གནས་ཡུལ། མདུན་ངོས། གློག་བརྙན།
 
 
༄༅།།གློག་བརྙན་ཞིག་མཐོང་རྗེས་ཀྱི་སྣང་བ་ཡིག་རིས་སུ་འཕོས་པ་བྱ་རོག་གི་གྲོགས་སྐད།
སྤེལ་དུས།2009-03-25   ཡོང་ཁུངས་།གུར་ཀུམ་ཆུན་པོ།   རྩོམ་པ་པོ། རྫེས་དཀར་ཨོ་རྒྱན་བརྩོན་འགྲུས། དབང་འདུས་ཀྱིས་ཞུས།
     གངས་རིའི་ལྗོངས་འདིར་བགྲང་བ་སྟོང་ཕྲག་ལྷག། ཕྱག་མཆོད་ཀྱིས་བཀུར་སྐུ་གཟུགས་མཆོད་རྟེན་སོགས། །གློ་དང་སྐེད་པའི་རྒྱན་ཆར་འདོགས་པ་ཡི། །གསར་དར་རྒྱན་གོས་ཡ་མ་ཟུང་དེར་སྐྱོ། རབ་དཀར་ཁ་བའི་འདབ་མ་འབུམ་དུ་བརྩེགས་པའི་གངས་ཀྱི་ས་འཛིན་མཁའ་ལ་སྙེག་པ་དུ་མའི་ཕྲེང་བས་ཀུན་ནས་བསྐོར་བའི་ཆེན་པོ་བོད་ཀྱི་ཡུལ་གྲུ་འདིར་མིའི་འགྲོ་བ་བྱུང་ནས་བགྲང་བ་སྟོང་ཕྲག་དུ་མ་འདས་པས་རྒྱན་དང་ཆ་ལུགས་འདི་དང་འདི་བྱུང་ལ་དེ་དང་དེ་དར་མ་མྱོང་ཞེས་ཁ་ཚོད་འཛིན་པ་ནི་བླུན་པོའི་ངང་ཚུལ་དང་འོལ་ཚོད་ཀྱི་ཀླག་ཅོར་ཙམ་ལས་མ་འདས་མོད། ཐོག་མར་རྡོ་དང་རུས་པའི་རྒྱན་ཆ་བཏགས་ཏེ་རི་དྭགས་གཅན་གཟན་དང་ར་ལུག་ནོར་ནག་གི་པགས་པ་གྱོན་པ་ནས་གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆས་སྤྲས་ཤིང་དར་ཟབ་སྣ་ཚོགས་ཀྱི་གོས་བགོས་པའི་བར་སོགས་རྒྱན་གོས་ལ་འཕེལ་རྒྱས་དང་འགྱུར་ལྡོག་རབས་དང་རིམ་པའི་ཕྲེང་བ་ལུ་གུ་བརྒྱུད་དུ་བྱུང་ན་ཡང་། སྐུ་གཟུགས་སོགས་སྐུ་གསུང་ཐུགས་རྟེན་རྣམས་གློ་དང་། སྐེད་པ་དང་། འཕོངས་མགོའི་རྒྱན་ཆར་འདོགས་པའི་སྲོལ་ཞིག་སྔོན་ཆད་བོད་ལ་ཡེ་ནས་དར་མ་མྱོང་ཞེས་མནའ་སྐྱེལ་ཐག་ཆོད། བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་ཕོ་བྲང་ཡུམ་བུ་བླ་སྒང་དུ་གཉན་པོ་གསང་བ་བྱུང་བ་ནས་སམ། འཛམ་གླིང་གོ་ལའི་ཁྱོན་ན་རྒྱལ་སྲིད་ཀྱི་གྲགས་པ་འབྲུག་ལྟར་ལྡིར་བའི་རྒྱལ་བོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཇོ་ཤཱཀ་རྣམ་གཉིས་དང་ཇོ་བོ་རང་བྱུང་ལྔ་ལྡན་གྱི་སྐུ་བརྙན་བོད་དུ་སོན་པ་ནས་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་མགོ་བར་དུ་བོད་ཡུལ་འདིར་སྐུ་གསུང་ཐུགས་རྟེན་རྣམས་ཕྱག་དང་མཆོད་པའི་ཕུད་དུད་ཀྱིས་གཙུག་ཏུ་བཀུར་བ་ལས་ལུས་ཀྱི་རྒྱན་ཆར་འདོགས་པ་ཉེས་པ་དང་མི་འོས་པའི་གནས་སུ་བརྩི་བའི་སྒོས་རྒྱན་ཆས་སུ་བྱེད་སྲོལ་མེད་དོ། །གལ་ཏེ་ཆོས་ལ་མི་དད་པ་ཞིག་ཡིན་ཡང་སྐུ་གསུང་ཐུགས་རྟེན་དག་གཏོར་བ་དང་འཚོང་བ་ལས་རྒྱན་ཆར་བྱེད་པ་དང་དེ་དག་ལ་མཛེས་པའི་ལུས་རྒྱན་གྱི་འདུ་ཤེས་འཛིན་མཁན་སུ་ཡང་མེད་དོ། །དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བ་དང་དགུ་བཅུ་བ་ནས་བོད་འདིར་རྒྱན་གོས་ཤོམ་འགྲན་གྱི་སྲོལ་ཞིག་དར་བྱུང་། དེ་ལེགས་ཉེས་ཇི་ལྟར་ཡིན་ཡང་དེའི་ཁྲོད་དུ་རིན་ཐང་ཅན་གྱི་གསེར་སྐུ་ལི་མར་གྲགས་པ་དང་། མཆོད་རྟེན་དང་། ཕུར་བུ་དང་། རྡོར་དྲིལ་སོགས་སྐུ་གསུང་ཐུགས་རྟེན་གྱི་རིགས་མང་བོ་ཞིག་དར་ཐག་ལ་དཔྱངས་ནས་གློ་སྐེད་འཕོངས་བྲང་ལ་སོགས་པའི་རྒྱན་ཆར་བཏགས་ཏེ་ཆེས་འཕྱོར་ཉམས་དང་ཤོམ་ཆེན་དུ་རང་གིས་རློམ་ཞིང་གཞན་གྱིས་བརྩི་བཞིན་འདུག     དེ་ནི་ཆེས་མི་འོས་ཤིང་ངོ་ཚ་བའི་གནས་ཤིག་ཡིན། ང་རང་ཆོས་ལུགས་པ་ཞིག་ཡིན་པའི་ངོས་ནས་སྐུ་གསུང་ཐུགས་རྟེན་རྣམས་དེ་ལྟར་འཕོངས་མགོ་སོགས་ཀྱི་རྒྱན་ཆ་བས་ན་ཉེས་པ་ལྕི་ཞེས་བཤད་ཀྱིན་གཏན་ནས་མེད། དེ་ལྟར་དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་དམིགས་བཤད་ན་དེང་དུས་བོད་མི་ཕལ་མོ་ཆེའི་རྣ་བའི་ལམ་དུ་མི་འགྲོ་བ་བདག་གིས་ཀྱང་ཤེས་པས་དེའི་ཐད་ནས་སྨྲ་འདོད་བག་ལ་ཞ་ནས་ཡོད་དོ། །འོ་ན་ཅི་བཤད་ཀྱིན་ཡོད་ཅེ་ན། མི་རིགས་གཞན་གྱི་མདུན་དུ་ངོ་གནོང་དགོས་པ་ཞིག་དང་། ཆེས་བླུན་རྟགས་ཤིག་སྟོན་གྱིན་ཡོད་པའི་ཕྱིར་ན་དེ་ལྟར་སྐུ་སོགས་རྒྱན་ཆར་འདོགས་པ་མི་ལེགས་ཞེས་སྨྲས་པ་ཡིན་ནོ། །བདག་ལ་ཕྱི་གླིང་བ་འགའ་རེས་ཁྱོད་ཚོ་བོད་ཀྱིས་ལྷ་སྐུ་རྒྱན་ཆ་བྱེད་པ་དེས་ཆོས་ལ་མཐོང་ཆུང་གི་སྣང་ཚུལ་ཞིག་མངོན། ངེད་ཅག་གིས་བོད་དེ་ཆོས་ལྡན་གྱི་ཡུལ་གྲུ་ཞིག་ཏུ་རྩི་བཞིན་ཡོད། འོན་ཀྱང་ཐེ་ན་དང་། འབར་མ། སིངྒ་ལ་རྣམས་ལྟ་བུའི་ཆོས་མཐུན་གྱི་སྲོལ་ཀ་ལེགས་པོ་དེ་མི་འདུག་ཅེས་བཤད་བྱུང་། གཞན་ཡང་རྒྱ་རིགས་འགས་ཁྱོད་ཚོ་བོད་པས་ལྷ་སྐུ་རྒྱན་ཆ་བྱེད་པ་དང་སྐེ་རགས་བརླ་ཐོག་ནས་བཅིངས་པའི་ལུགས་སྲོལ་དེ་ཤིན་ཏུ་བླུན་རྟགས་དང་མིག་ལ་མི་མཛེས་པ་ཞིག་རེད། མི་རིགས་མང་བོ་ཞིག་ཚུལ་དེ་ལ་ཞེན་པ་ལོག་ཅིང་ཧབ་ཆ་རྒྱག་གིན་འདུག་ཟེར། དོན་ལ་ཡང་ཞིབ་ཏུ་དཔྱད་ན་བླུན་རྟགས་དངོས་སུ་འདུག་པས་ཕྱིན་ཆད་ཕྱོགས་འདི་སྤང་ན་ལེགས་སོ། །ད་ལྟ་བན་རྒན་རེ་ཟུང་གིས་ཁྱིམ་པ་ཕོ་མོས་གོས་དམར་བོ་དང་། སེར་བོ་དང་། སྨུག་པོ་སོགས་གྱོན་པ་དང་། མགོ་ལ་སྐྲ་རིང་བོ་འཇོག་པ་དང་། བུད་མེད་ཀྱིས་ལྷམ་མཐིལ་རིང་གྱོན་པ་སོགས་ལ་ཉེས་པ་ལྕི་ཞེས་རྒྱལ་བའི་བཀའ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ནས་མ་བཤད་པའི་རང་བཟོས་ཟོལ་ཆོས་མང་བོ་འཆད་འདུག དེ་བས་སྐུ་གསུང་ཐུགས་རྟེན་རྒྱན་ཆར་འདོགས་པ་ཉེས་པ་ལྕི་ཞེས་བརྗོད་ན་རྒྱལ་བའི་བཀའ་དང་མཐུན་ཞིང་དོན་ལྡན་འོས་འཚམ་ལགས་སོ། །སྔོན་ནས་བོད་ལ་སྐུ་སོགས་མགུལ་སྲུང་དུ་འདོགས་སྲོལ་ཡོད་ཕྱིར་རྒྱན་ཆ་མིན་པར་སྲུང་རྟེན་ཡིན་ཕྱིར་ཁྱོད་འུར་ལངས་མི་དགོས་སོ་ཤེ་ན། རྒྱན་ཆའི་འདུ་ཤེས་ཀྱིས་འཕྱོར་ཆས་སུ་འདོགས་ཀྱིན་ཡོད་པ་ལས་སྲུང་རྟེན་གྱི་འདུ་ཤེས་ཀྱིས་འཆང་གིན་མེད་པ་ནི་དུས་སྟོན་གྱི་སྟེང་དུ་གཡར་བོ་ཚུན་ཆད་ཀྱིས་འཚོལ་བ་ཁོ་ནས་རང་གཞན་ཀུན་ལ་ནམ་ལངས་ཉི་ཤར་ཡིན་པས་མང་དུ་བཤད་ལྟ་ཅི་ཞིག་དགོས། དེས་ན་སྔོན་ཆད་ནས་བོད་ལ་ལྷ་སྐུ་རྒྱན་དུ་འདོགས་སྲོལ་མེད་ལ། གསེར་དངུལ་ཟངས་གསུམ་དང་། གཡུ་བྱུར་བཻཌཱུར་ཡ་དང་། མུ་ཏིག་མུ་མེན་དང་། སྦུག་དང་མརྒད་དང་། མཆོང་དང་སྤོས་ཤེལ་སོགས་རིན་པོ་ཆེ་རྩ་ཆེན་དང་། གཟུ་ཡི་རིགས་སྣ་ཚོགས་བཅས་རྒྱན་ཆ་དང་། དར་ཟབ་སྣ་ཚོགས་ཀྱི་གཟབ་འཕྱོར་སྤྲས་སྲོལ་ཡོད་པ་ལྟར་ད་ལྟ་དེ་དག་འཕྱོར་རྒྱན་དང་ཤོམ་གོས་སུ་བགོ་བཞིན་ཡོད་མོད། ད་ལྟ་ནི་ཚོད་ལས་ཐལ་ཏེ་ཆེ་ཆེས་པ་དང་། སྦོམ་ཆེ་བ་དང་། གྲངས་མང་དུ་ཐལ་ནས་ལྟད་མོ་ལས་འཕ་ཀ་ཆེ་བ་ཞིག་ཏུ་གྱུར་བ་འདི་ཤིན་ཏུ་མི་ལེགས། བོད་ཀྱི་ཁ་སྲོལ་ལ་རྒྱན་དང་རི་མོ་ཕྲ་ན་མཛེས། ཞེས་པ་ལྟར་རྒྱན་ཆ་རྣམས་ཕྲ་ལ་མཛེས་པ་ཞིག་བས་ན་ལེགས་ཀྱི་ཞྭ་མོ་ཙམ་གྱི་དངུལ་རྒྱན་དང་། མི་མགོ་ཙམ་གྱི་མགུལ་རྒྱན་དང་། ཁྱི་འདོགས་ཙམ་གྱི་གསེར་རྒྱན་དང་། ལི་སྐུ་འཕོངས་སྐེད་དུ་སྣར་བ་སོགས་མི་ཆོས་དང་མི་མཐུན་པའི་གསར་སྲོལ་ཡ་མ་ཟུང་དང་། མི་ཚོགས་ཀྱི་དབུས་སུ་མཛེས་མ་གཅེར་བུར་རྒྱུག་པའི་ཕྱི་གླིང་བའི་སྲོལ་ངན་ངོ་ཚ་མེད་པའི་སྤྱོད་པ་ཡ་མ་བརླ་ཡི་རིགས་རྣམས་ཁྱབ་སྤེལ་དུ་གཏོང་བ་ལ་ནི་ལེགས་ཆ་ཏིལ་ཙམ་མེད་པ་ཤེས་རྒྱུ་གལ་ཤིན་ཏུ་ཆེའོ། །མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བསྡུས་པའི་རྒྱའི་ཡིག་ཚང་ལས། བོད་མི་དཔའ་བོ་རྣམས་གསོན་ཚེ་སྟག་གི་པགས་པ་གྱོན། ཤི་ན་དཔའ་བོའི་རྟགས་སུ་དུར་ཁང་ལ་སྟག་དཀར་བོའི་རི་མོ་བྲི་བ་ཡིན། ཞེས་དང་། བཀའ་ཐང་ལས། གཡས་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱ། །ཞེས་གསུངས་པ་ལྟར་སྟག་གཟིག་གི་པགས་པ་སྔོན་བཙན་པོ་རིམ་བྱོན་གྱི་དུས་སུ་དཔའ་བོ་ལ་གནང་བའི་དཔའ་རྟགས་ཀྱི་ཆས་སུ་གསུངས་པ་དང་། ཡང་གོང་གི་ཡིག་ཆ་སྔ་མ་ལས། སྡར་མ་རྣམས་ཀྱི་མགོ་ལ་་མོའི་མཇུག་མ་བཏགས་ཏེ་དམའ་འབེབས། ཞེས་་ཞྭ་ནི་བོད་མིའི་སྡར་ཆས་སུ་བཤད་མོད། གླུད་ཆོག་རྙིང་བ་རྣམས་སུ། ་དམར་ཅོག་ཞྭ་རྨ་སྒྲོའི་ཅོད་པན་མཛེས།།ཞེས་མཛེས་པའི་རྒྱན་གོས་སུ་ཡང་བགྲང་འདུག་པས་རིམ་གྱིས་འཕྱོར་ཆས་སུ་གྱུར་བ་ཡིན་ནམ། ཡིག་ཚང་རེ་ལས་་མོའི་མཇུག་མ་ཞེས་བཤད་པས་་མཇུག་ལས་་ལྤགས་སྡར་ཆས་མ་ཡིན་ཟེར་དགོས་པ་ཨེ་ཡིན་སྙམ་མོ།།དཔའ་རྟགས་དང་སྡར་ཆས་གང་ཡིན་ཡང་གཅནགཟན་རི་དྭགས་ཀྱི་པགས་པ་གོས་སུ་གྱོན་པ་དང་ཁྱད་པར་དུ་པགས་རིགས་ལ་རིན་གོང་ཆེན་པོ་སྤྲད་དེ་མི་ཚེ་དུ་མར་སྒམ་དུ་བཅུག་སྟེ་ཕ་ཚ་བུ་རབས་ཀྱི་སྤྲང་བོའི་ཚེ་གོས་བྱེད་པ་ནི་རྒྱན་གོས་ལ་ལོངས་སྤྱོད་མི་ཤེས་པའི་ངང་ཚུལ་ཡིན་པ་ལས་ཕྱུག་པོའི་ཁྱད་ཆོས་ག་ལ་ཚང་། ཁྱད་པར་དུ་ཤོམ་གོས་ཀྱི་ཆེད་དུ་གཅན་གཟན་རི་དྭགས་ཀྱི་པགས་པ་དོན་དུ་གཉེར་བ་ནི་རང་བྱུང་མཛེས་ལྗོངས་ཀྱི་ཁོར་ཡུག་ལ་གཏོར་བརླག་དང་། འཛམ་གླིང་གི་རི་སྐྱེས་སྲོག་ཆགས་དང་། ཁྱད་པར་དུ་རང་སའི་རི་སྐྱེས་སྲོག་ཆགས་ལ་གནོད་སྐྱེལ་བ་དང་། ཆུ་བོ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རང་བྱུང་ཁོར་ཡུག་ལ་གཏོར་བརླག་དང་། རྒྱལ་སྤྱི་ནང་གི་སྲུང་སྐྱོབ་རིམ་པ་དང་བོ་དང་འབྲིང་གི་རི་སྐྱེས་སྲོག་ཆགས་གསོད་པའི་ཉེས་ཆེན་བསགས་པ་དང་། མེས་རྒྱལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་རྩཁྲིམས་སྣང་མེད་བྱས་པ་ལས་མ་འདས་ཤིང་། དེ་བཞིན་དུ་མེད་ཀྱང་ཡོད་རློམ་གྱིས་རྒྱན་མང་གཡར་ཏེ་ཤོམ་གོས་སུ་འདོག་པ་ནི་མིས་འཕ་རང་སྡུག་གི་ལས་ཁོ་ན་ལས་གཞན་མིན་ཕྱིར་དགའ་སྟོན་དང་འཕྱོར་ཆས་སུ་མི་འཚམ་པའི་གོས་དེ་དག་ངེས་པར་དུ་སྤང་དགོས་སོ། །དེས་ན་བོད་རང་སྲོལ་གྱི་འོས་འཚམ་གྱི་རྒྱན་ཆ་ལ་གསར་གཏོད་ཀྱི་མཛེས་ཆ་བསྣན་ཏེ་བོད་རང་གི་ཐུན་མིན་གྱི་གོས་རྒྱན་ཞིག་བགོ་བ་ནི་ཤིན་ཏུ་གལ་ཆེན་པོར་མཐོང་བས་དེ་དེ་བཞིན་དུ་མཛད་པར་འཚལ་ལོ། །བོད་མིའི་རྒྱན་གོས་པད་ཚལ་མཛེས། །འཆོལ་རྒྱན་གཉིས་འཐུང་སྨྱོས་པའི་སྣས། །གཞོམ་པ་མ་བཟོད་ཟིལ་བ་ཙམ། །འདི་རུ་སྨྲས་པ་དོན་ཡོད་ཤོག།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060