གནས་ཡུལ། མདུན་ངོས། མཛེས་རྩལ།
 
 
༄༅།།བཟོ་རིག་སྨྲ་བའི་ཁྱུ་མཆོག་ཐང་བླ་ཚེ་དབང་།
སྤེལ་དུས།2008-09-25   ཡོང་ཁུངས་།《བཟོ་གནས་སྐྲ་རྩེའི་ཆུ་ཐིགས》   རྩོམ་པ་པོ། དཀོན་མཆོག་བསྟན་འཛིན། འབྲུག་མོས་ཞུ་དག་བྱས།

     བསྟན་པ་ཡང་དར་སྐབས་ཀྱི་བཟོ་རིག་སྨྲ་བའི་ཁྱུ་མཆོག་ཐང་བླ་ཚེ་དབང་ནི། རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ལོར་ཁམས་སྡེ་དགེའི་འབྲུ་ཆུ་འགྲམ་གྱི་དཔེ་ཝར་ཆུ་ཉིན་ཞེས་པའི་སར་སྐུ་འཁྲུངས། དགུང་ལོ་བདུན་བཞེས་པའི་ཐོག་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་དངོས་སློབ་ཨ་མཆེད་མགོན་པོའི་མདུན་ནས་ཡི་གེ་སྦྱོང་ཀློག་བསླབ། སྡེ་བྲིས་མཁས་པ་ནོར་བུ་དོན་གྲུབ་སོགས་ལས་གཟབ་གཤར་འཁྱུག་གསུམ་ལཉ་ཝར་དང་བཅས་པའི་ཡིག་བྲིས་སྦྱངས། རང་ལོ་བཅུ་གཉིས་ཐོག་ཝ་ཤུལ་བློ་གྲོས་མདུན་ནས། སྐྱེ་སྟོབས་ཀྱི་བཟོ་རྩལ་དང་མོས་པ་ལ་བརྟེན་ནས་བཟོ་གནས་རི་མོ་དཔྱིས་ཕྱིན་པར་སྦྱངས་ཏེ་རི་མོ་ལེགས་པའི་ཚད་དུ་གྱུར། བཅུ་དྲུག་པར་མཁས་མཆོག་འཇམ་དབྱངས་ཆོས་རྒྱན་མདུན་ནས་སུམ་རྟགས་སོགས་ཐུན་མོང་རིག་པའི་གནས་ལ་སྦྱངས་བརྩོན་མཛད། དེ་ནས་ཀཿཐོག་སི་ཏ་པཎྜི་ཏ་ཆོས་ཀྱི་རྒྱ་མཚོས་བཀའ་བསྐུལ་ལྟར། ཀཿཐོག་དགོན་དུ་ཕེབས་ཏེ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་ཐང་ཆེན་མོ་བྲི་ཞོར་དུ་མཁན་ངག་ལི་མདུན་ནས་ཐུན་མོང་དང་ཐུན་མིན་གྱི་རིག་གནས་འགའ་ཞིག་ལ་གསན་སྤྱངས་མཛད་མཐར། སླར་དཔལ་སྤུངས་དགོན་དུ་ཕྱིར་ཕེབས་ནས་སྒྲུབ་ཁང་གི་སྒྲུབ་པ་ཁག་གི་ཆོ་ག་ཕྱག་ལེན་གདངས་སྟབས་དབྱངས་སོགས་ལ་བྱང་བར་བྱས་ཤིང་དབུ་མཛད་ཀྱི་འགན་བཞེས་གནང་། ཡང་ཁྲོད་སྒྲུབ་སྡེར་མི་ལོ་གསུམ་དུ་བསྙེན་སྒྲུབ་མཛད། མཁན་མཁྱེན་རབ་ཞབས་པད་ལ་རེག་སྟེ་དབུ་མ་ལ་སོགས་པའི་གསན་སྦྱངས་རྒྱ་ཆེར་མཛད། སྐབས་དེའི་སྐུ་རྟེན་བྲིས་འབུར་རྡུང་གསུམ་གྱི་ལག་ལེན་སྤྱི་དང་། ཁྱད་པར་ཐིག་ཚད་ལ་མཆོག་ཏུ་མཁས་པའི་ལྷ་བཟོ་ཀར་འབྲུག་ཅེས་གྲགས་པ་དེའི་མདུན་ས་ནས་ཡང་སྐྱར་སྐུ་གཟུགས་ཀྱི་ཐིག་རྩ་ཐམས་ཅད་སོ་སོར་མ་འདྲེས་པ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པར་སྦྱངས་ནས། བཟོ་རིག་སྨྲ་བ་ཀུན་གྱི་གཙུག་རྒྱན་དུ་གྱུར་ཏོ། །

    བོད་ཀྱི་རི་མོ་ལ་མཁས་པ་ཙམ་དུ་མ་ཟད། མི་རིགས་གཞན་གྱི་བཟོ་རྒྱུན་ལའང་མཁས་པར་སྦྱངས་ཏེ་རྒྱ་ནག་གི་ལུགས་སུ་བྲིས་པའི་གནས་བརྟན་དང་མི་ལ་ཆུ་རིས་མ་སོགས་དང་། ཕྱི་གླིང་པའི་ལུགས་སུ་བྲིས་པའི་སི་ཏུ་པདྨ་ཉིན་བྱེད་དབང་པོ་སོགས་ཀྱི་བྲིས་ཐང་ངོ་མཚར་བ་མང་པོ་བྲིས་གནང་མཛད།   དེ་ནས་དཔལ་སྤུངས་སི་ཏུ་རིན་པོ་ཆེའི་ཞབས་པད་བསྟེན་ཏེ། གོང་གི་དགོངས་པ་ལྟར་ཐང་ཀ་དང་ལྡེབས་བྲིས་ཤིན་ཏུ་མང་པོའི་ཕྱག་བྲིས་དང་དབུ་མཛད་སོགས་ཀྱི་འགན་བཞེས་དང་། ཕྱིས་སུ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེའི་དྲུང་ཡིག་པའི་འགན་བཞེས་གནང་སྟེ་དབུས་ཕྱོགས་སུ་ཡུན་རིང་བཞུགས་ཤིང་ཀར་ལུགས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་བོད་གངས་ཅན་ཀྱི་བཟོ་རྒྱུན་མི་ནུབ་དར་ཞིང་རྒྱས་པའི་བྱ་བ་སོགས་ཅི་རིགས་མཛད། སྐབས་ཤིག་དུས་ཀྱི་དབང་གིས་བོད་ཀྱི་རིག་གནས་མཐའ་དག་ལ་ཉམས་གུད་ཆེན་པོ་བྱུང་བའི་སྐབས་སུ་ཁོང་ཐབས་མཁས་ཀྱི་སྒོ་ནས་རིག་གནས་དངོས་རྫས་དང་བཅས་པ་ལ་སྲུང་སྐྱོབས་དང་། བཟོ་དང་བཅས་པའི་རིག་གནས་ཀྱི་རྒྱུན་སྤེལ། རྒྱལ་བསྟན་ཡང་དར་གྱི་སྐབས་སུ་ཤར་དཔལ་སྤུངས་དགོན་གྱི་བསྟན་པ་སྐྱར་གསོའི་གཙོ་འགན་བཞེས་ཤིང་ཁོང་གིས་དབུ་འཛིན་མཛད་དེ་དགོན་པ་དེར་སྒྲུབ་བརྒྱུད་ཤིང་རྟ་བརྒྱུད་ལ་སོགས་ཀྱི་ལྡེབས་བྲིས་དང་ཐང་ཀ་གཙང་སྤང་གཙང་མཐིང་དང་གསེར་བཟང་པོ་སོགས་ཚོན་བཟང་འབའ་ཞིག་གིས་བྲིས་པའི་སངས་རྒྱས་བྱང་སེམས་ཀྱི་སྣང་བརྙན་བོད་ཙམ་ན་འགྲན་ཟླ་དང་བྲལ་བ་མང་པོ་བཞེངས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བཟོ་རིག་པའི་འཛིན་གྲྭའི་སློབ་མ་གཙོ་བོར་གྱུར་པའི་མདོ་ཁམས་དབུས་གསུམ་གྱི་སློབ་བུ་མང་པོར་བོད་ཀྱི་ཐུན་མོང་མ་ཡིན་པའི་བཟོ་རྒྱུན་གྱི་ལག་ལེན་དམར་ཁྲིད་དང་། ལུང་རིག་མན་ངག་གསུམ་གྱིས་སྨིན་པར་མཛད་དེ། རིག་གཞུང་ལག་ལེན་དང་བཅས་རང་རྐྱ་ཐུབ་པའི་སློབ་བུ་ས་སྟེང་ཀུན་ཏུ་ཁྱབ་པར་སྤེལ་བས། བོད་ཀྱི་བཟོ་རྒྱུན་ཉམས་པ་སླར་གསོ་བའི་གསོས་སུ་གྱུར་པ་ལགས་སོ། །། །

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060