|
གཅིག གནད་དོན་བསམ་གཞིགས་ཀྱི་རྩ་བའི་ཁ་ཕྱོགས།
བོད་ཀྱི་རི་མོའི་སྒྱུ་རྩལ་ཀུན་ཕྱོགས་བསྡུས་ཀྱི་རང་བཞིན་ལྡན་པའི་དངོས་པོ་ནི་གཅིག་སྟེ་ཐང་ཀའི་སྒྱུ་རྩལ་འདི་རེད། འདིའི་ལག་རྩལ་གྱི་ཐོག་ལ་བསམ་གཞིགས་དང་བརྒྱུད་རིམ་ལ་བལྟས་ན། རི་མོའི་རྨང་གཞི་སྦྱང་བའི་ཐོག་ལ་རས་གཞི་བཟོ་བའི་ལག་རྩལ་དང་། ཐིག་ཆེན་བརྒྱད་བཏབ་ནས་སྐྱ་བྲིས་ཆ་ཚང་བ་འབྲི་བ་དང་། དེའི་ཐོག་ཚོན་སྦྱོར་གྱི་སྒོ་ནས་ཚོན་ཁ་སྒྲིག་པ་དང་། མདངས་བརྒྱབ་ནས་སྣག་བཅད་བརྒྱབ་པ་དང་། གསེར་བཏང་བ་ལ་གཟི་ཡིས་མདངས་འདོན་པ་སོགས་ལག་རྩལ་གྱི་རིམ་པ་དང་། དེ་དང་འབྲེལ་བའི་ཤིང་ཚོན་དང་། གྱང་ཚོན་དང་། ཤིང་བྲིས་དང་། ལྡེབས་བྲིས་སོགས་ཀྱི་ལག་རྩལ་ཐམས་ཅད་ལ་བརྒྱུད་རིམ་ལྡན་དགོས་པ་དང་། སློབ་དཔོན་གྱི་ཕྱག་རྒྱུན་མཐོང་བ་བརྒྱུད་པའི་ཕྱག་སྲོལ་ཤེས་དགོས་པ་དང་། དེ་དག་ནི་མི་རབས་དང་མི་རབས་ཀྱི་ཉམས་མྱོང་གི་སྒོ་ནས་འཕེལ་རྒྱས་བཏང་བ་ཞིག་རེད། དེར་རང་ལ་དེ་དག་གི་བྱང་ཆ་ཡོད་པའི་ཐོག་ནས་རས་བྲིས་ཀྱི་ལག་རྩལ་མཐོན་པོ་ཡོད་དགོས་པ་ཞིག་རེད། དེའི་ཚད་གཞི་མཐོན་པོར་སླེབས་ན་རང་མགོ་ཐོན་པ་དང་། དེ་ནས་གཞན་ལ་སློབ་ཆོག་པའི་སྐབས་སུ་སླེབས་པ་དང་། དེ་ལྟ་བུའི་སྒོ་ནས་རྒྱུན་འཛིན་བྱེད་དགོས་པ་ལས་གང་བྱུང་བྱེད་ཆོག་པའི་ལམ་ལུགས་མེད་པ་རེད། ང་ཚོས་བོད་ཀྱི་ལྷ་བྲིས་ཀྱི་ཐིག་གཞུང་ལག་རྩལ་སྐོར་དང་། ཐང་ཀའི་སྒྱུ་རྩལ་ཞིབ་འཇུག་སྐོར་རྣམས་ལ་གཟིགས་ན་མཁྱེན་ངེས་རེད། བོད་ཀྱི་ཐང་ཀ་དང་ལྡེབས་བྲིས་སོགས་རི་མོའི་སྐོར་ལ་ཞིབ་འཇུག་གནང་མཁན་མང་པོ་ཡོད་ལ། ཞིབ་འཇུག་གི་གྲུབ་འབྲས་ཀྱང་མང་པོ་ཐོན་ཡོད། དེ་དག་ནི་སྔར་སྲོལ་ཐང་ཀའི་སྐོར་སོགས་ལ་ཞིབ་འཇུག་བྱས་པ་རྐྱང་ཡིན་པ་ལས་ད་ལྟའི་བོད་ཀྱི་ཐང་ཀའི་སྒྱུ་རྩལ་གྱི་གནས་བབ་དང་། འབྱུང་འགྱུར་ལ་རྒྱང་བལྟ་བྱས་པ་མཐོང་རྒྱུ་མེད། ང་ཚོས་སྲོལ་རྒྱུན་གྱི་ཐང་ཀ་ཚད་ལྡན་གྱི་ལག་རྩལ་གྱི་སྤུས་ཚད་རྩ་འཛིན་གྱིས་རྒྱལ་སྤྱིའི་ཐོག་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་གཟི་འོད་དེ་རྒྱུན་མི་ཆད་པར་འཕྲོ་བཞིན་པ་མངོན་ཐུབ་དགོས། དེ་ནི་བོད་ཀྱི་རྒྱུན་སྲོལ་གྱི་རི་མོའི་སྒྱུ་རྩལ་འཚོ་གནས་དང་། རྒྱུན་སྲིང་འཕེལ་རྒྱས་ཀྱི་མདུན་ལམ་ཉག་གཅིག་དེ་རེད། ད་ལྟ་བོད་ཀྱི་སྲོལ་རྒྱུན་ཐང་ཀའི་སྒྱུ་རྩལ་དེ་ཉིད་ཉམས་པ་སླར་གསོ་བྱུང་བ་མ་ཟད། འཕེལ་རྒྱས་ཤུགས་ཆེན་འགྲོ་དང་འགྲོ་བཞིན་སྐོར་གྱི་ཆ་འཕྲིན་མང་པོ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་འདི་ནི་དགའ་འོས་པ་ཞིག་ཡིན། འོན་ཀྱང་ང་ཚོས་དངོས་ཡོད་ཀྱི་འཚོ་བའི་ནང་དུ་དོ་སྣང་ཅུང་ཟད་བྱས་ན། ས་ནས་བོད་ཀྱི་སྲོལ་རྒྱུན་ཐང་ཀའི་སྒྱུ་རྩལ་ངོ་མའི་གནས་བབ་ཉག་ཇེ་ཕྲར་འགྱུར་བཞིན་པ་དང་། བོད་ཀྱི་སྲོལ་རྒྱུན་གྱི་རི་མོའི་གདོང་འབག་གྱོན་པ་ཚོས་ངོ་མའི་ཚབ་བྱས་ནས་རྒྱལ་སྤྱིའི་ཐོག་ལ་འཁྱམ་བཞིན་ཡོད་པ་མཐོང་ཐུབ། དང་ཐོག་བརྫུན་མས་ངོ་མའི་གདོང་འབག་གྱོན་པ་དང་། དེ་ནས་ངོ་མའི་ཚབ་བྱེད་པ་དང་། མཐར་བརྫུན་མ་ཁོ་རང་ངོ་མར་འགྱུར་བར་བྱེད་པའི་ཐབས་ལ་བརྩོན་བཞིན་ཡོད་པ་རེད། སྲོལ་ངན་འདི་རིམ་བཞིན་ཤུགས་ཆེར་ཕྱིན་ན་ངོ་མའི་གནས་བབས་རྩ་མེད་འགྲོ་རྒྱུ་ཐེ་ཚོམ་མེད། ངོ་མ་ལ་བརྫུན་མའི་མིང་སྦྱར་བ་དང་། རིམ་པས་ངོ་མ་བརྫུན་མར་འགྱུར་རྒྱུ་ནི་ཐེ་ཚོམ་མེད་པའི་གནས་སུ་གྱར་བཞིན་ཡོད། འདིའི་ཐད་ལ་བོད་ལྗོངས་ཨ་མདོ་བྱམས་པའི་མཛེས་རྩལ་སློབ་གྲྭའི་སློབ་དཔོན་སྤེན་པ་ཚེ་རིང་གིས་བོད་དུ་འབྱུང་འགྱུར་ཐང་ཀའི་མཐུན་ཚོགས་ཤིག་ཡོང་བའི་ཐུགས་འདུན་གྱིས་ཕྲན་ལ་དཔྱད་རྩོམ་ཞིག་འབྲི་རོགས་གསུངས་བྱུང་ལ། ངས་ཀྱང་འདིའི་སྐོར་གླེང་དང་གླེང་བཞིན་ཡོད་ལགས། དོན་དམ་ང་ཚོས་རིག་པ་དྭངས་གསལ་གྱིས་སྒྱུ་རྩལ་གྱི་ལག་རྩལ་ངོ་མ་རྒྱུན་འཛིན་དང་། དར་སྤེལ་དང་འཕེལ་རྒྱས་རྒྱུན་སྲིང་གི་དཔུང་སྟོབས་བསྐྱེད་ནས། ངོ་མར་བརྫུས་པའི་བརྫུན་མ་རྣམས་གནས་ས་རྐང་པ་འཛུགས་ས་མེད་པའི་ཁོར་ཡུག་གཙང་མ་ཞིག་བསྐྲུན་རྒྱུ་དེ་རེད། དེ་ནི་རྒྱུན་སྲོལ་གྱི་རི་མོའི་སྒྱུ་རྩལ་གྱི་འཚོ་གནས་ཀྱི་ཁོར་ཡུག་དང་། ཡུན་གནས་དར་རྒྱས་ཀྱི་བླ་སྲོག་ནམ་ཡང་སྲ་བརྟན་ཡོང་བའི་རྩ་བའི་འགན་ལེན་ཡིན་པས། མདུན་ལམ་གྱི་གནད་དོན་འདི་ཐག་གཅོད་ཇི་ལྟར་བྱ་ཚུལ་དང་འདི་ལ་གོང་རིམ་དང་མི་སྒེར་ཚང་མས་དོ་འཁུར་ཆེན་པོ་བྱ་དགོས་ལུགས་སོགས་ཀྱི་སྐོར་ལ་བསམ་གཞིགས་ནན་པོ་བྱ་དགོས་སོ། །
གཉིས། ཐང་ཀའི་སྒྱུ་རྩལ་གྱི་དངོས་ཡོད་རིན་ཐང་བཤད་པ།
བོད་ཀྱི་ཐང་ཀའི་སྒྱུ་རྩལ་གྱི་སྔོན་བྱུང་གི་ལམ་ཤུལ་དེད་པ་ཡིན་ན། ལོ་རྒྱུས་ཡུན་རིང་བ་ཙམ་མ་ཟད་རི་མོའི་སྒྱུ་རྩལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པའི་གནས་ལུགས་མཐོང་ཐུབ་ཀྱི་ཡོད། ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་ཡང་ལོ་སྟོང་ཕྲག་འགའ་ཡི་གོང་ནས་དར་བའི་ཤོད་རྒྱུན་ཡོད་པ་མ་ཟད། གནའ་རྫས་བརྟག་དཔྱད་ཀྱི་འབྲས་བུའི་ཐོག་ནས་བཤད་ན་ཡང་རྫ་ཆས་དར་བའི་སྐབས་ནས་རི་མོའི་ལག་རྩལ་ལ་དགའ་ཞེན་ཡོད་པའི་དཔང་རྟགས་ཡོད་པ་རེད་ལ། རིམ་པས་རི་མོའི་ལག་རྩལ་ཇེ་ལེགས་དང་ཆ་ཇེ་ཚང་ལ་ཕྱིན་ཡོད་པ་མཐོང་རྒྱུ་ཡོད་པ་རེད། རིག་དངོས་ཀྱི་ཐོག་ནས་བཤད་ན། བཙན་པོའི་རྒྱལ་རབས་ཀྱི་དུས་སུ་བརྐོས་དཀྲོལ་རིགས་དར་ཚད་པ་དང་། ལྷག་པར་དུ་བཙན་པོ་སྲོང་བཙན་གྱི་དུས་ནས་ནང་བསྟན་རིག་གནས་དར་བས། ནང་བསྟན་རིག་གནས་ཀྱི་སྒྱུ་རྩལ་ཡང་མཉམ་དུ་དར་ཡོད་པ་རེད། དེར་བརྟེན་གཙུག་ལག་ཁང་ཁག་སོགས་ལ་རི་མོའི་སྒྱུ་རྩལ་གྱིས་མཛེས་པར་བས་ཡོད་པ་ཤེས་ཐུབ། དེ་ཡང་སྔ་དར་དུས་བཞེངས་པའི་ལྷ་ཁང་གི་བྲིས་རྙིང་དང་སྐུ་རྙིང་སོགས་དང་། གུ་གེ་རྒྱལ་རབས་ཀྱི་མཁར་ཤུལ་གྱི་རི་མོ་སོགས་ཀྱིས་མཚོན་ཡོད་པ་རེད། རྒྱ་བྲིས་དང་བལ་བྲིས་དང་བོད་བྲིས་སོགས་ཀྱི་དབྱེ་སྲོལ་ཡང་དར་ཡོད། དེ་ནས་བསྟན་པ་ཕྱི་དར་འགོ་ཚུགས་པ་ནས་བཟུང་གྲུབ་མཐའ་མང་པོ་དར་བ་དང་མཉམ་དུ་རི་མོའི་སྒྱུ་རྩལ་སྤྱི་དང་ཐང་ཀའི་སྒྱུ་རྩལ་ཡང་དར་འཕེལ་གྱི་ཕྱོགས་སུ་ཕྱིན་ཡོད། དེ་དག་ཀྱང་འོལ་ཚོད་ཙམ་མ་ཡིན་པར་ཤུལ་བཞག་རིག་དངོས་ཀྱི་ཐོག་ནས་ཀྱང་མཚོན་ཡོད། དུས་ཕྱིས་ཀྱང་ཐང་ཀའི་སྒྱུ་རྩལ་ལ་སྨན་ལུགས་དང་མཁྱེན་ལུགས་ཀྱི་སྲོལ་དར་བ་དང་། དེ་རྗེས་ཀརྨ་སྒར་བྲིས་དང་། སྒར་བྲིས་སར་མ་དང་། འབྲི་གུང་ལུགས་ཀྱི་བྲིས་རྒྱུན་དང་། སྨན་སར་དང་། མཁྱེན་སར་དར་བ་མ་ཟད། རིམ་པས་ཨེ་བྲིས་དང་། གཙང་བྲིས་ཀྱི་རྒྱུན་དར་ཡོད། ཨ་མདོའི་ཕྱོགས་སུ་རེབ་གོང་སོགས་སུ་དབུས་ཀྱི་རྒྱུན་ལ་ཡུལ་གྱི་ཁྱད་ཆོས་ཐོན་པ་དང་། སྡེ་དགེ་སོགས་སུ་དབུས་ཀྱི་རྒྱུན་ལ་ཡུལ་གྱི་ཁྱད་ཆོས་ཡོད་པ་ཁམས་བྲིས་སོགས་གྲགས་པ་དང་མ་གྲགས་པའི་བྲིས་རྒྱུན་མཚར་དུ་དངར་བ་མང་པོ་ཞིག་ཆགས་ཡོད་པ་རེད། དེ་འདྲ་ཡིན་མིན་ང་ཚོས་མིག་ཟུང་ལེགས་པར་ཕྱེས་ནས་མཇལ་ན། རིག་གསར་གྱི་གནོད་འཚེ་མ་ཕོག་པའི་དགོན་རྙིང་ཁག་དང་། ཕོ་བྲང་པོ་ཏ་ལ་སོགས་སུ་བཞུགས་པའི་ཐང་ཀ་རྙིང་པ་དང་ལྡེབས་བྲིས་རྙིང་པ་དང་ཤུལ་ལྷག་རིག་དངོས་ཚོས་དཔང་པོ་གནང་ཡོད་པ་འདི་རེད། ང་ཚོའི་སྲོལ་རྒྱུན་གྱི་ཐང་ཀའི་ལག་རྩལ་ནི་ཆེས་ངོ་མཚར་རྨད་དུ་བྱུང་བའི་སྒྱུ་རྩལ་འཛམ་གླིང་ཧྲིལ་པོར་ངོམས་རིན་ཡོད་པ་ཞིག་རེད། དཔེར་ན། བོད་ཀྱི་ཐང་ཀའི་སྒྱུ་རྩལ་དང་། བོད་ཀྱི་ནང་བསྟན་སྒྱུ་རྩལ། བོད་ཀྱི་ཐང་ཀ་སོགས་ཐང་ཀ་རྙིང་པ་ཕྱོགས་བསྡུས་ཀྱི་བརྙན་དེབ་སོགས་ཀྱི་ཐོག་ནས་ཀྱང་ཤེས་ཐུབ་པ་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་ལ་སློབ་སྦྱོང་དང་ཞིབ་འཇུག་པ་རྣམས་ཀྱིས་བྲིས་པའི་ཐང་ཀའི་སྒྱུ་རྩལ་སྐོར་གྱི་དཔྱད་རྩོམ་ཁག་ལ་གཟིགས་ན་ཡང་ཤེས་ཐུབ། ཡོ་རོབ་སོགས་སུ་མི་རིགས་འདྲ་མིན་གྱི་ཡིག་ཐོག་ཏུ་དཔར་བའི་བོད་ཀྱི་ལྡེབས་བྲིས་དང་ཐང་ཀའི་བརྙན་དེབ་མང་པོ་མཐོང་རྒྱུ་འདུག དཔེར་ན་འཇར་མན་ཧན་ཕོ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ཏར་ཝིན་ཇི་ཁེ་སེན་གྱིས་བརྩམས་པའི་བོད་ཀྱི་ཐང་ཀའི་ལོ་རྒྱུས་ལྟ་བུས་མཚོན་ཡོད། དེའི་ནང་དུ་བོད་ཀྱི་ཐང་ཀའི་ཁྱད་ཆོས་ཁག་ལ་དབྱེ་ཞིབ་ཀྱིས་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་ཉམས་འགྱུར་ལ་གདེང་འཇོག་མཐོན་པོ་གནང་ཡོད་པ་རེད། ང་ཚོའི་མིག་ལམ་དུ་ཡོད་པའི་སྲོལ་རྒྱུན་གྱི་ལང་ཚོ་མ་ཉམས་པའི་ཐང་ཀ་ལ་མཇལ་ན། སྐྱ་ཐང་དང་། ནག་ཐང་། ཚོན་ཐང་། མཚལ་ཐང་། གསེར་ཐང་། སི་ཐང་། གོས་ཐང་། འཐག་ཐང་། སྦྱར་ཐང་སོགས་རྒྱུ་ཆའི་ངོས་ནས་དབྱེ་བ་མི་འདྲ་བ་མང་པོ་ཡོད་པས། དངོས་གནས་ལྟ་བས་མི་ངོམས་པའི་སྒྱུ་རྩལ་གྱི་ལང་ཚོ་མ་ཞིག་ཡིན་པ་མཐོང་ཐུབ་ཀྱི་རེད། དེ་ནི་སྲོལ་རྒྱུན་གྱི་སྒྱུ་རྩལ་ཤུལ་བཞག་གི་ཉམས་བཟང་ཡིན་པས། འདི་ལས་འཕྲོས་པའི་བོད་ཀྱི་བཟོ་རིག་དང་འབྲེལ་བའི་དཔྱད་རྩོམ་མང་པོ་ཕྱི་ནང་གི་དུས་དེབ་ཁག་ནང་མཐོང་རྒྱུ་ཡོད་པ་འདི་རེད།
གསུམ་པ། ད་ལྟའི་ཐང་ཀའི་སྒྱུ་རྩལ་གྱི་དངོས་ཡོད་གནས་བབ།
ད་ལྟའི་སྐབས་སུ་བོད་ཀྱི་སྲོལ་རྒྱུན་ཐང་ཀའི་སྒྱུ་རྩལ་གྱི་གནས་བབ་དངོས་ལ་བསམ་གཞིགས་རགས་ཙམ་བྱས་ན། རི་མོ་སྤྱི་དང་ཐང་ཀ་འབྲི་བའི་ལག་རྩལ་སློབ་གཉེར་མཁན་ཇེ་མང་དུ་ཕྱིན་ཡོད་ལ། དེ་ནི་ཐང་ཀའི་སྒྱུ་རྩལ་ལ་མདུན་ལམ་ལེགས་པོ་ཡོད་པས་ཡིན་ཞིང་། དེ་འདྲའི་དགོས་མཁོར་བརྟེན་ནས་རི་མོ་མཁས་པ་རྒན་གྲས་ཚོས་ནང་བསྟན་གྱི་ལྷ་སྐུའི་ཐིག་ཚད་དང་། བཟོ་གནས་སྐྲ་རྩེའི་ཆུ་ཐིགས་སོགས་བོད་ཀྱི་རི་མོའི་སྐོར་གྱི་སློབ་དེབ་ཁག་ཁ་ཤས་རྩོམ་སྒྲིག་གནང་ཡོད་པ་རེད། བོད་ལྗོངས་སློབ་ཆེན་གྱི་སྒྱུ་རྩལ་སློབ་གླིང་དང་། བོད་ལྗོངས་ཨ་མདོ་བྱམས་པའི་མཛེས་རྩལ་སློབ་གྲྭ་སོགས་སྤྱི་སྒེར་གྱི་སློབ་གྲྭ་ཆེ་ཆུང་ཁ་ཤས་གཉེར་ནས་ཐང་ཀའི་སྒྱུ་རྩལ་སྔར་བས་འཕེལ་རྒྱས་ཆེ་བར་ཕྱིན་ཡོད་པ་དང་། དེ་ཡང་བོད་ཀྱི་ཐང་ཀའི་སྒྱུ་རྩལ་གྱིས་བོད་རིགས་ཙམ་མ་ཟད། རྒྱ་རིགས་དང་། ཕྱི་རྒྱལ་བའི་ཡིད་དབང་ཡོངས་སུ་ཕྲོགས་པས། ཐང་ཀའི་ཁྲོམ་ར་ཡང་ཇེ་ཆེར་ཕྱིན་ནས་ཐང་ཀ་གསར་རྙིང་གཉིས་ཀའི་རིན་ཐང་གོང་མཐོར་འགྲོ་བའི་སྐབས་སུ་སླེབས་ཡོད་པ་འདི་རེད། དེའི་ཐོག་སྲིད་གཞུང་གིས་པེ་ཅིན་སོགས་རྒྱལ་ནང་གི་ས་ཁུལ་ཁག་དང་། ཨ་རི་དང་འཇར་མན་སོགས་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ལ་བོད་ཀྱི་རིག་གནས་འགྲེམ་སྟོན་ཐེངས་མང་གནང་བ་དང་། རིག་དངོས་ཁྲོད་དུ་ཐང་ཀ་ནི་གཙོ་བོའི་གྲས་ཡིན་པས་མི་རྣམས་ཀྱི་དོ་སྣང་དང་ཡིད་དབང་འགུག་ཤུགས་ཆེ་རུ་བཏང་ཡོད། ང་ཚོས་བོད་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སའི་བར་སྐོར་ནང་དུ་མཇལ་ན། ཐང་ཀའི་སྒྱུ་རྩལ་གྲོང་སོགས་ཐང་ཀ་ཆེད་གཉེར་ཚོང་ཁང་ཆེ་གྲས་ལྔ་ཙམ་དང་། ཐང་ཀ་མངག་ཉོ་ཁང་ཉི་ཤུ་ཙམ་ཡོད་པ་མཐོང་ཐུབ་ལ། དེ་དག་གི་ནང་དུ་ཕྱིན་ན་ཐང་ཀའི་རིགས་མང་པོ་ཡོད་པ་མ་ཟད། ཕྱོགས་གཅིག་ནས་འབྲི་བ་དང་ཕྱོགས་གཅིག་ནས་འགྲེམ་ཚོང་བྱེད་བཞིན་ཡོད་པ་ཡང་མཐོང་ཐུབ་ཀྱི་ཡོད། དེ་བཞིན་དུ་མཚོ་སྔོན་གྱི་ཟི་ལིང་གྲོང་ཁྱེར་གྱི་བོད་མིའི་ཁྲོམ་ར་དང་། སི་ཁྲོན་གྲེང་ཏུའི་ཝུ་ཧའོ་སི་ལམ་གྱི་བོད་མིའི་ཁྲོམ་ར་སོགས་དང་། བལ་ཡུལ་གྱི་རྒྱལ་སའི་བྱ་རུང་ཁ་ཤོར་གྱི་སྐོར་ལམ་དང་། ཀ་ཏ་མན་དུའི་དབུས་ཀྱི་ཁྲ་མེལ་ཁྲོམ་ར་སོགས་སུ་བྲིས་པ་དང་དཔར་བའི་བོད་ཀྱི་ཐང་ཀས་ཁེངས་ནས་ཡོད་པ་རེད། གནས་བབ་འདི་འདྲ་མཐོང་བ་ལ་བརྟེན་ནས་བོད་ཀྱི་ཐང་ཀའི་སྒྱུ་རྩལ་དེ་ཕྱོགས་ཡོངས་ནས་དར་འཕེལ་ཤུགས་ཆེན་ཕྱིན་ཡོད་པ་དང་། དེང་རབས་ལ་ཁ་ཕྱོགས་པ་དང་། ཁྲོམ་རྭར་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་ཡོད་པའི་གདེང་འཇོག་བྱ་ངེས་རེད། ཕྱོགས་གཅིག་ནས་བསམ་ན་འདི་ནི་ཐང་ཀའི་མདུན་ལམ་ཡངས་པོར་གྱུར་པའི་ངོས་ནས་དགའ་འོས་པའི་བྱ་བ་ཞིག་རེད། འོན་ཀྱང་ང་ཚོས་རིག་པ་དྭངས་གསལ་གྱིས་ད་ལྟའི་ཁྲོམ་རའི་ནང་འགྲེམ་བཞིན་པའི་ཐང་ཀ་རྣམས་ལ་ཞིབ་ཙམ་མཇལ་ན། སྲོལ་རྒྱུན་གྱི་ཐང་ཀའི་སྒྱུ་རྩལ་དངོས་ལ་ཞིབ་འཇུག་བྱས་མྱོང་བ་དང་། ཐང་ཀ་ངོ་མ་མཐོང་མྱོང་བ་ཞིག་གིས་བལྟས་ན་ལམ་སེང་ཧེ་བག་ཆེན་པོ་ཡོད་པ་མཐོང་ངེས་རེད། ལ་ལས་དེ་འདྲའི་ཧེ་བག་ནི་སྲོལ་རྒྱུན་ཡར་རྒྱས་ཀྱིས་དེང་རབས་ཅན་དུ་གྱུར་པས་རེད་ཅེས་ཤོད་ངེས་རེད། བོད་ཀྱི་ཐང་ཀ་ཡང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས་ཀྱི་འཐུས་ཚང་དུ་འགྲོ་བའི་གོ་རིམ་བརྒྱུད་མྱོང་བས་རིམ་པས་འགྱུར་བ་འགྲོ་བ་ནི་ཆོས་ཉིད་ཡིན་མོད། ད་ལྟའི་ཧེ་བག་དེ་ནི་ཡར་རྒྱས་ཀྱི་འགྱུར་བ་སོང་བ་ཞིག་མ་ཡིན་པར་ཇེ་སྡུག་ཇེ་ངན་དུ་ཕྱིན་པ་དང་། ཁྲལ་སེལ་སླ་ཆོས་དུ་སོང་ནས་ཐང་ཀའི་སྒྱུ་རྩལ་གྱི་སྤུས་ཚད་ལ་འགན་ལེན་གྱི་བསམ་བློའམ་འདུ་ཤེས་མེད་པ། ཚོགས་དབུལ་པོ་ཚོས་འཁྲུང་བརྟག་སོགས་གོང་མཐོ་པོ་ཉོ་མི་ཐུབ་པས། དེ་དག་ལ་ཐེབས་ཆག་དེ་འདྲ་བྲིས་ནས་བཙོང་བའི་ལམ་སྲོལ་དོད་ཡོད་པ་དང་། བར་སྐོར་ཤར་གྱི་གདུང་རྩེ་ཟུར་དང་། བར་སྐོར་ལྷོ་ལམ་དང་སྐྱིད་རས་ཀྱི་སྲང་ལམ་སོགས་ཀྱི་ཁྲོམ་རྭར་བཏོན་པའི་ཐང་ཀ་ལ་གཟིགས་དང་། སྒོར་སུམ་ཅུ་དང་བཞི་ཅུ་ལྔ་བཅུ་ལྷག་ཡིན་པའི་ཐང་ཀའི་རིགས་ཀྱི་རས་གཞི་དང་ཐིག་དང་ཚོན་དང་མདངས་སོགས་ལ་བལྟ་ས་འདི་ཁུངས་གང་ཡང་མི་འདུག ཐང་ཀའི་ཚོང་ཁང་ནང་དུ་སྤུས་ཚད་ཅུང་ལེགས་པ་ཞིག་བཀལ་ནས་སྤུས་ཚད་མི་ལོན་པ་ཤ་སྟག་ལྗོངས་རྒྱུ་བའམ་ཡུལ་སྐོར་བ་ལ་འཚོང་བཞིན་ཡོད་པ་དང་། ད་དུང་ཐབས་སྐྱོ་བ་ཞིག་ལ་བོད་ཀྱི་ལྷ་བྲིས་མཁས་པའི་མིང་ཅན་འགས་བལ་ཡུལ་ནས་བལ་པོས་བྲིས་པའི་ཐང་ཀ་ཐེབས་ཆག་གོང་ཁེ་པོས་ཚུར་ཉོས་ནས། དེདག་ཕར་ཕྱི་རྒྱལ་དུ་དབོར་ནས་བོད་པས་བྲིས་པའི་བོད་ཀྱི་ཐང་ཀ་ངོ་མ་ཡིན་ཞེས་བརྫུན་ཆེན་བཤད་ནས་བཙོང་བ་དང་། ཁ་ཤས་ཚུར་ལྷ་སར་དབོར་ནས་ཁྲོམ་ར་ཆེ་ཁག་ནང་བཏོན་ནས་བོད་པས་བྲིས་པའི་བོད་ཀྱི་ཐང་ཀ་ཡིན་ཞེས་གོང་མཐོ་པོ་བླངས་ནས་བོད་རིགས་དང་ཡུལ་སྐོར་བར་མགོ་བསྐོར་ནས་བཙོང་བཞིན་ཡོད། མི་དེ་ཚོ་ལ་བོད་ཀྱི་རིག་གནས་ཀྱི་ལ་རྒྱ་དང་ཁྲེལ་དང་ངོ་ཚ་མི་དགོས་པར་བོད་ཀྱི་རྩ་ཆེའི་སྒྱུ་རྩལ་དེ་ལག་རྩེད་བརྩེས་ནས་དངུལ་ཡོད་ན་འགྲིག་པ་ཞིག་ཡིན་འདུག དེ་བཞིན་དུ་རིགས་གཞན་གྱིས་ཀྱང་བོད་ཐང་ལ་བལྟས་ནས་བྲིས་པའི་ཐང་ཀ་བརྫུན་མ་བོད་པས་བཙོང་རོགས་བྱས་ནས་ཡུལ་སྐོར་བ་རྨོངས་བཅུག་ཡོད་པའི་ཚུལ་འདི་རེད།
བཞི་པ། བོད་ཀྱི་ཐང་ཀའི་འབྱུང་འགྱུར་གྱི་མདུན་ལམ་དཀའ་ངལ།
སྤྱིར་ཁྲོམ་རྭའི་དཔལ་འབྱོར་ཡོངས་ཁྱབ་རང་བཞིན་གྱིས་སྒོ་ཕྱེ་ཡོད་པ་དང་། བོད་ཀྱི་ཡུལ་སྐོར་གྱི་བྱ་གཞག་གོང་འཕེལ་ཕྱིན་པས་ཡུལ་སྐོར་ཐོན་རྫས་ཀྱི་མདུན་ལམ་ཡངས་པོར་གྱུར་ཡོད། དེ་དང་སྟབས་བསྟུན་ཁྲོམ་རའི་ནང་དུ་བོད་ཀྱི་སྲོལ་རྒྱུན་བཟོ་རིག་སྒྱུ་རྩལ་གྱི་ཐོན་རྫས་ཁག་གི་གནས་བབ་ལ་བསམ་ན། ཁྲོམ་རའི་ནང་དུ་ངོ་མ་ལས་བརྫུན་མ་མང་བ་ཐོན་པ་དང་། དེ་དག་གིས་ངོ་མའི་ཚབ་བྱས་ནས་ཕྱི་ནང་གང་སར་ཁེངས་ནས་ངོ་མའི་མདུན་ལམ་རྦད་དེ་བཀག་ཡོད། གོང་ཞུས་བཞིན་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་ནང་དུ་ཐང་ཀ་བརྫུན་མས་ངོ་མའི་ཚབ་བྱེད་བཞིན་པ་འདི་རེད། ད་ལྟ་ཚང་མ་དངུལ་གྱི་ཁ་ལོ་བསྒྱུར་སྟབས་རི་མོའི་སྒྱུ་རྩལ་ཆ་ཚང་ཁོང་དུ་ཆུད་མེད་རུང་། ཐེབས་ཆག་བྲི་ཤེས་ཚད་ཀྱིས་ཐང་ཀ་བྲིས་ནས་བཙོང་རྐྱང་བྱེད་པ་དང་། དེ་དག་ལ་ཁྲོམ་རྭའི་ཐོག་སྤུས་ཚད་ཞིབ་བཤེར་བྱེད་མཁན་མེད་པ་དང་། བོད་རིགས་དད་ལྡན་པ་དང་ཡུལ་སྐོར་བར་སྤུས་ཚད་ངོས་འཛིན་གྱི་རྣམ་དཔྱོད་མེད་པས་ཁོ་ཚོར་གོ་སྐབས་རྙེད་དཀའ་བ་ཞིག་ཐོབ་ཡོད་པས་རེད། གལ་ཏེ་ཁྲོམ་རྭའི་ཐོག་སྤུས་ཚད་ཞིབ་བཤེར་ཚད་ལེན་བྱེད་མཁན་ཞིག་ཡོད་ན་ཐང་ཀའི་སྒྱུ་རྩལ་ངོ་མའི་མདུན་ལམ་ལ་དཀའ་ངལ་འདི་འདྲ་འཕྲད་མི་སྲིད། ད་དུང་ང་ཚོས་བསྐྱར་བཞེངས་ཀྱི་དགོན་སྡེ་ཁག་གི་ལྡེབས་བྲིས་དང་། ཐང་ཀ་གསར་པ་རྣམས་ལ་ཞིབ་ཙམ་མཇལ་ན་རྙིང་པ་རྣམས་དང་མི་འདྲ་བའི་ཆ་མང་པོ་མཐོང་ངེས་རེད། གཙོ་བོ་ཚོན་ཁ་དང་ཚོན་མདངས་མི་འདྲ་བ་དང་། བཅད་སོགས་ལ་ཞིབ་ཚགས་མེད་པ། ཚོས་གཞི་ཧར་དྲགས་པ་སོགས་ལས་སླ་བཅོས་ཀྱི་སྐྱོན་མང་པོ་མཐོང་ངེས་རེད། ཐང་ཀའི་སྒྱུ་རྩལ་དང་སྲོལ་རྒྱུན་རི་མོ་འདི་གལ་ཆེའི་རང་བཞིན་ཡིན་པ་ཤོད་མི་དགོས་ཀྱང་། ད་ཆ་བོད་ཀྱི་མཛེས་རིས་འགྲེམ་སྟོན་ནང་ཧ་ལམ་ཐང་ཀའི་སྒྱུ་རྩལ་ཚུད་དཀའ་བ་དང་། བོད་ལྗོངས་རིག་རྩལ་ལྷན་ཚོགས་ཁོངས་ཀྱི་བོད་ལྗོངས་མཛེས་རྩལ་ལྷན་ཚོགས་ཁོངས་སུ་ཐང་ཀའི་སྒྱུ་རྩལ་པ་ཧ་ཅང་ཉུང་བ་འདི་རེད། ཐང་ཀའི་སྒྱུ་རྩལ་ལ་ཤ་ཞེན་ཡོད་པ་ཚོས་ད་ལྟ་ཐང་ཀ་འབྲི་མཁན་ཚོས་རས་གཞི་དབུར་སྟངས་ཡག་པོ་མེད་པ་དང་། ཐིག་མ་བརྒྱབ་པར་རྒྱབ་ཏུ་དཔར་བཞག་ནས་ཉི་འོད་ལ་བརྟེན་ནས་དེའི་ཐོག་ཚོན་གྱི་སྤུས་ཚད་ལ་དོ་སྣང་མེད་པར་ཚོན་ཁ་སྒྲིག་པ་དང་། བཅད་ཡག་པོ་མི་རྒྱག་པ། ཚོན་མདངས་གཏན་ནས་མི་རྒྱག་པ། བོད་ཚོན་གཏན་ནས་མི་སྤྱོད་པ་སོགས་སྤུས་ཚད་ལ་འགན་རྩ་བ་ནས་མི་འཁུར་བའི་བསམ་པ་རྒྱ་ཡན་དུ་འགྲོ་བ་མཐོང་ནས་ཐུགས་ཕམ་གནང་གི་ཡོད། དེ་མཚུངས་བོད་ཀྱི་སྲོལ་རྒྱུན་ནང་བཞིན་འབྲི་མཁན་ཚོས་བྲིས་པའི་ཐང་ཀ་ལ་བལྟས་ན་ཡང་མི་རབས་གོང་མའི་སྔོན་དུ་འགྲོ་རྒྱུ་ཕར་བཞག་རྗེས་ཀྱང་མ་ཟིན་པའི་སྣང་ཚུལ་མཐོང་རྒྱུ་ཡོད། རྒྱ་གར་བལ་ཡུལ་སོགས་ནས་བྲིས་པའི་བོད་ཀྱི་ཞལ་ཐང་དང་། ཨ་མདོ་དང་ཁམས་དབུས་སོགས་སུ་གསར་དུ་བྲིས་པ་རྣམས་ལ་བལྟས་ན་ཤེས་ཐུབ། ཐང་ཀའི་སྒྱུ་རྩལ་ལ་ཤ་ཞེན་ཅན་འགས་གྲོས་མོལ་གྱིས་ཁྲོམ་རའི་ཐོག་གི་ཐང་ཀ་བརྫུན་མ་འགོག་ཐབས་དང་། སྤུས་ཚད་འགན་ལེན་དང་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་སྲིང་གི་ཆེད་དུ་ཐང་ཀའི་སྐྱིད་སྡུག་གམ་ཐང་ཀའི་མཐུན་ཚོགས་ཤིག་བཙུགས་འདུན་མཛད་ཀྱང་། བོད་ཀྱི་ཐང་ཀའི་རིགས་གཅིག་མཁས་དབང་མིང་གྲགས་ཅན་ཚོས་གྲོས་འདུན་དེ་སྣང་མེད་བཏང་སྟབས། བོད་ཀྱི་ཐང་ཀའི་མཐུན་ཚོགས་ཤིག་ད་བར་བཙུགས་ཐུབ་མེད་པ་འདི་རེད། འདི་དང་འདི་འདྲ་བའི་གནས་སྟངས་འོག་ཐང་ཀའི་སྒྱུ་རྩལ་ངོ་མའི་མདུན་ལམ་འགག་བཞིན་པ་དང་། བརྫུན་མའི་མདུན་ལམ་ཡངས་པོར་འགྱུར་བཞིན་ཡོད་པ་རེད་ལ། བོད་ཀྱི་ཐང་ཀ་སྤུས་ཚད་ཡོད་མེད་ཅི་རིགས་མི་རིགས་གཞན་གྱིས་ཉོ་སྒྲུབ་དང་། ལ་ལས་འགྱིག་ཤོག་དང་ཤོག་བུའི་ཐོག་པར་འདེབས་ཀྱིས་གང་སར་འགྲེམ་འཚོང་བྱེད་པ་དང་། ལ་ལས་ཐང་ཀ་འདྲ་མིན་ཕྱོགས་སྒྲིག་བྱས་ནས་མ་ཤེས་ཤེས་མདོག་གིས་འགྲེལ་བཤད་བྱས་ནས་དེབ་སོགས་བཏོན་འདུག དེ་ཚོས་ཕྱོགས་གཅིག་ནས་ཐང་ཀའི་སྒྱུ་རྩལ་དྲིལ་བསྒྲགས་ལ་ནུས་པ་ཐོན་ཡོད་པ་ཡིན་ནའང་། ཕྱོགས་གཞན་ཞིག་ནས་བོད་ཀྱི་ཐང་ཀའི་སྒྱུ་རྩལ་ངོ་མ་གང་ཡིན་མི་ཤེས་པའི་ཕྱོགས་སུ་ཁྲིད་ཡོད་པ་རེད། ད་ཆ་བོད་ཀྱི་ཐང་ཀའི་སྒྱུ་རྩལ་གྱི་སྲོལ་ཁག་ལ་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་མི་སྣ་བྱེད་རྒྱུར་འཚང་ཀ་ཡོད་ཀྱང་། ཐང་ཀའི་མདུན་ལམ་ངོ་མ་ལ་ཐུགས་སྣང་གནང་མཁན་དཀོན་པོ་འདི་གང་ཡིན་ནམ། ང་ཚོ་དང་ང་ཚོའི་སྒྱུ་རྩལ་མཁས་པ་རྣམས་ཀྱི་སྤྱན་ལམ་དུ་རྟག་པར་འཆར་བའི་གནས་ཚུལ་ཡིན་རུང་། དེ་དག་ལ་བཀག་འགོག་གི་བསམ་པའམ་ནུས་པ་མེད་པ་འདི་གང་ཡིན་ནམ། དེ་དག་ཁོང་ཚོའི་འཚོ་རྟེན་དུ་དབང་བ་ཡིན་ནམ། དེ་དག་ནི་ཁོ་ཚོའི་ནོར་འཁྲུལ་མ་རེད། གནའ་གཏམ་ལས། རྟ་ལྕང་མ་བཟའ་རྒྱུ་རས་བསླབ་ཟེར་བའི་དཔེ་ལྟར་རང་རེས་རང་མགོ་ཆུ་འདྲེན་ཤ་སྟག་ངྱས་པའི་ངན་འབྲས་རང་རེད།
ལྔ་པ། མཇུག་གཏམ་ལྷག་བསམ་གྱི་རང་མདངས།
དེ་སྔ་ང་ཚོས་མ་འོངས་སྔོན་འགོག་གིས་འབྱུང་འགྱུར་ལ་བསམ་གཞིགས་ཀྱིས་ཆུ་མ་བྱུང་གོང་ནས་རགས་བརྒྱབ་ཐུབ་མེད་ཀྱང་། འདི་མུས་བཞག་པ་ཡིན་ན་ཐང་ཀའི་སྒྱུ་རྩལ་ཞེས་འཛམ་གླིང་ན་སྙན་པར་གྲགས་པ་འདི་རྩ་བརླག་འགྲོ་རྒྱུ་ཐེ་ཚོམ་མེད། དེ་ནི་ད་ལྟའི་གནས་བབ་འདི་ཡིས་ལན་བཏབ་བཞིན་ཡོད་པ་མ་ཡིན་ནམ། ད་ལྟ་ཉེན་འགོག་ལམ་བཅོས་མ་བྱས་པར་བཞག་པའི་མཇུག་འབྲས་ངན་པ་ཐོན་རྒྱུ་གཡོལ་མེད་ཡིན་ལ། དེ་ཚེ་ཁྱེད་ནི་དུས་སྐབས་འདིར་ཐང་ཀའི་སྒྱུ་རྩལ་པ་གྲགས་ཆེན་ཡིན་རུང་། སྐབས་དེར་སྒྱུ་རྩལ་རྩ་བརླག་འགྲོ་བཞིན་པ་སྣང་མེད་གཏོང་མཁན་གྲས་སུ་ཚུད་རྒྱུ་ནི་ཐེ་ཚོམ་མེད་པས། དེ་དུས་ཁྱེད་ལ་སྒྱུ་རྩལ་མཁས་དབང་གི་ཅོད་པན་གྱི་ཚབ་ལ་སྒྱུ་རྩལ་ལ་འགན་མ་འཁུར་བའི་ལོ་རྒྱུས་ཀྱི་ཉེས་ཅན་པའི་མིང་འདོགས་ངེས་རེད། དེ་བས་ཆེ་ས་ནས་བོད་མི་རིགས་ཀྱི་སྲོལ་རྒྱུན་བཟོ་རིག་གི་ཡ་གྱལ་ཐང་ཀའི་སྒྱུ་རྩལ་གྱི་མདུན་ལམ་ལ་འགན་འཁུར་བ་དང་། ཆུང་ས་ནས་ཁྱེད་ཀྱི་སྒྱུ་རྩལ་མཁས་པའི་མཚན་སྙན་གྱི་འབྱུང་འགྱུར་ལ་འགན་འཁུར་ན་མི་ལེགས་སམ། ངས་འདི་འདྲ་བཤད་དོན་སྤྱིར་ཚང་མར་འགན་ཡོད་རུང་གཙོ་བོ་ཐང་ཀའི་སྒྱུ་རྩལ་མཁས་པ་འཚོ་བཞུགས་ཚོར་འགན་རང་བབ་ཡིན་པས་རེད། སྲིད་གཞུང་ནས་ཀྱང་ཁྲོམ་རའི་སྤུས་ཚད་ལ་འགན་འཁུར་དགོས་པའི་ནན་བཤད་གནང་གི་ཡོད་པ་མ་ཡིན་ནམ། ང་ཚོས་རང་དང་ཐད་ཀར་འབྲེལ་བའི་ཐང་ཀའི་སྒྱུ་རྩལ་གྱི་སྤུས་ཚད་ལ་འགན་འཁུར་མི་དགོས་སམ། ད་ལྟ་ཨ་མདོ་རེབ་གོང་དུ་རེབ་གོང་སྒྱུ་རྩལ་གྱི་མཐུན་ཚོགས་བཙུགས་ཟིན་པ་ཡིན་ལ། ཁོང་ཚོ་ཐུན་མོང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་། བྱེ་བྲག་ཏུ་ཐང་ཀའི་སྒྱུ་རྩལ་གྱི་མདུན་ལམ་ལ་འགན་འཁུར་ཐུབ་ཡོད་པས། ཁོང་ཚོ་ལ་དུས་རབས་དང་མཐུན་པའི་བལྟ་རྒྱ་དང་མཐོང་རྒྱ་ཡོད་པ་མ་ཟད་བསམ་རྒྱ་ཡང་ཡོད་པ་གསལ་བཤད་བྱུང་ཡོད། རྒྱལ་ཁབ་རིག་གནས་པུའུ་དང་འབྲེལ་ཡོད་ཚན་པས་ཁོང་ཚོ་ལ་རྒྱབ་སྐྱོར་གནང་ཡོད་པ་རེད། ཞིང་ལྗོངས་ལྔའི་ཐང་ཀའི་སྒྱུ་རྩལ་གྱི་མཐུན་ཚོགས་ཤིག་བྱུང་ན་ཧ་ཅང་ལེགས། གལ་ཏེ་དེ་འདྲ་མ་བྱུང་རུང་ང་ཚོ་དབུས་གཙང་ཁུལ་ལ་ཡང་ཐང་ཀའི་སྒྱུ་རྩལ་མཐུན་ཚོགས་ཤིག་འཛུགས་དགོས་ངེས་ལགས། དེ་ལ་འགྲོ་གྲོན་གང་ཡང་མེད། དེས་ཕན་ཚུན་མཉམ་ལས་དང་མཉམ་སྦྲེལ་གྱིས་ཚང་མའི་ཁེ་ཕན་སྲུང་སྐྱོབ་ཐུབ་པ་དང་། ཐང་ཀའི་སྒྱུ་རྩལ་གྱི་མདུན་ལམ་ཡངས་པོར་བསྒྱུར་ཐུབ། ད་ལྟ་བོད་ལྗོངས་རིག་རྩལ་ལྷན་ཚོགས་ཁོངས་སུ་ཡང་མཛེས་རྩལ་མཐུན་ཚོགས་མ་གཏོགས་བོད་ཀྱི་ཐང་ཀའི་སྒྱུ་རྩལ་མཐུན་ཚོགས་ཞེས་པ་མེད་རུང་། བཙུགས་མི་ཆོག་པའི་དགག་བྱ་གང་ཡང་མི་འདུག དེར་བརྟེན་ཚང་མས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མདུན་ལམ་ལ་འགན་འཁུར་བ་དང་། སྒྱུ་རྩལ་བ་རང་གི་མི་ཚེའི་རིན་ཐང་ལ་འགན་འཁུར་བ་དང་། རྒྱ་ཆེའི་དད་ལྡན་པ་དང་ལྗོངས་རྒྱུ་བའི་རེ་བའམ་གྲོན་དངུལ་ལ་འགན་འཁུར་བ་དང་། ཁྲོམ་རའི་ལམ་ལུགས་དྭངས་གཙང་ལ་འགན་འཁུར་བ་བཅས་ཀྱི་ཆེད་དུ་ཐང་ཀའི་མཐུན་ཚོགས་ཤིག་ངེས་པར་དུ་བཙུགས་དགོས། དེ་འདྲ་ཞིག་བཙུགས་ནས་གཡས་གཞོགས་གཡོན་འདེགས་ཀྱིས་ཁྲོམ་ར་དོ་དམ་བྱས་ནས་བརྫུན་མ་དང་ཚད་གཞི་མ་ལོན་པའི་རིགས་འགྲོ་ས་སྡོད་ས་མེད་པ་བཟོ་ཐུབ་ངེས་རེད་ལ། ཐང་ཀ་ངོ་མ་ཁྲོམ་རར་འགྲེམ་ཐུབ་ནས་རྒྱ་ཆེའི་འཛད་སྤྱོད་པའི་དགོས་མཁོ་ངོ་མ་དེ་སྐོང་ཐུབ་ངེས་རེད་ལ། བོད་ཀྱི་ཐང་ཀའི་སྒྱུ་རྩལ་ཚད་ལྡན་གྱི་ལམ་ལུགས་རྒྱུན་འཁྱོངས་ཐུབ་པ་ཡོང་ངེས་རེད།
|