| སི་ཏུ་ཆོས་ཀྱི་འབྱུང་གནས་སམ་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་ནི་བོད་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་སྤྱི་ལོ་༡༧༠༠ལོར་མདོ་ཁམས་སྒང་དྲུག་གི་ཡ་གྱལ་འབྲི་ཟླ་ཟལ་མོ་སྒང་གི་སྡེ་དགེ་ཨ་ལོ་དིང་རིང་སྒང་དུ་གང་བཟང་ཁྲ་འགུ་མའི་སྲས་སུ་སྐུ་འཁྲུངས། དགུང་ལོ་ལྔ་བཞེས་པའི་དུས་སུ་ཡི་གེ་ཚེགས་མེད་དུ་མཁྱེན། དགུང་ལོ་བདུན་པར་ཞྭ་དམར་བརྒྱད་པ་ནས་སི་ཏུ་ཆོས་ཀྱི་འབྱུང་གནས་འཕྲིན་ལས་ཀུན་ཁྱབ་ཡེ་ཤེས་དཔལ་བཟང་པོ་ཞེས་པའི་མཚན་གསོལ། དགུང་ལོ་དགུ་བཞེས་སྐབས་གསོལ་ངན་བཞེས་རྐྱེན་བསྙུང་ཚབ་ཆེ་ཙམ་བྱུང་རིང་དཔལ་འབྱོར་དགོན་དུ་གང་བཞུགས་པའི་ཕྱག་དཔེ་རྣམས་གཟིགས་པས་གསུང་རབ་སྤྱིའི་གོ་བ་རགས་པ་ཐུགས་ལ་འཁྲུངས། ཞྭ་དམར་བརྒྱད་པའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་གསོལ། དེ་ནས་ཞྭ་དམར་བརྒྱད་པ་ཆོས་ཀྱི་དོན་གྲུབ་དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས། ཟུར་མཁར་པའི་སློབ་རྒྱུད་འཛིན་པ་ཡེ་ཤེས་སོགས་སློབ་དཔོན་དུ་མ་བསྟེན་ནས། སྡེ་སྣོད་གསུམ་དང་། སྒྲ། བཟོ། གསོ་བ་རིག་པ་སོགས་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ལ་དཔྱིས་ཕྱིན་པར་སྦྱངས་ཏེ་བོད་ཙམ་དུ་མ་ཟད་རྒྱ་དཀར་ནག་བལ་ཧོར་སོག་གི་ཡུལ་དུའང་ཏཱའི་སི་ཏུ་མ་ཧཱ་པཎྜི་ཏ་ཆོས་ཀྱི་འབྱུང་གནས་ཞེས་མཚན་སྙན་གྱིས་ཁྱབ་པར་གྱུར་ཚུལ་ལ་འདི་ལྟར་སྣང་སྟེ། སི་ཏུ་པཎ་ཆེན་ཉིད་བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས་པའི་ལམ་བར་ལི་ཐའི་འགོར་ཡུམ་བུ་རྒྱལ་པོ་བསུ་བ་འབྱོར་ཏེ་ཀ་ཤིའི་པཎྜི་ཏ་ཛ་ལ་མངྒ་གཉིས་དང་མཇལ་འཕྲད་མཛད། དུར་སེང་དང་སྒྲ་ཡི་རྒྱ་མཚོ་ཟེར་བའི་སུ་པྲ་མཐའ་རྒྱས་པ་དེ་བློ་ནས་གསུངས་པས། ཁྱེད་བོད་ཀྱི་ཡུལ་ན་མཁས་བླུན་གྱི་དབྱེ་བ་མེད་པ་འདུག འཕགས་ཡུལ་ཡིན་ན་མཁས་པ་ཆེན་པོ་ཁྱེད་ལ་གདུགས་དཀར་པོ་བདུན་ཕུབ་དགོས་འདུག་ཅེས་སོགས་ཀྱི་གཟེངས་བསྟོད་དང་བསྟི་སྟངས་ཆེར་བགྱིས། ལོ་ཙཱ་མཛད་པ་ལ་རྒྱལ་པོ་དང་མཁས་པ་ཀུན་ཀྱིས་བསྔགས་ཤིང་གྲགས་པའི་སྙན་པ་འཕགས་ཡུལ་ཀུན་ཏུ་ཁྱབ། མེ་ལུག་ལོར་གཉེར་ཆེན་ཆོས་སྐྱོང་བློ་གྲོས་ཀྱིས་ལས་དཔོན་མཛད་ནས་དཔལ་སྤུངས་ལྷ་ཁང་གི་རྩིག་རྨང་བཏིང་བ་ལ། ས་དཔྱད་དང་། ཞལ་བཀོད། ལྡེབས་རིས་ཀྱི་བཀོད་པ་དང་། ཐིག་རྩ། རི་མོ་སོགས་མང་དུ་མཛད། ལྕགས་ཕག་ལོར་ས་དབང་ཆོས་རྒྱལ་བསྟན་པ་ཚེ་རིང་ཡབ་སྲས་ཀྱིས་བཀའ་འགྱུར་པར་དུ་བསྒྲིགས་པའི་ཞུ་དག་ལ་སྤྱན་དྲངས། ས་ག་ཟླ་བར་ཞུ་དག་གྲུབ་ནས་དཔལ་སྤུངས་ཕེབས། ཀརྨ་པ་ཞྭ་དམར་ནག་གཉིས་རྒྱ་ནག་ཏུ་ཕེབས་ཁར་དང་འཕྲད་དེ། རྗེ་ཉིད་ལ་རང་ལུགས་ཀྱི་བསྟན་པ་སྐྱོངས་དགོས་ཚུལ་དང་ཀར་ལུགས་ཆོས་སྤྱོད་ཀྱི་ཁ་སྐོང་དང་ཞུ་དག་དགོས་ཚུལ་སོགས་ཀྱི་ཞལ་ཏ་གནང་སྟེ་བསྟན་པ་གཉེར་དུ་གཏད། ཞྭ་དམར་ནག་གཉིས་རྒྱ་ནག་ཏུ་ཕེབས་པའི་ལམ་བར་འདས་པ་ལ་དགོངས་རྫོགས་དང་། ཡང་སྲིད་རིན་པོ་ཆེ་མི་འཇིགས་གསེར་གྱི་ཁྲི་ལ་མངའ་གསོལ་པ་སོགས་ཀྱི་འགན་བཞེས་མཛད། དེ་ནས་འཇང་ཡུལ་དུ་ཕེབས་ཏེ་འཇང་ལ་སོགས་པའི་ཡུལ་གྲུ་དུ་མར་ཀར་ལུགས་ཀྱི་དགོན་སྡེ་མང་དུ་བཞེངས། དེའི་ལམ་བར་རྒྱ་ནག་ཏུ་ཕེབས། རྒྱ་ནག་གི་སྐད་ཡིག་དང་། སྐར་རྩིས་སྨན་དཔྱད་གྱི་གཞུང་མང་པོར་གཟིགས་ཤིང་བོད་དུ་བསྒྱུར་བ་དང་། ཡང་ན་དེ་དག་ལ་གཞིར་བྱས་ནས་གསར་རྩོམ་མཛད་པ་དང་། ཁྱད་པར་ཏུ་རྒྱ་ནག་གི་རི་མོ་ལེགས་པར་སྦྱངས་ནས། །དེ་ཡི་ལེགས་པའི་ཆ་དང་བོད་ཀྱི་སྲོལ་རྒྱུན་རི་མོ་གཉིས་གཅིག་ཏུ་འདྲེས་པའི་ཉམས་འགྱུར་ཁྱད་པར་ཅན་གྱི་སྒར་ལུགས་གསར་མ་ཞེས་པ་དེ་སྲོལ་གཏོད་པ་ཡིན་ཞིང་། དེ་ལ་རྒྱ་བོད་ཙམ་མ་ཟད་བཟོ་རྒྱུན་དུ་མའི་ལེགས་ཆ་འདུས་ཚུལ་ནི་རྗེ་རང་ཉིད་ཀྱིས་མཛད་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་ཞལ་ཐང་ཉེར་གསུམ་བཞུགས་པའི་མཇུག་གི་བཀའ་རྩོམ་ལས། ཚོན་དང་རི་མོ་ཉམས་རྣམ་འགྱུར། །རྒྱ་ནག་མཁས་པའི་རྗེས་འབྲངས་ནས། །ཡུལ་དང་ཚ་ལུགས་ཁང་བཟང་སོགས། །འཕགས་ཡུལ་མངོན་སུམ་མཐོང་བཞིན་བྱས། །སྨན་ཐང་གསར་སྙིང་མཁྱེན་ལུགས་པ། །བྱེའུ་སྒང་པ་སྒར་བྲིས་པའི། །རྣམ་དཔྱོད་དེ་ཀུན་འདིར་ལྡན་ཡང་། །ཉམས་འགྱུར་འབུམ་གྱིས་ཁྱད་པར་བྱས། །ཞེས་གསུངས་པའི་བཟོ་རྒྱུན་འདིའི་ཁྱད་ཆོས་གཙོ་བོར། ལྷ་ཆུང་ལ་ས་སྟོང་ཆེ་བ། བར་སྣང་སྐྱ་ཤས་ཆེ་བ། ཡུལ་སྣང་གི་བཀོད་པ་མཛེས་ཤིང་ནགས་ཚལ་དང་། རི་དྭགས་འདབ་ཆགས་ཁང་བཟང་རིགས་ཀུན་ལ་ཡོད་པ། རྒྱང་རིང་གི་ས་གཞིའི་མདངས་མཐའ་གབ་པས། རྒྱང་རིང་མཐོང་བའི་སྣང་བ་འཆར་ཐུབ་པ། ཚོན་སྤྱི་ན་ལྗང་ཤས་ཆེ་བ། ལྷ་སྐུ་རྣམས་ཀྱི་སྤྱན་དང་ཞལ་ཆུང་བ། ན་བཟའ་ལྷབ་ལྷུབ་ཏུ་མཛེས་ཤིང་བཅད་རིས་ཕྲ་བ་སྐམ་མདངས་མང་ཞིང་སྤྲིན་པ་ལྷོབ་ཆུང་བ། རི་རྐེད་སྨུག་སྤྲིན་འཐུལ་པ་བྲིས་པ། རེ་འགར་རིས་འགྲེལ་སྦྲགས་མ་བྲིས་པ་སོགས་ཏེ། དེ་ལྟར་བཟོ་རྒྱུན་དུ་མའི་ལེགས་ཆ་ཐམས་ཅད་འདུས་པའི་རི་མོའི་སྲོལ་རྒྱུན་དེས་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་པས། རྗེས་འབྲངས་ཀྱི་སློབ་བུ་སྐར་ཚོགས་ལྟར་བཀྲ་བར་གྱུར་ཏོ། ཆོས་རྗེ་ཉིད་ཀྱིས་བྲིས་གནང་མཛད་པའི་རི་མོའི་སྐོར་ལ་དཔལ་སྤུངས་ཀྱི་ལྡེབས་རིས་ཁག་དང་། གོང་སྨོས་ཀྱི་སྐྱེས་རབས་དཔག་བསམ་འཁྲི་ཤིང་། རྗེ་རང་ཉིད་ཀྱི་འདྲ་ཐང་རིག་འགྲེལ་སྦྲགས་མ་ཁྱད་འཕགས་སོགས་ད་ལྟར་ཡང་སྐྱེ་བོ་ཀུན་གྱི་མིག་རྒྱན་དུ་གྱུར་པ་དང་། གསུང་རྩོམ་ལ་ནང་དོན་རིག་པའི་སྐོར་དང་། སྒྲ། གཏན་ཚིགས། གསོ་བ། སྐར་རྩིས་སོགས་དང་། ཁྱད་པར་དུ་སྲོང་བཙན་སོགས་ཀྱི་སྐུ་དུས་སུ་ཇི་བཞིན་མ་འགྱུར་བའི་རྒྱ་རྩིས་གསར་འགྱུར་མཛད་པ་དང་། འབྲུམ་བཅོས་སྨན་བཅོས་སྐོར་གསར་འགྱུར་སྣ་ཚོགས་དང་། སྒྲ་པཱ་ཎི་པ་དང་དབྱངས་ཅན་སྒྲ་མདོ། མངོན་བརྗོད་འཆི་མེད་མཛོད་བཅས་གསར་དུ་འགྱུར་པའམ་འགྱུར་བཅོས་མཛད་པ་སོགས་པོ་ཏི་བཅུ་གསུམ་གྱི་གྲངས་བཞུགས་ཤིང་། ཀརྨ་པ་བདུད་འདུལ་རྡོ་རྗེ། ཞྭ་དམར་ཆོས་གྲུབ་རྒྱ་མཚོ། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། བཀའ་བརྒྱུད་འཕྲིན་ལས་ཤིང་རྟ་སོགས་འཕགས་ཆེན་སྤྲུལ་སྐུ་བདུན་དང་། འབྲུག་ཡོངས་འཛིན་སྤྲུལ་སྐུ་ཀརྨ་ཐུབ་བསྟན་ངག་དབང་སོགས་ཐུགས་སྲས་དམ་པ་གསུམ། གཞན་ཡང་འབྲི་གུང་ཞབས་དྲུང་དཀོན་མཆོག་འཕྲིན་ལས་འགྲོ་འདུལ་སོགས་མཁས་གྲུབ་ཀྱི་སློབ་བུ་མང་དུ་བསྐྱངས། དེ་ནས་གོང་མའི་གསེར་ཡིག་པ་གདན་ཞུ་འབྱོར་བས། རྒྱ་ནག་ཕྱོགས་སུ་ཕེགས་པའི་ལམ་བར་བྲག་འགོ་ཁ་ས་མཚོ་ཁར་རབ་བྱུང་བཅུ་གསུམ་པའི་ཤིང་རྟ་སྤྱི་ལོ་༡༧༧༤ལོར་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། ། |