གནས་ཡུལ། མདུན་ངོས། མཛེས་རྩལ།
 
 
༄༅།།སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྲིད་ན་འགྲན་ཟླ་དང་བྲལ་བའི་བཟོ་བསྐྲུན་མཛད་ཚུལ།
སྤེལ་དུས།2008-09-25   ཡོང་ཁུངས་།《བཟོ་གནས་སྐྲ་རྩེའི་ཆུ་ཐིགས》   རྩོམ་པ་པོ། དཀོན་མཆོག་བསྟན་འཛིན། འབྲུག་མོས་ཞུ་དག་བྱས།

        ངེས་པ་དོན་གྱི་པཎྜི་ཏ་ཆེན་པོ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་སྤྱི་ལོ་༡༦༥༣ལོར་ཡུལ་ལྷ་ལྡན་གྱི་གྲོང་སྨད་དུ་ཡབ་ཨ་ལུག་དང་ཡུམ་བུ་ཁྲིད་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་རྒྱལ་དབང་ལྔ་པ་ཆེན་པོ་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་ཐོབ་ནས་མི་ཕྱེད་པའི་དད་པ་འཁྲུངས། དེ་ནས་ས་སྐྱོང་འཕྲིན་ལས་རྒྱ་མཚོ་སོགས་ལས་བྲིས་དང་རྩིས་དཀར་ནག་སྒྲ་སོགས་གསན་བཞེས་ཀྱི་དབུ་ཚུགས། དགུང་ལོ་བཅུ་དྲུག་པར་རྒྱལ་དབང་ལྔ་པའི་ཞལ་བཀོད་ལྟར་ཆུ་བཟང་དུ་སྨན་གཞུང་སོགས་ཐུགས་འཛིན་དང་ཡིད་དམ་བསྙེན་བཟླས་ཞོར་དུ་ཉག་ཕྲན་རྟ་རྒྱུག་ཆུ་རྐྱལ་སོགས་ཀྱི་རྩེད་མོ་ལ་རོལ། བཅོ་བརྒྱད་པར་གྲྭ་ཐང་རྒྱུད་བཞི་ཐུགས་འཛིན་གྱི་རྣམ་རྟོགས་འཁྲུངས་པ་དང་། དེར་བཅད་བརྡར་དགོས་ཚུལ་ཞུས་པ་ལ་རྒྱལ་དབང་ལྔ་པ་ཆེན་པོ་དགྱེས་པའི་རྣམ་པ་དང་བཅས།  དེ་ལྟར་གྱིས་ཤིག་ཅེས་པའི་བཀའ་དང་དབང་སོགས་བསྩལ་ཏེ། དགུང་ལོ་ཉེར་གསུམ་པ་ནས་བཟུང་རྒྱལ་དབང་ལྔ་པའི་སྐུ་གམ་དུ་རྒྱུན་བཞུགས་གནང་སྟེ་སླར་ཡང་སྡེབ་སྦྱོར་དང་། སྙན་ངག་སྒྲ་ལ་སོགས་ཀྱི་ཕྱི་ནང་གི་རིག་པ་དུ་མའི་སློབ་ཁྲིད་བསྩལ། དགུང་ལོ་ཉེར་བདུན་པར་རྒྱལ་དབང་ལྔ་པ་ཆེན་པོས་ཁོང་ལ་སྲིད་སྐྱོང་གི་ཐུགས་འགན་བཞེས་དགོས་པའི་བཀའ་ཕེབས་ནན་པོ་ཡང་དུ་བྱུང་བ་དང་། ཆོས་སྲིད་ཡོངས་ཀྱི་རྗེ་བོར་དབང་བསྐུར། དགུང་ལོ་སུམ་ཅུ་པར་རྒྱལ་དབང་ལྔ་པ་ཆེན་པོས་སྡེ་སྲིད་གཙོས་སྐུ་འཁོར་རྣམས་ལ་རྒྱ་བོད་ཧོར་གསུམ་གྱི་ལ་རྒྱ་སྐྱོང་ལུགས་སོགས་ཀྱི་ཞལ་ཆེམས་དང་བཅས་གཟུགས་སྐུའི་བཀོད་པ་བསྡུས། སོ་གཅིག་པར་བཟོ་རིག་གི་ལོ་རྒྱུས་དང་གཞུཇ་ལུགས་སྔར་ན་མེད་པའི་གཡའ་སེལ་སོགས་ཀྱི་བསྟན་བཅོས་ཕལ་མོ་ཆེ་གསར་རྩོམ་གནང་། སོ་ལྔ་ནས་བཟུང་བེེ་སྔོན་ཆ་ལག་དང་བཅས་པ་ཡིག་འཇོག་དང་རིན་ཆེན་རིལ་བུའི་ཕྱག་བསྟར་སོགས་གསོ་རིག་སྨན་གྱི་ཕྱག་བཞེས་རླབས་པོ་ཆེ་བསྐྲུན། དགུང་ལོ་ཞེ་གསུམ་པར་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་ཞེས་པ་གསར་འཛུགས་གནང་ཞིང་། ཁྱིམ་པའི་རིགས་ཀྱང་བསླབ་སྦྱོང་བྱེད་མི་བསྡད་ཆོག་པའི་བཅའ་སྒྲིག་བཀོད། ལྕགས་པོ་རིའི་གཙུག་ལག་ཁང་ཞིག་གསོ་བགྱིས་ཏེ། ཀ་བ་བཅུ་དྲུག་གི་ཆ་ལ་ཤིང་ཚོན་དང་། ལྡེབས་བྲིས་སུ་རྗེ་བླ་མ་ཚེ་ལྷ་སོགས་དང། ནུབ་རྒྱུད་ལྷོ་ནས་ཤར་ཀྱིས་བར་གསོ་རིག་གི་ལུང་དང་། གཞུང་དོན་ལག་ལེན་གཉིས་ཀའི་སྐབས་བྱང་ཟུར་སོ་སོ་ནས་ཁོང་རང་ཉིད་བར་གྱི་བླ་རྒྱུད། ཀ་བ་བཅུ་དྲུག་ལ་གནས་བརྟན་བཅུ་དྲུག གདུང་མར་སྨན་བླའི་གཟུངས། ཀ་གདུང་དང་གཞན་རྣམས་ལ་སྨན་བླའི་ཕྱོགས་མདོག ལྡེབས་བྲིས་ཀྱི་གཞི་མ་གསང་སྔགས་སྔ་འགྱུར་གྱི་ཕྱོགས་མདོག་འདུ་ཁང་གི་རྟེན་གཙོར་སྔར་ཡོད་ཀྱི་སྟོན་པ་སྐུ་ཇོ་བོར་གྲགས་པ་དང་། རྗེ་བླ་མ། སློབ་དཔོན་ཆེན་པོ། རྗེ་བཙུན་ཙོང་ཁ་བ། སྨན་རྒྱལ་རིག་པའི་ཡེ་ཤེས་མཆེད་བཞི་གསུང་སྤྲུལ་དང་། འཇམ་དབྱངས་ཚངས་པ་ལྷའི་མེ་ཏོག་ལྷ་སྲས་མུ་ནི་བཙན་པོ། གཡུ་ཐོག་ཡོན་ཏན་མགོན་པོ། ཌཱ་ཀིའི་གཙོ་མོ་དཔལ་ལྡན་ཕྲེང་བ། ཁ་ཆེ་ཟླ་མངོན། སྡེ་སྲིད་དང་ཉིད་ཀྱི་འདྲ་འབག་ཞང་བློན་དང་བཅས་པ། སྦུག་ལྕོག་ཧྲིལ་དུ་སྔར་གྱི་ཐང་སྟོང་པའི་རྟེན་ཪྙིང་དཀར་ཆག་ཏུ་འཁོད་པའི་སྟེང་གཙོ་བོ་གྲུབ་དབང་དེ་ཉིད་དུ་བཀའ་བབས་པའི་ཚེ་དཔག་མེད་གྲུབ་རྒྱལ་མའི་འཁོར་དུ་རིག་གསུམ་མགོན་པོ། བདེ་བར་གཤེགས་པ་མཆེད་བརྒྱད། སྣང་བ་མཐའ་ཡས། ཀླུ་དབང་། སྤྱན་རས་གཟིགས་སེང་གེ་སྒྲ། སྒྲོལ་དཀར། གྲུབ་དབང་ཐང་སྟོང་པ། རྣམ་སྲས། རྡོ་རྗེ་ཁྲབ་རིང་སོགས་དང་། རྩེ་མོར་གསེར་གྱི་གན་ཛིར་སོགས་ཉམས་གསོ་རྒྱ་ཆེར་མཛད། དེ་ནས་སྤྱི་ལོ་༡༦༩༨པ་བོད་མེ་གླང་ལོར་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ཁྲིར་ཕེབས་སྐབས། སྡེ་སྲིད་རང་ཉིད་ཀྱིས་མཛད་པའི་རིག་པའི་གནས་ཆེན་ལྔའི་པོད་ཆེ་ཆུང་ཉི་ཤུར་ཉེ་བ་དང་། གསོ་རིག་རྒྱུད་བཞིའི་ཐང་ཚད་དྲུག་ཅུ་རེ་གཉིས་བཅས་མཎྚལ་གྱི་ཚུལ་དུ་ཕུལ་བ་ཡིན་ལ། རྗེས་སུ་ཡང་དུ་རྒྱུད་འགྲེལ་གྱི་སྨན་ངོ་དང་། རྩ་ཐིག ཡུལ་ཐིག་སོགས་ལུང་རིགས་ཀྱིས་བསྒྲུབས་པའི་རྣམ་པར་དག་པའི་ཐོག་དེ་དུས་ཀྱི་རི་མོ་བ་ཕུལ་བྱུང་ལྷོ་བྲག་སྐུ་སྐྱེ་བསྟན་འཛིན་ནོར་བུས་ཕུང་པོ་ཁ་ཤས་ལ་དངོས་སུ་བལྟས་ནས་དོན་སྣོད་ཀྱི་འདྲ་དཔེ་དགོད་དུ་བཅུག་པ་སོགས་ཀྱིས་རྩ་བ་ཐུགས་ཀྱི་རྒྱུད་ལ་བྲིས་ཆ་བཞི། བཤད་པ་སྐུའི་རྒྱུད་ལ་སུམ་ཅུ་སོ་ལྔ། མན་ངག་ཡོན་ཏན་རྒྱུད་ལ་བྲིས་ཆ་བཅུ་དྲུག ཕྱི་མ་འཕྲིན་ལས་ཀྱི་རྒྱུད་ལ་བྲིས་ཆ་ཉེར་བཞི་བཅས་ཁྱོན་ཐང་ཚད་བཅུ་ཕྲག་བདུན་དང་ཉག་མ་དགུ་གསར་བཞེངས་གནང་བའི་སྟེང་། གསོ་རིག་གི་བླ་རྒྱུད་ཁག་ཅིག་ཁ་བསྐངས་ཏེ་བྲིས་ཆའམ་ཐང་ཀ་བརྒྱད་ཅུ་ཐམ་པ་གཏན་ལ་ཕབ། 

དེ་ནས་སྡེ་སྲིད་རིན་པོ་ཆེས་བཀོད་འདོམས་ལྟར་སྤྱི་ལོ༡༦༩༠ལོར་པོ་ཏཱ་ལའི་དབུས་ཀྱི་ཕོ་བྲང་དམར་པོ་སྐྱར་སྐྲུན་གྱི་འགོ་བཙུགས་ཏེ། དེ་དུས་བོད་གངས་ཅན་གྱི་ལྗོངས་སུ་བཟོ་རྩལ་གྱི་སྙན་པའི་བ་དན་བསྒྲེངས་པའི་ལྷ་པ་དབུ་ཆེན་བསྟན་འཛིན་ནོར་བུ་སོགས་མི་བརྒྱད་གཙོས་ལྷ་བཟོ་གཉིས་བརྒྱ་ལྔ་བཅུ་ང་བདུན། རྡོ་བཟོ་དབུ་ཆེན་མི་བརྒྱད་གཙོས་རྩིག་བཟོ་བ་སུམ་བརྒྱ་བརྒྱད་ཅུ། ཤིང་བཟོ་དབུ་ཆེན་གཉིས་གཙོས་བརྒྱ་དང་དྲུག་ཅུ་དང་། ཤིང་རྐོས་དབུ་ཆེན་གོ་གསུམ་སོགས་ཉིས་བརྒྱ་ལྔ་བཅུ་ང་དྲུག འཇིམ་བཟོ་དབུ་ཆེན་ལྔ་སོགས་སོ་ལྔ་དང་། གཞན་ཡང་ཞལ་བ་མཁན་དང་། སྐྱ་བཟོ། ཚོན་བཟོ། གསེར་དངུལ་ཟངས་ལྕགས་ཀྱི་མགར་བ། ཕྲ་བཟོ། ལུགས་བཟོ། ཚགས་བཟོ། འཚེམ་བཟོ། སྐུད་བཟོ། ཀོ་བཟོ་ལ་སོགས་བཟོ་རིགས་སྣ་ཚོགས་ཀྱི་བཟོ་བོ་ཉིས་བརྒྱ་བདུན་ཅུ་དང་། ཨར་པོའི་འུ་ལགར་གཞུང་རྒྱུགས་མི་སེར་སོགས་ས་ཁུལ་ཁག་བདུན་དང་། སྒེར་པ་མཆོད་གཞིས་ཁོངས་གཏོགས་མི་སེར་ཁག་བཅུ་གསུམ་བསྡོམས་པས་ལྔ་སྟོང་ལྔ་བརྒྱ་བཅུ་མེད་བདུན་དང་། བཟོ་རིག་ལག་ཤེས་པ་དང་འུ་ལག་བཅས་བསྡོམས་པས་མི་གྲངས་དྲུག་སྟོང་བདུན་བརྒྱ་བཞི་བཅུ་ཞེ་གསུམ་བཀུག་པའི་ནང་དུ། རྒྱ་རིགས་བཟོ་བོ་མཁས་པ་མི་བདུན་དང་། བལ་པོ་བཟོ་རིགས་ལ་མཁས་པ་བརྒྱ་དང་བདུན་ཅུ། སོག་པོ་རིགས་བཟོ་ལ་མཁས་པ་བཅུའི་གྲངས་དང་བཅས་པ་འདུས་ནས་བཟོ་སྐྲུན་བྱེད་པ་ལ། སྔར་ཡོད་ཀྱི་ཕོ་བྲང་དམར་པོའི་ཤུལ་རྒྱུན་རྣམས་བྱང་ངོས་ཀྱི་ཟུར་ཕུག་ཏུ་རང་འཇགས་སུ་བཞག་ཐོག་ཕོ་བྲང་དཀར་པོའི་ནུབ་ནས་ཕྱེད་ཙམ་བཤིག སྔར་ཡོད་ཀྱི་ཕོ་བྲང་དམར་པོའི་ཤར་ལྷོ་ནུབ་གསུམ་ནས་རྒྱ་བསྐྱེད་དེ་ཐོག་བརྩེགས་བཅུ་གསུམ་གྱི་གྲངས་དང་ལྡན་པར་བྱས་སོ། ། དེ་ལ་ཕྱིའི་བཟོ་དབྱིབས་བོད་ཀྱི་རྒྱལ་པོའི་ཕོ་བྲང་དང་ནང་གི་བཀོད་པ་ནང་པ་སངས་རྒྱས་པའི་རྟེན་གཞལ་ཡས་ཁང་གི་རྣམ་པ་གཉིས་ཟུང་དུ་འབྲེལ་ཐོག་གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་གྱི་འགྲོས་དང་ཡོངས་སུ་མཐུན་པར་མཛད་པའི་སྟེང་དུ་རྒྱལ་དབང་ཐམས་ཅད་མཁྱེན་པའི་གཟིམ་ཆུང་བཀའ་གདམས་འཁྱིལ་བ་དང་། ངོ་མཚར་འཁྱིལ་བ། འདོད་དགུ་འཁྱིལ་བ། བདེ་ལྡན་འཁྱིལ་བ། ཕུན་ཚོགས་བཀོད་པ་དང་། ས་གསུམ་རྣམ་རྒྱལ་སོགས་ཁག་བཅུ་དང་། དེའི་ཤོད་དུ་སྨན་བླ་ལྷ་ཁང་དང་། རྒྱ་ནག་ལྷ་ཁང་དང་། ལི་མ་ལྷ་ཁང་སོགས་ཀྱི་ལྷ་ཁང་མང་པོ་དང་། དེའི་འོག་ཏུ་ཚོགས་ཆེན་སྲིད་ཞི་ཕུན་ཚོགས་དེའི་ཤར་ངོས་སུ་ལམ་རིམ་ལྷ་ཁང་། ལྷོ་ངོས་སུ་རིག་འཛིན་ལྷ་ཁང་། ནུབ་ངོས་སུ་རྒྱལ་དབང་ལྔ་བའི་གསེར་གདུང་འཛམ་གླིང་རྒྱན་གཅིག་བྱང་ངོས་སུ་འཁྲུངས་རབས་ལྷ་ཁང་བཅས་ལྷ་ཁང་ཆེ་བ་བཞི་བཞེངས། ཚོམས་ཆེན་གྱི་ལྡེབས་ངོས་སུ་རྒྱལ་དབང་ལྔ་བའི་སྐུ་ཚེ་གཅིག་གི་མཛད་སྤྱོད་རྣམ་པར་ཐར་པ་རྒྱས་པ་བྲིས་པ་དང་། བར་ཁྱམས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རང་ཉིད་ཀྱི་རྣམ་ཐར་དང་། ཕོ་བྲང་དམར་པོ་གསར་དུ་བཞེངས་ཚུལ་གྱི་ལྡེབས་བྲིས་དང་། གཞན་ཡང་གཟིམ་ཆུང་ཁག་གི་ལྡེབས་བྲིས་སུ། བཀའ་གདམས་ཕ་ཆོས་ནས་གསུངས་བའི་དཔལ་ལྡན་ཨ་ཏི་ཤ་དང་འབྲོམ་སྟོན་པའི་སྐྱེ་རབས་སོགས་ཤིན་ཏུ་མང་པོ་དང་། རྒྱལ་དབང་ལྔ་པའི་རྣམ་ཐར་གྱི་ཚོན་ཐང་དྲུག་ཅུ་རེ་ལྔ། གསང་བའི་རྣམ་ཐར་ཚོན་ཐང་བཞི་བཅུ་ཞེ་དྲུག གསེར་ཐང་ཉིས་བརྒྱ་ཞེ་དྲུག་སོགས་སྐུ་རྟེན་དང་། བཀའ་འགྱུར། བསྟན་འགྱུར། སྨན་རྩིས། རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་གསུང་འབུམ་གཙོས་གསེར་གྱིས་བྲིས་པའི་གསུང་རབ་པོད་ཆེན་དྲུག་བརྒྱ་བཅོ་ལྔ་ལ་སོགས་གསུང་གི་རྟེན་མཐའ་ཡས་པ་དང་། ཐུགས་རྟེན་གསེར་གདུང་འཛམ་གླིང་རྒྱན་གཅིག་མཐོ་ཚད་རྨི་བཅུ་བཞི་དང་ལིའི་རྨི་བརྒྱད་ལྔ་ཡོད་པ། གསེར་རྒྱ་ཐུར་གྱི་སྲང་ས་ཡ་གཅིག་དང་བཞི་ཁྲི་ཆིག་སྟོང་བརྒྱད་རྒྱ་ཉི་ཤུ་རྩ་བརྒྱད། དེང་སང་གི་སྤྱི་རྒྱ་སུམ་སྟོང་བདུན་བརྒྱ་ཉེར་བཞི་སོང་བ་ཕུད། བཟོ་རིགས་མི་སྣའི་གླ་ཕོགས། ནང་རྫོངས་སྐུ་གསུང་ཐུགས་རྟེན་གྱི་རིན་ཐང་། རབ་ཏུ་གནས་པར་བྱེད་པའི་མཛད་སྒོའི་འགྲོ་སོང་ཁག་གསུམ་ཁྱོན་བསྡོམས་སྐབས་དེའི་བོད་དངུལ་གྱི་སྲང་ས་ཡ་གཉིས་དང་ཆིག་འབུམ་སུམ་ཁྲི་བཞི་སྟོང་བརྒྱད་བརྒྱ་སུམ་ཅུ་སོ་བརྒྱད་གནས་པ། སྐབས་དེའི་འབྲུ་ལ་བསྒྱུར་ན་འབྲུ་ཁལ་ས་ཡ་གསུམ་དང་བྱེ་བ་བརྒྱད་བཞི་འབུམ་ཆིག་ཁྲི་བཞི་སྟོང་ལྔ་བརྒྱ་བཅུ་མེད་བརྒྱད་དེ་དེང་སང་གི་རྒྱ་མ་ལྟར་ན་འབྲུ་རྒྱ་མ་དུང་ཕྱུར་བཅུ་དང་ས་ཡ་བདུན་བྱེ་བ་ལྔ་ལྷག་ལས་བསྒྲུབ་ཚུལ་སྡེ་སྲིད་རང་ཉིད་ནས་བརྩམས་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་དང་། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་ཕོ་བྲང་པོ་ཏཱ་ལ་ཞེས་པའི་རྩོམ་ཡིག་སོགས་སུ་གསལ། དེའི་བཟོ་སྐྲུན་གྱི་དངོས་པོ་ནི། སྐབས་དེའི་བོད་ཀྱི་གསར་སྐྲུན་གྱི་སྙིང་སྟོབས་དང་རྣམ་དཔྱོད་ཀྱི་ཡོན་ཏན། བཟོ་རིགས་ཀྱི་ལག་རྩལ་ཐམས་ཅད་གྱི་ལེགས་པའི་ཆ་ཡང་འདུས་པ་ཡིན་ནོ། །

དེ་ལྟ་བུ་རིན་ཐང་གཞལ་དུ་མེད་པའི་བཟོ་ལས་བྱུང་བའི་དངོས་པོ་མཐའ་ཡས་པ་བསྐྲུན་པ་མ་ཟད། བཟོའི་བསྟན་བཅོས་ཀྱང་དུ་མ་བརྩམས་པ་ཡིན་ཏེ། ཁོང་གི་རིག་གནས་ཆེ་ཆུང་གི་གསུང་འབུམ་པོ་ཏི་ཉི་ཤུ་སྐོར་བཞུགས་པའི་ནང་། བཟོ་རིག་གཏན་ལ་འབེབས་པའི་སྐུ་གསུང་ཐུགས་ཀྱི་རྟེན་གྱི་ཆ་ཚད་དང་། སྔོན་བྱུང་རི་མོའི་ལོ་རྒྱུས་དང་། ཕྱག་མཚན། ཡི་གེའི་ཆ་ཚད་སོགས་ཤིན་ཏུ་རྒྱས་པ་མཛད་པ་མ་ཟད། མཆོད་རྟེན་གྱི་ཆ་ཚད་ནི་མཛེས་ཆ་ཆེ་བ་སྟེ་ས་རྙིང་ཀར་དགེ་ཀུན་ལ་ད་ལྟའི་བར་དུ་ཁྱབ་ཆེ་བ་ཡིན་ནོ། །དེ་ལྟར་ལྷ་གཅིག་ཕྱག་ན་པདྨོ་མི་རྗེའི་རྒྱལ་ཚབ་ཆེན་པོ་དེ་ཉིད་དགུང་ལོ་ལྔ་བཅུ་ལྷག་ཙམ་འཚོ་ཞིང་བཞེས་པའི་རིང་བསྟན་འགྲོ་ལ་མཆོག་ཏུ་སྨན་པའི་ཆོས་སྲིད་རིག་གནས་ཐམས་ཅད་ཀྱི་བྱ་བ་རླབས་པོ་ཆེ་མཛད་དང་མཛད་བཞིན་པའི་སྐབས་བོད་ཤིང་བྱ་ལོར་སྤྱི་ལོ་༡༧༠༥ལ་བར་ཆད་ཟློག་ཏུ་མེད་པས་སྟོད་ལུང་སྣང་རྩེ་ཞེས་པར་སྐུ་བཀྲོངས་སོ། །

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060