ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་སྤྱི་ལོ༡༩༥༠ལོའི་ཟླ་༥པར་བོད་སྐད་ལེ་ཚན་གཉེར་བ་ནས་བཟུང་ཀྲུང་གོའི་རྒྱལ་ཁབ་རླུང་འཕྲིན་ལས་ཁུངས་ཀྱིས་གྲངས་ཉུང་མི་རིགས་སྐད་རིགས་ཀྱི་རླུང་འཕྲིན་ལེ་ཚན་གཉེར་འགོ་བརྩམས། དུས་རབས་ཕྱེད་ལྷག་ཙམ་གྱི་རིང་བོད་སྐད་རླུང་འཕྲིན་ལེ་ཚན་དེ་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་གྱི་དབུ་ཁྲིད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་འཚར་ལོངས་བྱུང་ཡོད།མི་རིང་བའི་གོང་པར་བསྐྲུན་བྱས་པའི་མའོ་ཙེ་ཏུང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་རྩོམ་གཅེས་བསྡུས་ཞེས་པ་དེའི་ནང་ཐེངས་དང་པོར་སྤེལ་བའི་“བོད་ཡིག་རླུང་འཕྲུན་གྱི་ཞིབ་གཤེར་གནད་དོན་སྐོར་”ཞེས་པ་དེའི་ནང་བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་བོད་སྐད་ལེ་ཚན་ཐོག་མར་གཉེར་སྐབས་ནས་དེའི་ཐད་ཐུགས་ཁུར་གནང་ཡོད་པ་མ་ཟད་བོད་སྐད་ལེ་ཚན་གཉེར་སྟངས་ལ་སོགས་པའི་གནང་དོན་ཐད་ལའང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཡོད། དེ་ནི་བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་གོའི་རླུང་འཕྲིན་ལས་དོན་པར་བཞག་གནང་བའི་བསམ་པའི་རྒྱུ་ནོར་རིན་ཐང་བྲལ་བ་ཞིག་རེད།
བློ་མཐུན་མའོ་ཙེ་ཏུང་གི་མཆན་བཀོད་མཛུབ་སྟོན་གྱི་ནང་དོན་ནི།“བློ་མཐུན་ལི་ཝེ་ཧན་ནས་བོད་ཡིག་རླུང་འཕྲིན་གྱི་ཞིབ་གཤེར་གནང་འགན་འཁུར་ཐོག་རླུང་འཕྲིན་རྣམ་གྲངས་སྤྱིའི་ནང་དོན་དང་མཛད་ཕྱོགས་གཏན་འབེབས་གནང་རྒྱུ།མའོ་ཙེ་ཏུང་ནས།ཟླ༥ཚེས་༡༣ཉིན་”ཞེས་འཁོད་གནང་འདུག་(མའོ་ཙེ་ཏུང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་རྩོམ་གཅེས་བསྡུས་ཞེས་པའི་ཤོག་ངོས་༡༩པར་གསར།)
མཆན་བཀོད་མཛུབ་སྟོན་དེའི་མཆན་འགྲེལ་ནང་གསུང་རྩོམ་གཅེས་བསྡུས་ཀྱི་རྩོམ་སྒྲིག་པས་མཆན་འགོད་མཛུབ་སྟོན་དེའི་རྒྱབ་ལྗོངས་སྐོར་ལ་གསལ་བཤད་ཞིབ་ཕྲ་བྱས་ཡོད་པ་སྟེ།“དེ་ནི་ཀྲུང་གུང་ཀྲུང་དབྱང་ལྷོ་ནུབ་ཅུས་ཀྱིས་༡༩༥༠ལོའི་ཟླ་༥ཚེས་༣ཉིན་དཀར་མཛེས་གསང་འཕྲིན་ས་ཚིགས་ཀྱི་གནས་ཚུལ་སྙན་ཞུ་ཀྲུང་དབྱང་ལ་བརྒྱུད་འབུལ་ཞུས་པའི་སྙན་ཞུའི་ཐོག་མའོ་ཙེ་ཏུང་གིས་མཆན་བཀོད་མཛུབ་སྟོན་གནང་བ་ཞིག་རེད་།དཀར་མཛེས་གསང་འཕྲིན་ས་ཚིགས་ཀྱི་སྙན་ཞུའི་ནང་བོད་པ་ཞིག་གིས་པེ་ཅིན་གྱི་བོད་སྐད་རླུང་འཕྲིན་ནང་“བོད་ལྗོངས་མི་དམངས་རྣམས་ལྷ་དབང་དང་སྐུ་དྲག་གི་གཉའ་གནོན་གཉིས་འོག་ཏུ་གནས་ཡོད་པས་ང་ཚོས་ཁྱེད་རྣམས་བཅིངས་འགྲོལ་གཏོང་བར་ཡོང་ངེས་ཡིན་”ཞེས་བཏང་སོང་ཟེར་གྱི་འདུགགལ་སྲིད་དྲག་ཤུགས་ལ་བརྟེན་ནས་བོད་ལྗོངས་བཅིངས་འགྲོལ་གཏོང་རྒྱུ་ཡིན་དེ་ལྟར་བཤད་ཀྱང་ཆོགགལ་ཏེ་དེ་ལས་ལྡོག་ན་དེ་འདྲ་ཤོད་མི་དགོས་།ལྷག་པར་དུ་བོད་ལྗོངས་སུ་བོད་སྐད་རླུང་འཕྲིན་ཉན་མཁན་སྐུ་དྲག་ལས་མེད་པ་དང་།སེ་འབྲས་དགེ་གསུམ་གྱི་ཐད་ནས་བཤད་ན་དེ་བས་ཕོག་ཐུག་གཏོང་མི་རུང་།སེ་འབྲས་དགེ་གསུམ་གྱིས་ཏྰ་ལའི་བླ་མར་བརྩི་བཀུར་བྱེད་པ་དང་།ཡང་ཏྰ་ལའི་བླ་མར་ནང་སར་ཕྱོགས་པའི་བསམ་པ་ཡོད་པས།ཏྰ་ལའི་བླ་མའི་བློ་ཡིད་འགུགས་དགོས།དེ་ལྟར་ལེགས་འགྲུབ་བྱུང་ན་བོད་ལྗོངས་བཅིངས་འགྲོལ་གཏོང་རྒྱུར་ངལ་ཆུང་འབྲས་ཆེའི་ཕན་ནུས་ཐོན་ཐུབ་ཅེས་འཁོད་ཡོད་པ་རེད།
བློ་མཐུན་མའོ་ཙེ་ཏུང་གི་མཆན་བཀོད་མཛུབ་སྟོན་དེའི་གོ་དོན་ཕུན་སུམ་ཚོགས་ལ་གཏིང་ཟབ་པས་དེ་ནི་ཞིབ་འཇུག་དང་གོ་བ་གཏིང་ཟབ་ལེན་འོས་པ་ཞིག་ཡིན་ཏེ།དང་ཐོག་དེའི་ཐོག་ནས་བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་ལ་དོ་ཁུར་ཆེན་པོ་གནང་བ་མཚོན་གྱི་ཡོད།དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པའི་དུས་འགོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་མ་ཐག་ཡིན་པ་དང།རྒྱལ་ཡོངས་སུ་བཅིངས་འགྲོལ་བཏང་མེད་པ་བོད་ལྗོངས་དང་ཐའེ་ཝན་ལས་མེད།སྐབས་དེར་རླུང་འཕྲིན་ནི་ཆེས་དེང་རབས་ཅན་གྱི་དྲིལ་བསྒྲགས་ཡོ་ཆས་ཤིག་ཡིན་པའི་ཆ་ནས།བཅིངས་འགྲོལ་དམག་བོད་ལ་དཔུང་འཇུག་མ་བྱས་གོང་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི་གསུང་སྒྲ་བོད་ལྗོངས་སུ་སྔོན་ལ་ཁྱབ་བྱེད་ཀྱི་ཐབས་ཡག་ཤོས་ནི་བོད་སྐད་རླུང་འཕྲིན་གཏོང་རྒྱུ་དེ་རེད།༡༩༤༠ལོའི་ཟླ་༣པར་ཀྲུང་དབྱང་གི་བླང་བྱ་ལྟར།ཀྲུང་དབྱང་མི་དམངས་སྲིད་གཞུང་གསར་འགྱུར་སྤྱི་ཁྱབ་ཧྲུས་གསར་འགྱུར་ལས་དོན་གྲོས་ཚོགས་འཚོགས་ནས།ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་བོད་སྐད་ལེ་ཚན་གཉེར་རྒྱུའི་ཐུགས་ཐག་བཅད་པས་དེར་དོན་སྙིང་ཆེན་པོ་ལྡན་ཡོད།དེའི་གོང་རོལ་ཙམ་ལ་མའོ་ཙེ་ཏུང་གིས་བོད་ལྗོངས་བཅིངས་འགྲོལ་གཏོང་རྒྱུའི་ལས་དོན་ཐད་འཐབ་ཇུས་བཀོད་སྒྲིག་གནང་འགོ་ཚུགས་ནས་བོད་ལ་དཔུང་འཇུག་བྱེད་རྒྱུ་དེ་“འགྱངས་ན་མི་འཚམ་སྔ་ན་འཚམ”ཞེས་པའི་གྲགས་ཅན་བཀོད་ཇུས་གནང་བ་རེད།ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་རྒྱལ་ཁབ་རླུང་འཕྲིན་ལས་ཁུངས་ཀྱི་གྲངས་ཉུང་མི་རིགས་སྐད་རིགས་ཀྱི་ལེ་ཚན་དང་པོར་བོད་སྐད་ལེ་ཚན་གསར་དུ་གཉེར་བ་དེའི་ཐོག་ནས་རླུང་འཕྲིན་ལེ་ཚན་དེ་རང་ཀྲུང་དབྱང་གིས་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་ཐད་བཟུང་བའི་བྱ་ཐབས་གལ་ཆེན་ཞིག་མཚོན་ཐུབ།
བོད་ལྗོངས་བཅིངས་འགྲོལ་གཏོང་རྒྱུའི་ཐད།བློ་མཐུན་མའོ་ཙེ་ཏུང་ཞི་བའི་ཕོ་རུ་བཞུགས་སྐབས་སུའུ་ལེན་གྱི་ཆེད་བསྐོས་ཕོ་ཉ་སྨི་ཀའོ་དབྱང་ལ་བོད་ལྗོངས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་དགོངས་ཚུལ་གསུངས་ཡོད་པ་སྟེ།“དོན་དངོས་ཐོག་བོད་ལྗོངས་ཀྱི་གནད་དོན་ཡང་ཐག་གཅོད་བྱེད་ཁག་པོ་མེད།དེ་ཡང་མགྱོགས་དྲག་རྒྱུ་མེད་ལ་ཧོལ་རྒྱུགས་ཚ་དྲག་རྒྱུའང་མེད།གང་ལགས་ཤེ་ན།(༡)འགྲིམ་འགྲུལ་ཐད་དཀའ་ངལ་ཆེ་བས་དཔུང་ཆེན་གྱི་བྱ་སྤྱོད་སྤེལ་བདེ་པོ་མེད་ལ་མཁོ་སྤྲོད་ཐད་ལའང་རྙོག་དྲ་ཆེ་ཙམ་ཡོད་པ་དང་།(༢)མི་རིགས་ཀྱི་གནད་དོན་དང་ལྷག་པར་དུ་ཆོས་ལུགས་ཀྱིས་ཁ་ལོ་བསྒྱུར་བའི་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་པར་དུས་ཚོད་དེ་བས་རིང་བ་དགོས་པས་གོམ་པ་བརྟན་པོས་མདུན་སྐྱོད་བྱེད་དགོས་པ་ལས་འཚབ་ཐལ་འཁོལ་མི་རུང་”ཞེས་གསུངས་ཡོད་པ་རེད།(མའོ་ཙེ་ཏུང་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་དོན་ཆེན་ཁག་ཅེས་པའི་ཤོག་ངོས་༣༥པར་གསལ།)བཀའ་མོལ་དུམ་བུ་དེ་ནི་མིག་སྔར་མཐོང་ཐུབ་པའི་བློ་མཐུན་མའོ་ཙེ་ཏུང་གི་བོད་ལྗོངས་བཅིངས་འགྲོལ་གཏོང་ཐབས་སྐོར་གྱི་རྣམ་བཤད་སྔ་ཤོས་དེ་ཡིན་པ་དང་།དགོངས་དོན་དེ་རྗེས་སུ་གསལ་བའི་བློ་མཐུན་མའོ་ཙེ་ཏུང་གི་རྣམ་བཤད་རབ་དང་རིམ་པ་དང་རྦད་དེ་གཅིག་མཚུངས་ཡིན་ལ་བཀའ་མོལ་དེ་ནི་མཆན་བཀོད་མཛུབ་སྟོན་དེའི་མཆན་འགྲེལ་ཡག་ཤོས་ཤིག་རེད་ཅེས་བརྗོད་ཆོགབོད་ལྗོངས་ཀྱི་གནས་ཚུལ་དང་བོད་ལྗོངས་ཀྱི་གནད་དོན་ནི་དམིགས་བསལ་ཞིག་ཡིན་པས།བོད་ལྗོངས་ཀྱི་གནད་དོན་ཐག་གཅོད་བྱ་ཐབས་ཀྱང་ངེས་པར་དུ་དམིགས་བསལ་ཅན་ཞིག་དགོས་ཀྱི་རེད།བློ་མཐུན་མའོ་ཙེ་ཏུང་གིས་གནས་ཚུལ་དེར་གཞིགས་ནས་བོད་ལྗོངས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཀྲུང་གོའི་གསར་བརྗེའི་ཉིན་རེའི་ལམ་རིམ་ནང་བཅུག་པའི་ཉིན་མོ་དེ་ནས་བཟུང་།བོད་ལྗོངས་ཀྱི་གནད་དོན་ཐད་མནོ་བསམ་གཏོང་དམིགས་བསལ་གཞི་གཏན་འབེབས་གནང་བ་མ་ཟད།ནང་ས་དང་གྲངས་ཉུང་མི་རིགས་ས་ཁུལ་གཞན་དག་དང་རྦད་དེ་མི་འདྲ་བའི་དམིགས་བསལ་གྱི་སྲིད་ཇུས་ཀྱང་རབ་དང་རིམ་པ་གཏན་འཁེལ་གནང་བ་རེད།བློ་མཐུན་མའོ་ཙེ་ཏུང་གིས་སྙན་ཞུ་དེར་གཙིགས་མཐོང་ཆེན་པོ་གནང་བ་མ་ཟད་འཕྲད་དུ་མཆན་བཀོད་མཛུབ་སྟོན་ཡང་གནང་བ་དེའི་ཐོག་ནས་ཁོང་གིས་བོད་ལྗོངས་བཅིངས་འགྲོལ་གཏོང་རྒྱུའི་ཐད་ཀྱི་བྱ་བ་གང་དང་གང་ལའང་གཙིགས་མཐོང་ཧ་ཅང་ཆེན་པོ་གནང་ནས་གནད་དོན་མ་ལྷག་པ་ཡོང་ཅི་ཐུབ་གནང་བ་མཚོན་ཡོད།༡༩༥༢ལོའི་ཟླ་༤ཚེས་༨ཉིན་བློ་མཐུན་མའོ་ཙེ་ཏུང་གིས་ལྷོ་ནུབ་ཅུས་དང་བོད་ལས་དོན་ཨུ་ཡོན་ལྷན་ཁང་ལ་མཆན་བཀོད་མཛུབ་སྟོན་གནང་བའི་ནང་དེ་བས་ཁ་གསལ་བའི་ཐོག་ནས“བོད་ལས་དོན་ཨུ་ཡོན་ལྷན་ཁང་གིས་བོད་ཕྱོགས་དང་འབྲེལ་གཏུགས་བྱེད་དགོས་པའི་དོན་གཞི་ཐོན་པའམ་ཡང་ན་ཧིན་རྡུ་དང་ནེ་པ་ལ་སོགས་རྒྱལ་ཁབ་དང་ཕྱི་འབྲེལ་གྱི་དོན་གཞི་བྱུང་རིམ་ཚང་མ་རེ་རེ་བཞིན་སྙན་སེང་དགོངས་སྐོར་ཞུས་ན་མགཏོགས་ཐག་གཅོད་བྱས་མི་ཆོག་ཅེས་དང་།བོད་རིགས་ཀྱི་གནད་དོན་ཧ་ཅང་ཉེན་ཚབས་ཆེན་པོ་ཡིན་པས་ངེས་པར་དུ་ངོས་འཛིན་ཐུབ་པ་བྱེད་དགོས་པ་དང་།ངེས་པར་དུ་ཁ་གཏད་འོས་ཤིང་འཚམ་ཞིག་གཅོག་དགོས་པ་ལས་རྒྱུན་ལྡན་གྱི་འབྲེལ་བ་ཐག་གཅོད་བྱེད་པ་དང་གཅིག་པར་འཛིན་རྒྱུ་མེད་ཅེས་བསྟན་ཡོད་པ་རེད།(མའོ་ཙེ་ཏུང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་རྩོམ་གཅེས་བསྡུས་ཞེས་པའི་ཤོག་ངོས་༦༥པར་གསལ།)མཆན་བཀོད་མཛུབ་སྟོན་དེ་བཀླགས་རྗེས།བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་ལ་དོ་ཁུར་གནང་རྐྱེན་ལ་གོ་བ་ལེན་དེ་བས་སླ་བར་གྱུར་ཡོད་པ་རེད།དེ་མིན་བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་ལ་དོ་ཁུར་གནང་ནས་སྐབས་དེའི་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུཡི་པུའུ་ཀྲང་དང་།ཀྲུང་དབྱང་མི་དམངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཅིག་ལྕོགས་སུ་བཞེས་ཡོད་པའི་བློ་མཐུན་ལི་ཝེ་ཧན་ལ་“བོད་ཡིག་རླུང་འཕྲིན་གྱི་ཞིབ་གཤེར་གནང་འགན་འཁུར་ཐོག་རླུང་འཕྲིན་གྱི་རྣམ་གྲངས་དེའི་ནང་དོན་དང་མཛད་ཕྱོགས་གཏན་འབེབས་གནང་རྒྱུ་”ཞེས་མཛུབ་སྟོན་གནང་ཡོད་པ་རེད།མཛུབ་སྟོན་དེ་འདྲ་ཀྲུང་གོ་མི་དམངས་ཀྱི་རླུང་འཕྲིན་བྱ་གཞག་སྤེལ་བའི་ལོ་རྒྱུས་ཐོག་དེ་ཁོ་ན་ཙམ་མ་གཏོགས་བྱུང་མྱོང་མེད་པ་ཞིག་རེད།མའོ་ཀྲུའུ་ཞིའི་མཛུབ་སྟོན་ལ་གཞིར་བཞག་ཐོག་སྐབས་དེར་བོད་ལྗོངས་བཅིངས་འགྲོལ་བཏང་མེད་པ་དང།བོད་ལ་དཔུང་འཇུག་བྱེད་རྒྱུ་དང་བོད་ས་གནས་སྲིད་གཞུང་དང་ཞི་བའི་གྲོས་མོལ་བྱེད་རྒྱུའི་གྲ་སྒྲིག་ལས་དོན་སྒྲུབ་བཞིན་ཡོད་པ།བོད་ལྗོངས་ཀྱི་སྐབས་དེའི་ཆབ་སྲིད་དུས་བབ་དང་རླུང་འཕྲིན་ཉན་པའི་ཆ་རྐྱེན་བཅས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས།ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་བོད་ས་གནས་ཀྱི་མཐོ་རིམ་མི་སྣ་དག་བོད་སྐད་རླུང་འཕྲིན་གཏོང་ཡུལ་གཙོ་བོར་གཏན་འཁེལ་བྱས་པ་དང་།དེའི་ལས་འགན་གཙོ་བོ་ནི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་གསེད་འགྲོལ་བྱེད་རྒྱུ་དང་།བཅིངས་འགྲོལ་བཏང་ཟིན་པའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྤྱིར་བཏང་གི་གནས་ཚུལ་དང་།མི་དམངས་བཅིངས་འགྲོལ་དམག་དང་མི་དམངས་སྲིད་གཞུང་གིས་དགོན་སྡེར་སྲུང་སྐྱོབ་བྱས་ཚུལ་དང་།གྲངས་ཉུང་མི་རིགས་ཀྱི་ཆོས་དད་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱས་ཚུལ་གྱི་དངོས་དཔེ་ངོ་སྤྲོད་བྱེད་རྒྱུ།དབྱིན་ཇི་དང་ཨ་རི་བཙན་རྒྱལ་རིང་ལུགས་ཀྱིས་བོད་ལྗོངས་ལ་བཙན་འཛུལ་བྱེད་སྙམ་པའི་ལྐོག་ཇུས་ཐེར་འདོན་བྱས་ནས་བོད་ས་གནས་ཀྱི་མཐོ་རིམ་མི་སྣས་བཙན་རྒྱལ་རིང་ལུགས་དང་འབྲེལ་ཐག་རྦད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་མོའི་ནང་ལོག་རྒྱུར་འབོད་སྐུལ་གཏོང་རྒྱུ་བཅས་རེད།གོང་སྨྲས་ཀྱི་མཛད་ཕྱོགས་ཐོག་ནས།ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་སྐབས་དེར་བློ་མཐུན་མའོ་ཙེ་ཏུང་གི་མཛུབ་སྟོན་ལ་ནན་གྱིས་གཞིགས་ནས་གཏན་འཁེལ་བྱས་པའི་དྲིལ་བསྒྲགས་ཀྱི་ནང་དོན་དང་དྲིལ་བསྒྲགས་ཀྱི་ཐབས་ཇུས་ནི་ཡང་དག་པ་གསལ་པོ་མཚོན་ཡོད།
བློ་མཐུན་མའོ་ཙེ་ཏུང་གི་མཆན་བཀོད་མཛུབ་སྟོན་དེས།དྲིལ་བསྒྲགས་བྱེད་སྐབས་ངེས་པར་དུ་དམིགས་འབེན་དགོས་པ་དང་།ནད་བརྒྱ་སྨན་གཅིག་གིས་བཅོས་ཐབས་ལྟར་བྱེད་མི་རུང་།གསན་མཁན་མི་འདྲ་བར་སྐད་ཆ་མི་འདྲ་བ་ཤོད་དགོསཔ་དང་།དྲིལ་བསྒྲགས་ཀྱི་མཛད་ཕྱོགས་མི་འདྲ་བ་གཏན་འབེབས་བྱེད་དགོས་པའི་གནས་ལུགས་བཅས་བསྟན་ཡོད།ང་རང་གིས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་གཞིགས་ན།དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པ་ཧྲིལ་པོར་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་དེ་ཀྲུང་དབྱང་གི་ཐད་ཀའི་འགོ་ཁྲིད་དང་དོ་ཁུར་འོག་གཉེར་བ་ཞིག་རེད།དྲིལ་བསྒྲགས་བྱེད་པའི་ནང་དོན་གལ་ཆེན་མང་པོ་ཞིག་ཙུང་ལི་ཀྲོའུ་ཨེན་ལེས་ཐད་ཀར་བཀོད་སྒྲིག་གནང་གི་ཡོད་པར་བརྟེན་སྐབས་དེའི་བོད་སྐད་རླུང་འཕྲིན་དེ་ཐུན་མོང་མ་ཡིན་པའི་ཁྱབ་ཆོས་ལྡན་ཞིང་གསོན་ཉམས་ལྡན་པའི་སྒོ་ནས་གཉེར་ཡོད་པ་རེད།༡༩༥༠ལོའི་ཟླ༥པར་བོད་སྐད་རླུང་འཕྲིན་གཉེར་འགོ་ཚུགས་པ་ནས་བཟུང་།ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་བོད་ལྗོངས་ལ་དྲིལ་བསྒྲགས་བྱེད་རྒྱུའི་ཐད་ཐོག་མཐའ་བར་གསུམ་དུ་ས་ཁུལ་གཞན་དག་དང་དབྱེ་བ་ཡོད་པ་བྱེད་རྒྱུར་དོ་སྣང་བྱེད་ཀྱི་ཡོད།བོད་སྐད་ལེ་ཚན་ཐོག་མར་གཉེར་བའི་དུས་སྐབས་སུ།རྒྱལ་ཡོངས་ཀྱི་དོན་སྙིང་ལྡན་པའི་ནང་དོན་གཏོང་སྤེལ་བྱས་པ་མ་ཟད།ད་དུང་སྔ་ཕྱིར་རླུང་འཕྲིན་གསུང་བཤད་མང་པོ་བཀོད་སྒྲིག་བྱས་ནས་བོད་ལྗོངས་ཀྱི་མཐོ་རིམ་འཐུས་ཚབ་མི་སྣ་ལ་ནང་ལོགས་ས་ཁུང་དུ་ལྡ་སྐོར་འཚམས་འདྲིར་ཕེབས་པའི་མྱོང་ཚོར་གསུང་དུ་བཅུག་ཡོད་པས་ནུས་པ་ཧ་ཅང་ཡག་པོ་ཐོན་ཡོད་པ་རེད་།༡༩༥༩ལོའི་ཟླ་༣པར་བོད་དུ་ངོ་ལོག་ཟིང་འཁྲུག་ལངས་རྗེས་།ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་བོད་ལྗོངས་ལ་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད་པ་རེད།ལོ་དེའི་ཟླ༡༢པར་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་“བོད་སྐད་རླུང་འཕྲིན་ལེགས་བཅོས་བྱེད་རྒྱུའི་བསམ་འཆར་”ཞེས་པ་བཏོན་ཡོད་པ་དེའི་ནང་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་བོད་ལྗོངས་ལ་རླུང་འཕྲིན་ལས་ཁུངས་ཀྱིས་བོད་ལྗོངས་ལ་རླུང་འཕྲིན་གཏོང་རྒྱུའི་དམིགས་བསལ་རང་བཞིན་ལ་ངོས་འཛིན་བྱེད་དགོས་ཚུལ་གཅིག་བསྡུས་ཀྱིས་མཚོན་ཡོད་པ་དང།
“བསམ་འཆར་”དེའི་ནང་བོད་ལྗོངས་ལ་རླུང་འཕྲིན་གཏོང་རྒྱུའི་ཐད་སླད་ཕྱིན་དུས་སྐབས་ཤིག་རིང་གཤམ་གསལ་གནད་དོན་ཁག་དྲིལ་བསྒྲགས་བྱ་རྒྱུར་དོ་སྣ་བྱེད་དགོས་པ་སྟེ། དང་པོ།དུས་ཐོག་ཏུ་གོ་བདེ་བའི་ཐོག་ནས་ཏང་གི་མཛད་ཕྱོགས་སྲིད་ཇུས་གལ་ཆེན་དག་དང་།ཏང་དང་རྒྱལ་ཁབ་ཀྱིས་ལས་དོན་ཁག་བཀོད་སྒྲིག་གལ་ཆེན་བྱས་ཚུལ་དག་གསེད་འགྲོལ་བྱེད་དགོས་པ་ལས།བོད་ལྗོངས་སུ་གནས་སྐབས་རིང་ལག་བསྟར་བྱ་རྒྱུ་མིན་པའི་སྲིད་ཇུས་དག་དྲིལ་བསྒྲགས་བྱེད་མི་རུང་བ་དང།གཉིས་པ།ཆེད་བསྒྲིགས་ལེ་ཚན་སྣ་ཚོགས་གཉེར་ནས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཚུལ་དང་།མི་རིགས་ས་ཁུལ་གཞན་པའི་དམངས་གཙོའི་བཅོས་བསྒྱུར་དང་ཀུང་ཧྲེ་ཅན་ལ་གྱུར་རྗེས་འཕོ་འགྱུར་ཆེན་པོ་བྱུང་ཚུལ་དྲིལ་བསྒྲགས་བྱེད་གདོས་པ་ལས།རྒྱལ་ཡོངས་ས་ཁུལ་གཞན་པའི་བཟོ་ལས་དང་ཞིང་ལས་ཐོན་སྐྱེད་ཁྲོད་སྤེལ་བའི་བོད་ལྗོངས་ཀྱི་མིག་སྔའི་གནས་ཚུལ་དང་མི་འཚམ་པའི་ཞིབ་ཕྲའི་བྱ་ཐབས་དང་སྔོན་ཐོན་ཉམས་མྱོང་དག་དྲིལ་བསྒྲགས་ཉུང་ཙམ་བྱེད་པའམ་དྲིལ་བསྒྲགས་བྱེད་མི་རུང་བ།གསུམ་པ།ཚན་རིག་ཤེས་བྱདང།འཕྲོད་བསྟེན་རྒྱུན་ཤེས་ལ་སོགས་ཀྱི་ནང་དོན་མང་དུ་གཏོང་དགོས་པ།བཞི་བ།འོས་འཚམ་གྱི་སྒོ་ནས་རྒྱལ་སྤྱིའི་གསར་འགྱུར་ཁ་སྣོན་བྱེད་དགོས་པ་བཅོས་རེད།
གོང་སྨྲས་ལོ་རྒྱུས་དཔྱད་གཞི་དེ་དག་གིས་དམིགས་འབེན་རང་བཞིན་གྱི་གལ་ཆེ་ལུགས་གསལ་བཤད་ཐུབ།ཉམས་མྱོང་དེ་དག་ནི་ད་ལྟའི་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལེ་ཚན་དང།དེ་བཞིན་ཤིན་ཅང་དང་།ནང་སོགཡན་པན་བཅས་སུ་གཏོང་བའི་ཡུ་གུར་སྐད་དང།ཧ་སག་སྐད་།སོག་སྐད།ཁོ་རེ་ཡའི་སྐད་བཅས་ཀྱི་རླུང་འཕྲིན་ལེ་ཚན་ལ་ཡང་སྔར་བཞིན་དོན་དངོས་ཀྱི་མཛུབ་ཁྲིད་དོན་སྙིང་ལྡན་པ་ཞིག་རེད།
བློ་མཐུན་མའོ་ཙེ་ཏུང་གི་མཆན་བཀོད་མཛུབ་སྟོན་དེས་ཏང་དང་སྲིད་གཞུང་གིས་རླུང་འཕྲིན་ཞེས་པའི་དེང་རབས་ཀྱི་དྲིལ་བསྒྲགས་ཡོ་ཆས་དེ་བེད་སྤྱོད་གཏོང་མཁས་པོ་བྱས་ནས་སྲིད་ཇུས་དྲིལ་བསྒྲགས་དང་།མང་ཚོགས་དང་འབྲེལ་གཏུགས།ལས་དོན་སྤེལ་སྒྲུབ་བཅས་བྱེད་དགོས་ཚུལ་བསྟན་ཡོད།དེའི་ཐད་བློ་མཐུན་མའོ་ཙེ་ཏུང་དང་ཁོང་གི་འཐབ་གྲོགས་རྣམས་ཀྱིས་ང་ཚོར་མིག་དཔེ་འོད་སྟོང་འཕྲོ་བ་ཞིག་བསྟན་ཡོད།ལོ་རབས་ལྔ་བཅུ་པའི་དུས་ཀྱི་བོད་སྐད་རླུང་འཕྲིན་ནི་བོད་ལྗོངས་སྐོར་གྱི་ཆ་འཕྲིན་གལ་ཆེན་མང་པོ་ཞིག་ཁྱབ་སྤེལ་ཨང་དང་པོ་བྱེད་ས་ཞིག་ཆགས་ཡོད།དེའི་ཁྲོད་ཀྱི་ཆེས་དཔེ་མཚོན་དུ་གྱུར་པ་ཞིག་ནི།༡༩༥༢ལོའི་ཟླ༡༠པར་བོད་ལྗོངས་གུས་ཞུ་ཚོགས་པའི་གཙོ་སྣེའུ་ཤར་ཐུབ་བསྟན་ཐར་པས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བརྒྱུད་བོད་ས་གནས་སྲིད་གཞུང་གི་སེར་སྐྱ་དཔོན་རིགས་རྣམས་དང།རྒྱ་ཆེའི་བོད་རིགས་སེར་སྐྱ་མང་ཚོགས་ཚོར་གསུངས་པའི་རླུང་འཕྲིན་གསུང་བཤད་དང།༡༩༥༤ལོའི་ཟླ་༦ཚེས་༢༥ནས་ཚེས་༢༧བར།བོད་ལྗོངས་ཀྱི་རྒྱལ་སྟོན་མཛད་གཟིགས་ཚོགས་པའི་ཚོགས་གཙོ་མདོ་མཁན་ཕུན་ཚོགས་རབ་རྒྱས་ཀྱིས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བརྒྱུད་བོད་ལྗོངས་ཀྱི་སེར་སྐྱ་དཔོན་རིགས་དང་མི་དམངས་རྣམས་ལ་གསུངས་པའི་རླུང་འཕྲིན་གསུང་བཤད་གཉིས་རེད།གསུང་བཤད་དེ་གཉིས་ནི་ཀྲོའུ་ཙུང་ལི་སྐུ་ངོ་མས་བོད་སྐད་ལེ་ཚན་གྱི་དུས་ཚོད་ཡག་ཤོས་ནང་གཏོང་རྒྱུར་བཀོད་སྒྲིག་གནང་བ་ཞིག་རེད།གསུང་བཤད་དེ་གཉིས་ཀའི་ནང་ཀྲུའུ་ཞི་མའོ་ཙེ་ཏུང་གིས་ཁོང་རྣམས་ལ་མཇལ་འཕྲད་གནང་སྐབས་གསུངས་པའི་བཀའ་མོལ་གལ་ཆེན་གྱི་གཙོ་གནད་རྣམས་བརྒྱུད་བསྒྲགས་བྱས་ཡོད་པ་མ་ཟད།དེ་དག་མའོ་ཙེ་ཏུང་གི་བོད་ལྗོངས་ཀྱི་གནད་དོན་སྐོར་གྱི་རྣམ་བཤད་ནང་གི་གྲུབ་ཆ་གལ་ཆེན་དུ་གྱུར་པ་རེད།གསུང་བཤད་དེ་གཉིས་ཀ་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་ཐོག་མར་བཏང་བ་དང།དེ་ནས་ཉིན་གཉིས་པར་མི་དམངས་ཉིན་རེའི་ཚགས་པར་ཐོག་སྤེལ་ཡོད་པ་རེད།རགས་རྩིས་བྱས་པ་ལྟར་ན།༡༩༥༢ལོ་ནས་༡༩༥༦ལོའི་བར་ཁོ་ནར་ཀྲུང་དབྱང་མི་དམངས་ཁྱབ་རླུངའཕྲིན་ལས་ཁུངས་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལེ་ཚན་ནང་གསུང་བཤད་གནང་མྱོང་བའི་བོད་ལྗོངས་ཀྱི་མཐོ་རིམ་མི་སྣ་ཐེངས་གྲངས་༣༠ལྷག་ཙམ་ཟིན་པ་དེའི་ནང་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་དང་།པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན།དེ་བཞིན་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་ཚུད་ཡོད་པ་རེད།“རླུང་འཕྲིན་གསུང་བཤད་”དེ་དག་གིས་སྐབས་དེར་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།༡༩༥༢ལོའི་ཟླ་༡༢ཚེས༡༡ཉིན་རེའི་ཚགས་པར་ངོས་དང་པོའི་ཐོག་“ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་སྣེའི་ཤར་ཐར་པའི་གསུང་བཤད་རླུང་འཕྲིན་ནས་གཏོང་རྒྱུའི་སྔོན་བརྡ་བཏང་རྗེས།སྔོན་བརྡ་ཐོས་པའི་མི་རྣམས་ཀྱིས་གཞན་གཞན་ལ་བརྡ་ནས་རླུང་འཕྲིན་ཉན་རྒྱུའི་གྲ་སྒྲིག་བྱས་ཡོད་པ་རེད།ཉིན་དེར་ལྷ་ས་གྲོང་ཁྱེར་གྱི་སྒྲ་སྡུད་འཕྲུལ་འཁོར་ཡོད་ཚན་ནས་སྙན་ཞུ་དེ་ཉན་ཡོད་པ་དང།མི་མང་ཞིག་གིས་བཞུགས་མོལ་ཚོགས་འདུ་འཚོགས་ནས་སྙན་ཞུའི་སྐོར་གྲོས་བསྡུར་་བྱས་ཡོད་པ་རེད”ཅེས་དང།“གདན་ས་གསུམ་གྱི་སེར་མོ་བ་རྣམས་ཀྱིས་མའོ་ཀྲུའུ་ཞིའི་བཀའ་མོལ་ཐོས་རྗེས་ཁོ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད།འབྲས་སྤུངས་དགོན་པའི་དགེ་ཤེས་དོན་ལྡན་གྱིས་མའོ་ཀྲུའུ་ཞིའི་བཀའ་སློབ་ཐོས་རྗེས་ང་ཧ་ཅང་དགའ་པོ་བྱུང་།དེ་སྔ་བཙན་རྒྱལ་རིང་ལུགས་ཀྱིས་གུང་ཁྲན་ཏང་གིས་ཆོས་ལུགས་རྩ་མེད་བཟོ་རྒྱུ་རེད་ཅེས་དཀྲོག་གཏན་བཟོ་གི་ཡོད།ཡིན་ནའང་ལོ་གཅིག་གི་ནང་ང་ཚོ་དང་མི་དམངས་བཅིངས་འགྲོལ་དམག་ཧ་ཅང་འཆམ་པོ་ཡོད།ཁོང་ཚོས་བྱ་སྤྱོད་ངོ་མའི་ཐོག་ནས་དཀྲོགས་གཏམ་དེ་དག་གི་མཐིལ་བརྟོལ་ཡོད།དེ་རིང་མའོ་ཀྲུའུ་ཞིས་སླར་ཡང་ཆོས་ལུགས་ལ་སྲུང་སྐྱོབ་བྱེད་རྒྱུའི་སྲིད་ཇུས་མཛུབ་སྟོན་ཁ་གསལ་གནང་ཡོད།ངས་སེར་མོ་བ་ཡོངས་ཀྱི་ཚབ་ཞུས་ནས་ང་ཚོའི་གཙོ་འཛིན་མའོ་ཀྲུའུ་ཞིར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག་”ཅེས་བཀོད་ཡོད་པ་རེད།དེ་བས་སེམས་འགུལ་ཐེབས་པ་ཞིག་ནི་བློ་མཐུན་མའོ་ཙེ་ཏུང་སྐུ་ངོ་མས་གསར་འགྱུར་གལ་ཆེན་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལེ་ཚན་ནས་གཏོང་རྒྱུའི་བཀོད་སྒྲིག་གནང་ཡོད་པ་དེ་ཡང་༡༩༥༩ལོའི་ཟླ་༣ཚེས༢༩ཉིན་གྱི་ཐོ་རེངས་ཆུ་ཚོད་༣པར་མའོ་ཀྲུའུ་ཞིས་བོད་ཀྱི་ངོ་ལོག་ཟིང་འཁྲུག་གི་དོན་རྐྱེན་སྐོར་ལ་སྤྱི་བསྒྲགས་སྤེལ་རྒྱུར་གནང་བའི་དཔྱད་མཆན་ནང་།བློ་མཐུན་ལིའུ་ཧྲའོ་ཆི་དང་ཏེང་ཞའོ་ཕིང་ལ་“གསར་འགྱུར་སྤྱི་བསྒྲགས་ལ་བཟོ་བཅོས་བྱས་ཟིན།ལྷན་རྒྱས་གཉིས་ནས་རྒྱུན་ལས་ཨུ་ཡོན་དང་དེ་མིན་བློ་མཐུན་ཁ་ཤས་བསྐོངས་ཏེ་། དེ་རིང་སྔ་དྲོ་གཟིགས་ཏེ་ཚིག་སྦྱོར་ལ་ཡིད་གཟབ་གནང་རོགས།དེ་ནས་ཝུ་ལེང་ཞི་བོས་ནས་སྲིད་གཞུང་གི་བཀའ་རྒྱ་དང་།དམག་ཁུལ་ཁང་གི་རྩ་ཚིག་དང་བཅས་ཁ་པར་བརྒྱུད་པེ་ཅིན་དུ་བཏང་རྗེས།བོད་ཡིག་དང་ཕྱི་རྒྱལ་གྱི་ཡི་གེར་བསྒྱུར་ཏེ་ཟླ་༣ཚེས་༢༨ཉིན་རྒྱ་སྐད་དང།བོད་སྐད།དབྱིན་སྐད།ཨུ་རུ་སུའི་སྐད་སོགས་ཡིག་རིགས་སྣ་ཚོགས་ཀྱི་ཐོག་ནས་རླུང་འཕྲིན་གཏོང་རྒྱུ་དང་།སྤྱི་ཚེས་༢༩ཉིན་ཚགས་པར་ཐོག་སྤེལ་རྒྱུའི་གྲ་སྒྲིག་བྱེད་དགོས་”ཞེས་མཛུབ་སྟོན་གསལ་པོ་གནང་ཡོད་པ་རེད།(མའོ་ཙེ་ཏུང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་རྩོམ་གཅེས་བསྡུས་ཀྱི་ཤོག་ངོ་༡༦༧པར་གསལ།)མཆན་བཀོད་མཛུབ་སྟོན་དེ་ནི་ང་ཚོའི་མཐོང་ཆོས་སུ་གྱུར་པའི་བློ་མཐུན་མའོ་ཙེ་ཏུང་གིས་བོད་སྐད་རླུང་འཕྲིན་ཐོག་ནས་སྤེལ་རྒྱུའི་བླང་བྱ་བཏོན་པའི་གནས་འཕྲིན་གལ་ཆེན་ཉག་ཅིག་དེ་ཡིན།རླུང་འཕྲིན་གྱིས་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ནང་གནས་བབ་གལ་ཆེན་བཟུང་ཡོད་པ་དང།མི་རིགས་ས་ཁུལ་དུ་དམིགས་བསལ་གྱི་ཤུགས་རྐྱེན་ཐོན་གྱི་ཡོད་པ་སྨོས་མེད་ཡིན་པ་ར་སྤྲོད་བྱུང་ཡོད།
བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་༡༡༠འཁོར་བར་དྲན་གསོ་ཞུ་བའི་ཉིན་མོ་འདིར་།མའོ་ཀྲུའུ་ཞིའི་མཛུབ་སྟོན་དེ་དག་བསྐྱར་དུ་སློབ་སྦྱོང་ཞུ་དུས་དེ་བས་བྱམས་བརྩེ་དང་ལྡན་པའི་ཚོར་བ་ཡོང་གི་འདུགམའོ་ཀྲུའུ་ཞིས་གསར་འགྱུར་ལས་དོན་ཐད་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་དེ་དག་ནི་ཀྲུང་གོའི་གསར་འགྱུར་ལས་དོན་པའི་བསམ་པའི་རྒྱུ་ནོར་ཐང་བྲལ་བ་ཞིག་ཡིན།ང་ཚོས་ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་ནང་ཏང་གི་གསར་འགྱུར་ལས་དོན་དེ་བས་ལེགས་པར་བསྒྲུབས་ནས།དུས་རབས་༢༡པར་ཀྲུང་གོའི་འཕུར་མཆོངས་ལྟ་བུའི་གོང་འཕེལ་དང་མི་རིགས་ཁག་ཐུན་མོང་དར་རྒྱས་ཡར་ཐོན་ཡོང་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་སྔར་ལས་ཡག་པ་ཞིག་བསྐྲུན་དགོས།
༢༠༠༣ལོའི་ཟླ་༡༢ཚེས༢༦ཉིན་པེ་ཅིན་དུ་བྲིས།