| པཎ་ཆེན་སྐུ་འཕྲེང་དགུ་པ་ཆོས་ཀྱི་ཉི་མ་ནི། རབ་བྱུང་བཅོ་ལྔ་པའི་ཆུ་ལུག་སྤྱི་ལོ་༡༨༨༣ལོར་སྐུ་འཁྲུངས། ལྷ་སའི་ཇོ་བོའི་མདུན་དུ་གསེར་བུམ་དཀྲུགས་ཏེ་པཎ་ཆེན་སྐུ་འཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གི་ཡང་སྲིད་དུ་ཐག་བཅད། དགུང་ལོ་དྲུག་པའི་ཐོག་རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ལས་སོ་སོར་ཐར་པའི་ཚིགས་སྔ་མའི་སྡོམ་པ་ཡང་དག་པར་བཞེས་ཏེ་མཚན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་ཞེས་གསོལ། ཡོངས་འཛིན་དམ་པ་བློ་བཟང་བསྟན་འཛིན་དབང་རྒྱལ་བསྟེན་ཏེ་གཞུང་ལུགས་རབ་འབྱམས་ཀྱི་ཚིག་དོན་ལ་མཁས་པར་གྱུར། དགུང་ལོ་བཅུ་དགུ་པའི་ཐོག་ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་གོང་ས་རྒྱལ་བའི་དབང་པོ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔ་པར་དབྱིན་ཇིས་གདན་འདྲེན་ཞུས་པ་ལྟར་རྒྱ་གར་དུ་ཕེབས་ཏེ། བཙན་འཛུལ་གྱི་དམག་གདུག་པ་ཅན་རྣམས་ལ་བཀོད་པ་ལུས་ཀྱི་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ་གདུག་སེམས་བྱང་ཞིང་བཀའ་ལས་མི་འདའ་བར་གྱུར་པའི་ངོ་མཚར་བའི་ལོ་རྒྱུས་ཀྱང་ཤིན་ཏུ་མང་ངོ་། །དགུང་ལོ་སོ་གཉིས་པར་གཙང་གི་བྱམས་ཆེན་ཏེ་མ་འོངས་བྱམས་པ་མགོན་པོའི་སྣང་བརྙན་རྒྱུ་ཟངས་གསེར་ལས་གྲུབ་ཅིང་མཐོ་ཁྱད་སྨི་༢༦.༢ཅན། འཛམ་གླིང་འདི་ན་དཔེ་ཟླ་བཙལ་དུ་མེད་པའི་རིང་བསྲེལ་རྣམ་བཞིས་ཕྱུར་བུར་གཏམས་ཤིང་ཡེ་ཤེས་པ་མངོན་སུམ་དུ་བཞུགས་པའི་བྱིན་རླབས་ཀྱི་གཟི་འོད་འབར་བ་དེའི་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད། སྐུ་རྒྱུའི་གཙོ་བོ་ཟངས་དང་གསེར་གཉིས་ལའང་། ཟངས་སྤྱི་རྒྱ་ཆིག་འབུམ་ཆིག་ཁྲི་དང་། གསེར་སྤྱི་རྒྱ་ཉིས་བརྒྱ་དང་ཉེར་དགུ་སོང་། མཛོད་སྤུའི་རྒྱུ་དབུས་སུ་རྡོ་རྗེ་ཕ་ལམ་སྟར་ཀ་ཙམ་དང་མཐའ་སྐོར་དུ་རྡོ་རྗེ་ཕ་ལམ་རྒྱ་སྲན་གྱི་ཚད་ཙམ་བཅུ་ཕྲག་གསུམ་གྱིས་མཛེས་པ། དེའི་མཐའ་སྐོར་དུ་མུ་ཏིག་བརྒྱ་ཕྲག་གསུམ་དང་། བྱུ་རུ་ཆིག་སྟོང་། དེ་མཚུངས་ཀྱི་གཡུ་དང་སྤོས་ཤེལ་སོགས་རིན་པོ་ཆེ་སྣ་ཚོགས་ལས་བསྒྲུབ་ཚུལ་《བོད་བརྒྱུད་ནང་བསྟན་སྒྱུ་རྩལ་》ཞེས་པ་ལས་གསལ་བས། མཛོད་སྤུའི་རིན་ཐང་ཙམ་ཡང་གཞལ་བར་དཀའ་ན། དེའི་ནང་གཞུག་དང་། འཇིག་རྟེན་ན་དཀོན་པའི་རིན་པོ་ཆེའི་རིགས་ཀྱི་ཕྲ་རྒྱན་དང་། བཟོ་སྐྲུན་གྱི་གླ་ཕོགས། རབ་ཏུ་གནས་པར་བྱེད་པའི་མཛད་སྒོའི་འགྲོ་སོང་བཅས་ཀྱིས་གནོད་སྦྱིན་རྣམ་ཐོས་བུ་ཡང་སྐྱེངས་པར་བྱེད་པའི་ལོངས་སྤྱོད་ཀྱི་གཏེར་ཆེན་པོས་མ་འོངས་སྐལ་ལྡན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་ས་ཆེན་པོ་བཀོད་ལེགས་རྫོགས་ལྡན་ལ་ཡོངས་སུ་འགྲན་པ་དེ་བཞེངས་སོ། །
དེ་ནས་བོད་ཀྱི་གཡོ་ཅན་འགའ་ཞིག་གིས་རྒྱལ་དབང་དང་པཎ་ཆེན་རིན་པོ་ཆེ་གཉིས་ཀྱི་བར་སེལ་འཇུག་དང་དཀྲུགས་ཤིང་བྱས་པའི་རྐྱེན་ལས། དགུང་ལོ་ཞེ་གཅིག་པར་བྱང་ཐང་བརྒྱུད་པེ་ཅིང་དུ་ཕེབས་པར་ཀྲུང་ཧཱ་མིན་གོའི་ཞི་དྲག་དཔོན་རིགས་ཐམས་ཅད་ཀྱིས་འཇམ་དབྱངས་གོང་མ་མཆོད་ཡོན་གྱི་མཛད་སྲོལ་ལྟར་སྣེ་ལེན་དང་བཀུར་བསྟི་རྒྱ་ཆེན་པོ་ཐོབ། དེ་ནས་སྐུ་ཚེ་དེ་ཉིད་དུ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་ཆེན་པོ་དུ་མ་ཡོངས་འཛིན་དུ་བཞེས་ནས་མདོ་སྔགས་ཆོས་ཚུལ་ཟབ་རྒྱས་མཐའ་ཡས་པ་གསན་ཅིང་ཉམས་བཞེས་དང་རྒྱ་ནག་གི་བྱང་ཤར་དང་། སོག་པོ་ནང་མ། ནན་ཅིན། ཧང་ཀྲོའུ། བླ་བྲང་བཀྲ་ཤིས་འཁྱིལ། སྐུ་འབུམ་བྱམས་པ་གླིང་སོགས་དགོན་སྡེ་ཆེན་མོ་དང་ཡུལ་གྲུ་མང་པོར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སྐུ་ཚེ་དེར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལན་དགུ་བསྩལ། མི་རིགས་མང་པོའི་གདུལ་བྱ་གྲངས་ལས་འདས་པ་ཞིག་སྨིན་གྲོལ་གྱི་ལམ་ལ་བཀོད། རྩོམ་ཆོས་ཀྱང་དགའ་ལྡན་ལྷ་བརྒྱ་མའི་ཟིན་བྲིས་དང་། ལམ་རིམ་ཚིགས་བཅད་མ། ལམ་སྒྲོན་འགྲེལ་པ་སོགས་པོད་བཞི་ཙམ་བཞུགས། དགུང་ལོ་ལྔ་བཅུ་ང་གཅིག་པར་དབུས་གཙང་དུ་ཕེབས་རྒྱུའི་ཐུགས་ཐག་བཅད་དེ་ཁམས་སྐྱེ་དགུ་མདོར་ཕེབས་ཀྱང་རྐྱེན་སྣ་ཚོགས་ཀྱིས་ཆིབས་བསྒྱུར་མ་ཐུབ་པར། དགུང་ལོ་ང་ལྔ་བཞེས་པ་རབ་བྱུང་བཅུ་དྲུག་པའི་མེ་གླང་སྤྱི་ལོ་༡༩༣༧ལོར་བོད་ཟླ་དགུ་པའི་ཚེས་ཉེར་བརྒྱད་ཉིན་སྐྱེ་དགུ་ཀླུ་ཤོད་དགོན་དགའ་ལྡན་ཆོས་འཁོར་གླིང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། ། |