོངས་སུ་མཐུན་པར་བྲིས་ཀྱང་། ཐིག་གི་དྭ་རྒྱ་ལས་གྲོལ་བས། རུས་ཚུགས་དང་ཤ་ཚུགས་བཟང་ཞིང་གཞན་གྱིས་བསྒྲུབ་པར་དཀའ་བའི་ཉམས་འགྱུར་ཕུན་སུམ་ཚོགས་པ་དང་ལྡན་པ། ཞི་བའི་ལྷ་རྣམས་གཞོན་ཤ་ཆགས་ཤིང་སྐུ་སྟོད་ཅུང་ཞུམ་པ། ཁྲོ་བོ་རྣམས་ཤིན་ཏུ་གཏུམ་ཞིང་རྔམ་པའི་ཉམས་ཅན། སྤྲིན་རིས་འཕྱུར་ཞིང་གཡོ་བ་དང་། མེ་རི་ལ་འབར་ཞིང་མཆེད་པའི་རྣམ་པ་མངའ་བ། མཆོད་རྫས་དང་། འཇའ་སྤྲིན། མེ་ཏོག་པ་ཏའི་རིགས། ཆུ་བྲག་སོགས་ཀྱིས་རི་མོ་ཤིན་ཏུ་སྟུག་ཀྱང་ཆ་སྙོམས་པར་མ་བཀྲམ་པས། སྟུག་པོ་དང་ས་སྟོང་གཉིས་ཀ་ཡོད་ཅིང་ས་བཅད་ཀྱི་བཀོད་པ་བཟོ་རྒྱུན་གཞན་ལས་ཁྱད་དུ་འཕགས་པ། གཙོ་ལྷ་ཅུང་ཆེ་བ། ཚོན་མདངས་བཅད་རིས་ཐམས་ཅད་ཤིན་ཏུ་ལེགས་པས་རྒྱང་ཐག་རིང་ཐུང་གང་ནས་བལྟས་ཀྱང་མཛེས་ཆ་ཆེ་བ་བཅས་ཏེ་དེའང་ཐིག་དངོས་སུ་འདེབས་མིན་གྱི་ཁྱད་པར་ཙམ་དང་། སྔར་ཡོད་ཀྱི་རི་མོ་ལ་ཉམས་འགྱུར་གསར་དུ་བཏོན་པ་ཙམ་ལས་གཞི་རྩ་སྨན་ལུགས་ལས་མ་འདས་པས་སྨན་ལུགས་དང་། དུས་སྔ་ཕྱིའི་དབང་གིས་གསར་མ་སྟེ་སྨན་གསར་ཞེས་པའི་ཐ་སྙད་ཆགས་པ་ལ། ཕྱི་གླིང་པའི་མཁས་པ་འགའ་ཞིག་གིས། བྲིས་རྒྱུན་འདི་ཁམས་ནས་བྱུང་ཞིང་ཁམས་ཕྱོགས་སུ་དར་ཁྱབ་ཆེ་བས་ཁམས་རིས་ཞེས་པའི་ཐ་སྙད་ཀྱང་འདོགས་པར་བྱེད་དོ། །

གོང་དུ་སྨོས་པའི་བཟོ་ཁྱད་རྣམས་ཕུད། སྨན་ལུགས་གསར་རྙིང་གི་ཁྱད་པར་གཙོ་བོ་ནི། སྐུ་གཟུགས་བཞེངས་སྐབས་ལྷ་ཐིག་དངོས་སུ་འདེབས་མིན་ལ་ཐུག་ཅིང་རྙིང་ལུགས་ཀྱིས་ལྷ་གང་བྲིས་པ་ཐམས་ཅད་ལ་ཐོག་མར་ཐིག་ལེགས་པར་དྲངས་ཤིང་། ཐིག་ལ་བརྟེན་ནས་རི་མོ་འབྲི་བ་དང་། ལྷ་ཐིག་ལ་མ་བརྟེན་ན་རི་མོ་ཡང་དག་པར་མི་བརྩི་ལ། སྨན་གསར་ལྟར་ན། ཐིག་ཚད་ཀྱི་དགོས་པ་ནི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་ལ་ཡོ་བ་དང་རིང་ཐུང་སོགས་ཀྱི་བཟོ་སྐྱོན་མི་ཤོར་བའི་ཐབས་ཁོ་ན་ཙམ་ལས་གཞན་མེད་ལ། དེ་མི་འབྱུང་བའི་ཐབས་སུ་རི་མོ་ཐོག་མར་སྦྱང་སྐབས་ཐིག་ཁོག་སོ་སོ་མ་འདྲེས་པ་བློར་འཛིན་ཅིང་སྦྱོང་ཤིང་ཐོག་ཏུ་ལག་ལེན་བྱང་པར་སྤྱངས་ནས་ལྷ་སྐུ་དངོས་བཞེངས་སྐབས། མི་ཆོས་ལྷ་བཟོའི་མཚན་ཉིད་ཀྱི་རི་མོ་སློབ་ཚུལ་བྱེ་བྲག་ཏུ་བཤད་པ་ལས་ཞིབ་ཏུ་འཆད་འགྱུར་ལྟར་ཏེ། ཐིག་ཡིད་ལ་བྱས་ནས་མིག་ཚད་དང་ལག་ཚད་བྱེད་པ་ལས་ཐིག་དངོས་མི་གདབ་པས་སྨན་གསར་ལུགས་ཀྱིས་ཐིག་ཚད་ལ་མི་བརྟེན་པར་གྲགས་པ་དེ་ཡིན་ནོ། །དེ་ལའང་སྐྱོན་དང་ཡོན་ཏན་གཉིས་སུ་ངེས་ཏེ། ཐིག་ལ་བརྟེན་ཆེ་དྲག་ན། འཆིང་རྒྱ་དེ་ལས་ནམ་ཡང་ཐར་པའི་སྐབས་དབེན་པས་ལྷ་ཐམས་ཅད་ལུགས་ཀོང་གཅིག་ནས་བཏོན་པ་ལྟ་བུ་ལས། ཉམས་འགྱུར་ཁྱད་པར་ཅན་འབྱུང་བའི་དུས་མེད་པ་དང་། ཐིག་དང་མི་ལྡན་པའི་དབང་པོ་སྐྱོན་ཅན་ལ་ཡེ་ཤེས་པ་མི་ཞུགས་པས། ལྷ་ཐིག་གི་ཆ་ཚད་དང་མི་འགལ་ཞིང་། དེའི་འཆིང་རྒྱ་རུ་མ་ཚུད་པ་ཞིག་གལ་ཆེ་ཚུལ་སྨན་གསར་རྒྱུན་འཛིན་གྱི་མཁན་པོ་འགའ་ཞིག་གི་ངག་ལས་ཐོས་སོ། །

དུས་དེ་ཙ་ན། གངས་ཅན་མཛེས་རིས་ཀྱི་དགའ་ཚལ་དུ། སྔར་མེད་སྨན་གསར་ཞེས་པའི་ཆུ་སྐྱེས་གསར་པ་མངོན་པར་བཞད་པའི་གཏམ་ཡང་ཕྱོགས་མེད་དུ་ཁྱབ་སྟེ། རིག་པ་བཟོའི་དོན་དུ་གཉེར་བའི་བློ་གསར་རྣམས་ཀྱང་བུང་བའི་ཚོགས་བཞིན་འདུས་པ་ལས་རྒྱུན་འཛིན་གྱི་སློབ་མ་གཙོ་བོ་དབུ་མཆན་ལྷ་བཟོ་དབང་དགའ། འཛིང་ལྷ་འཇམ་དབྱངས། གྲུ་པ་བསོད་ནམས་ཚེ་རིང་། ལྷ་བཟོ་བླ་མ་དབང་འདུས། ཚེ་དཔག་ལྷ་ཚོགས། ཀརྨ་ལྷ་སྟེང་གི་ཚལ་མ་དགེ་ལེགས། སིབ་མདའ་ཀརྨ་རྡོ་རྗེ་སོགས་རི་མོ་ཕུལ་བྱུང་ཅན་མང་པོ་བྱུང་བས། བར་སྐབས་ཤིག་ཏུ་ཁམས་ཕྱོགས་སུ། ཀརྨ་སྒར་ལུགས་པ་རྣམས་ཀྱིས་ཀྱང་རང་ལུགས་ཤོར་ཏེ་སྨན་གསར་འདྲ་ཞིག་བྲིས་སྟངས་བྱས་འདུག་ཅེས་ཐང་བླ་ཚེ་དབང་ནས་གསུངས་སོ། །

སློབ་མ་དེ་དག་ལས་མཆོག་ཏུ་གྱུར་པ་ནི་འཛིང་ལྷ་འཇམ་དབྱངས་ཡིན་པས། ཁོང་གི་བྲིས་པའི་ཐང་ཀ་དང་། པར་གཞིའི་ཤིང་པར་ད་ལྟར་ཀཿཐོག་དང་སྡེ་དགེ་ཕྱོགས་སུ་བཞུགས་པ་རྣམས་གྲུ་པ་ཕུར་བུ་ཚེ་རིང་གི་ཕྱག་བྲིས་དང་དབྱེ་འབྱེད་དཀའ་བ་ཙམ་དུ་སྣང་ངོ་། །

ཕྱིས་ཀྱང་གྲུ་པ་ཚོ་ལ་ལྷ་བཟོ་མཁས་པའི་རྒྱུན་མ་ཆད་དེ། འཇམ་དབྱངས་མཁྱེན་བརྩེ་དབང་པོས་རྫོང་སར་གྱི་གཙུག་ལག་ཁང་བཞེངས་སྐབས་གྲུ་པ་དཀོན་ཚེས་དབུ་ཆེན་མཛད་དེ་ལོགས་རིས་ཚར་དུ་དངར་བ་བྲིས་ཚུལ་གོང་གི་དགོན་པ་དེའི་ལོ་རྒྱུས་ལས་གསལ་ལོ།  
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060