གནས་ཡུལ། མདུན་ངོས། གློག་བརྙན།
 
 
༄༅།། རླབས་ཆེ་བའི་ཞི་བ་དང་དལ་བ།
སྤེལ་དུས།2014-09-23   ཡོང་ཁུངས་།   རྩོམ་པ་པོ། ཧ་སིན། རིན་ཆེན་གྱིས་བསྒྲིགས།

པད་མ་ཚེ་བརྟན་གྱི་རླབས་ཆེ་བའི་ཞི་བ་དང་དལ་བ།

        པད་མ་ཚེ་བརྟན་གླེང་དུས། ཕལ་ཆེར་མི་རྣམས་ལ་ཆ་མེད་རྒྱུས་མེད་ཀྱི་སྣང་བ་ཡོད་མི་སྲིད། བོད་དང་བོད་ཀྱི་རིག་གནས། ཡང་ན་གློག་བརྙན་ལ་དོ་སྣང་ཡོད་མཁན་གྱི་མི་ཚོས་གསེར་བྱ་རྟགས་ཅན་གྱི་བྱ་དགའ་ཚུད་པའི་རྒྱལ་ཁབ་ཕྱི་ནང་གཉི་ག་ནས་གློག་བརྙན་བྱ་དགའ་མང་པོ་བླངས་མྱོང་བའིལྷིང་འཇགས་ཀྱི་མ་ཎི་རྡོ་འབུམལ་གསལ་ཆ་ཡོད་ངེས། རེད་དེ། ངས་བཤད་ན་འདོད་པའང་གློག་བརྙནལྷིང་འཇགས་ཀྱི་མ་ཎི་རྡོ་འབུམགྱི་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ཡིན།
       
པད་མ་ཚེ་བརྟན་ཐོག་མར་ངོ་ཤེས་དུས་ནི་ལུའུ་ཞུན་རྩོམ་རིག་སློབ་གླིང་གི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལོ་ཙྭ་མཁན་གྱི་ཚད་མཐོའི་བགྲོ་གླེང་གི་སྐབས་དེར་ཡིན། ངས་ངོ་ཤེས་པའི་ཁོ་ནི་ཁུ་སིམ་མེར་རང་ཉིད་མོས་པའི་གློག་བརྙན་གང་ཞིག་ཕབ་པར་སྤྲོ་ཞིང་། ལྷོད་ལྷོད་ངང་རང་ཉིད་ཀྱི་སྒྲུང་གཏམ་རྗེས་མར་བློས་བསླངས་བྱེད་བཞིན་མཆིས། དེར་མ་ཟད་ཁོས་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྐད་ཁོངས་ལ་རྩད་ཞིབ་བྱས་ཏེ་རང་ཉིད་ཀྱི་ལོ་ཙྭའི་ཁ་ཕྱོགས་ཐག་གཅོད་ཅིང་རིམ་བཞིན་ལྟད་མོ་བ་དང་ཀློག་མཁན་མང་པོ་ཞིག་གི་གདེང་འཇོག་ཚད་མེད་ཐོབ། ཁོ་ནི་ཁུ་སིམ་མེར་གནས་པའི་མི་ཞིག་རེད། སྨྲ་བ་ཉུང་ཞིང་དལ་ལ་སྐད་གདངས་འཇམ་པ་ནི་བྱིའུ་གང་ཞིག་དཀྲོག་འགྲོ་བར་དོགས་པ་དང་འདྲ།
       
ད་ལོའི་དཔྱིད་འགོར། ངས་པད་མ་ཚེ་བརྟན་གྱིས་བསྒྱུར་བའི་སྒྲུང་གཏམ་རབས་དང་རིམ་པ་བཀླགས་མྱོང་། བསྒྱུར་རྩོམ་དེ་ཚོའི་ཚིག་ཤུལ་དུ་བསྒྱུར་བའི་ཤུལ་ཅི་ཡང་མི་སྣང་པར་རིག་གནས་གཞན་གང་དེའི་ཉིང་བཅུད་རང་སོར་ལུས་འདུག པད་མ་ཚེ་བརྟན་གྱིས་བསྒྱུར་བའི་སྒྲུང་གཏམ་བཀླགས་ཤིང་ཁོའི་གློག་བརྙན་ལ་ལྟ་སྐབས། ངའི་འདུ་ཤེས་ཀྱི་ནང་བག་ལ་ཉལ་བའི་ཆོས་ལུགས་དང་སྙན་ངག་ལྟ་བུའི་བོད་ལྗོངས་དེ་སྔར་ལས་ཀྱང་བདེན་པ་བདེན་ཐུབ་ཀྱི་འཚོ་བ་དངོས་ཁྲོད་ཀྱི་བོད་ལྗོངས་ཤིག་ཏུ་ཆེ་ནས་ཆེ་རུ་བསྐྱེད།
       
ངས་བསམ་ན། པད་མ་ཚེ་བརྟན་གྱི་ཕུགས་བསམ་ཡང་འདི་ན་འདུག་པར་སྙམ།
       
ཁོས་བྱ་ཐབས་སྣ་ཚོགས་ཤིག་འཐེན་ནས་བོད་དང་བོད་ཀྱི་རིག་གནས་ཀྱི་རང་བཞིན་ངོ་མ་དེ་ཕྱིར་མངོན་པར་བརྩོན།
       
རྒྱུ་མཚན་ནི་ངག་རྒྱུན་ཁྲོད་ཀྱི་བོད་ལྗོངས་དེ་གཞན་ཚོའི་སྣང་ངོར་གསང་བ་ལྐོག་གྱུར་ཞིག་ཏུ་སྣང་སྟེ། ལ་ཤས་ཀྱིས་ཁོ་མོ་ལྷ་ཡི་རྣམ་སྤྲུལ་དུ་བཟོ་ཞིང་ལ་ཤས་ཀྱིས་ཁོ་མོར་བཀའ་ལོག་བྱེད། འོན་ཀྱང་གཞན་མིས་ཇི་ལྟར་བློ་བཟོ་བྱས་ཀྱང་བོད་ལྗོངས་སྔར་བཞིན་བོད་ལྗོངས་ཡིན། གནས་དེ་ཡི་འཚོ་བ་གཞན་ཡུལ་གྱི་འཚོ་བ་དང་མི་འདྲ་བ་ཆེར་མེད་ལ། གནས་དེ་ཡི་མི་རྣམས་ཀྱང་སའི་གོ་ལའི་སྟེང་གི་ཡུལ་གྲུ་གང་གི་མི་རྣམས་དང་འདྲ་བར་ཡོད་ཅིང་། ཉི་མ་ནུབ་པ་དང་ཟླ་བ་ཤར་བའི་ཁྲོད་ནས་ཟས་གོས་གནས་མལ་བསྐྲུན་པ་དང་། ད་དུང་མི་ཚེའི་སྐྱེ་རྒ་ན་འཆི་ཡང་གཅིག་པ་གཅིག་རྐྱང་དུ་ཆགས་ཡོད། འདི་ཡི་སྐོར་ལ་རྩོམ་མཁན་ཧྥུན་ལིང་ན་རེ། མི་འདྲ་བ་གཅིག་ཡོད་པ་དེ་ནི་གནས་དེ་ན་འཚོ་བའི་མིས་ཚུལ་འཆོས་གསོབ་གསོབ་མི་བྱེད་པ་དེ་རེད།
       
པད་མ་ཚེ་བརྟན་གྱིས་གློག་བརྙན་གྱི་བྱེད་ཐབས་བེད་སྤྱོད་པ་དང་མཉམ་དུ་རང་ཉིད་ཀྱི་རྩོམ་རིག་གསར་རྩོམ་དང་སྐད་གཉིས་ལོ་ཙྭ་ཡི་ནུས་པ་ལ་བརྟེན་ནས་གནས་དེ་ཡི་ཕལ་བའི་མི་རྣམས་ཀྱི་རྣམ་དག་གི་འཚོ་བ་དང་གངས་རིའི་ལྗོངས་ཀྱི་དད་པའི་འོད་ཟེར་དེ་བོད་ལ་གསལ་ཆ་མེད་པའི་མི་ཚོར་བོད་ཀྱི་འཚོ་བ་དངོས་ཁྲོད་ཀྱི་བྱ་བ་ཕྲན་ཚེགས་དེ་རིགས་བརྗོད་ཀྱིན་ཡོད་དེ། དེ་ཡི་ནང་དུ་གནས་དེའི་ཞི་གནས་དང་དལ་ལྷོད་ཀྱང་འདུས་ཡོད།
       
ཕྱི་དྲོ་ཞིག་གི་རིང་ལ། པད་མ་ཚེ་བརྟན་ངེད་གཉིས་ཀྱིས་རྩོམ་རིག་ལོ་ཙྭའི་སྐོར་ནས་ཁ་བརྡ་བྱས་པ་ཡིན།
       
དལ་བ།
       
"སྨུག་ནག་གི་ཁ་དོག་ལ་ཟངས་མདོག་དང་ལྡན་པའི་སྲ་མཁྲེགས་ཀྱི་རང་བཞིན་ཞིག་མངོན་འདུག་ཅིང་། བྱ་བྱེད་ཀྱི་དལ་ལྷོད་ལ་ལོ་ཟླའི་བདེ་སྣང་ཞིག་འདུག  ངས་ང་དང་ཆེས་ཐག་ཉེ་བའི་ཚིག་ཚོགས་དེ་ཚོ་ཐོས་ཡོང་ལ་དྭངས་ཤིང་གསལ་བའི་ཆུ་ཕྲན་གྱི་བཞུར་རྒྱུན་འདྲ་བའམ་བྲག་རྡོ་བཞིན་བརྟན་ཞིང་བརླིང་བའི་སྐད་ཆ་སྟེ་ངའི་ཕ་སྐད་ཧ་ཅང་ཆ་ཡོད་རྒྱུས་ཡོད་པའི་ངང་ངའི་ཕྱོགས་སུ་སླེབས་བྱུང་། སྐབས་དེར་ང་ཡོངས་སུ་དངངས་སོང་། འདི་ནི་ང་དང་ང་འདྲ་བའི་རིགས་རྒྱུད་འདིའི་བུ་བུ་མོ་ཐམས་ཅད་ཀྱིས་མཐོང་མྱོང་པ་ བཞིན་ཕ་སྐད་ཀྱིས་ཞིབ་བརྗོད་བྱེད་པའི་གློག་བརྙན་ཐོག་མ་དེ་ཡིན། མ་ཟད་འདི་ནི་ཀྲུང་གོའི་ལོ་བརྒྱའི་གློག་བརྙན་བཞུད་ལམ་རིང་མོའི་ཁྲོད་སྒུག་ སྒུག་མཐར་ཏག་ཏག་ལོ་ངོ་བརྒྱ་ལ་སྒུག་དགོས་བྱུང་བ་ཞིག་རེད།" འདི་ནི་པད་མ་ཚེ་བརྟན་གྱིས་གློག་བརྙནརྩྭ་ཐངཔད་མ་ཚེ་བརྟན་གྱི་སྒྲུང་གཏམརྩྭ་ཐངགློག་བརྙན་དུ་བཅོས་པ།ལ་སྤེལ་བའི་དཔྱད་གཏམ་རེད། རྩོམ་པ་པོས་བཤད་རྒྱུར། བརྙན་ཐུང་འདི་བརྒྱུད་ནས་ཁོས་པད་མ་ཚེ་བརྟན་གྱི་གློག་བརྙན་འཇིག་རྟེན་ལ་མཐའ་མེད་པ་ཤེས་བྱུང་ཟེར།
       
པད་མ་ཚེ་བརྟན་གྱི་གློག་བརྙན་ལེན་ཤེལ་དང་རྩོམ་རིག་གི་སྐད་ཆའི་ཁྲོད་ནས་བོད་ ལྗོངས་ཀྱི་ཁྱད་ཆོས་གཞན་ཞིག་མཐོང་ཐུབ་པའི་ཚིག་ཅིག་ཡོད་དེ། དེ་ནི་དལ་བ་ཡིན།
       
དལ་བ། འདི་ནི་དམིགས་བསལ་གྱི་ཚིག་ཅིག་ཡིན་པ་སྨྲས་མ་དགོས་ཏེ། ལྷག་པར་དུ་གང་ཡིན་ནའང་མྱུར་ཚད་དང་མགྱོགས་ཚད་རྩོད་པའི་ལོ་རབས་འདིར་བཤད་མ་དགོས།
       
ཕ་མཐའ་མི་མངོན་པའི་རྒྱང་རིང་གི་གནམ་མཐའི་མཚམས་ཀྱི་རྩྭ་ཐང་ཡངས་པོ་ནས་ནག་ཡོར་ཡོར་གཉིས་རིམ་བཞིན་ཚུར་ལ་ཕྱོགས་ཡོང་སྐབས། དེ་ནི་དོན་དམ་ཅི་ཞིག་ཡིན་སྙམ་པའི་སེམས་འཚབ་དང་ཚོད་དཔག་ཅི་རིགས། བོད་ཀྱི་སྙན་ཞིང་འཇེབས་པའི་རྫི་གླུ་རྩྭ་ཐང་ཡངས་པོ་ནས་རིམ་གྱིས་མཆེད་སྐབས། ཁྱོད་ཀྱི་ནང་སེམས་གླུ་སྐད་དང་བསྡེབས་ནས་རྒྱང་ནས་རྒྱང་ལ་མཆེད་བཞིན་ཁོག་རྒྱ་ཡངས་པོར་ཕྱེ་པ།
        བོད་ཀྱི་དལ་ཞིང་ལྷོད་པ་དང་དལ་ཞིང་ལྷོད་པའི་བོད་ཚང་མ་རླབས་ཆེ་བ་ཡིན་ཏེ། ལྷབ་ལྷུབ་བསྐྱོད་པའི་དར་ལྕོག་དང་བར་མེད་དུ་འཁོར་གིན་པའི་མ་ཎི་འཁོར་ལོ། ལྷབ་ལྷབ་འབར་བའི་མཆོད་མེ། བསང་དུ་ལང་ལོང་། ཆོས་སྐད་ལྷང་ལྷིང་། གར་དུ་རྩེན་པའི་རླུང་རྟ། མ་ཟད་ད་དུང་གནས་དེ་རུ་ངལ་གསོ་དང་ངལ་རྩོལ། འཛོམས་པ་དང་བྲལ་བ། སྐྱེ་འཆིའི་འཁོར་སྐྱོད་བྱེད་ཀྱིན་པའི་མི་ཚོ་་་་་་་་་་་་པད་མ་ཚེ་བརྟན་གྱི་སྒྲུང་གཏམ་དང་རྩོམ་རིག་ལོ་ཙྭ། གློག་བརྙན་བཅས་རིགས་གསུམ་གྱི་བརྩམས་ཆོས་ནང་དལ་དལ་དང་ལྷོད་ལྷོད་ངང་ཀློག་པ་པོ་དང་ལྟད་མོ་བ་ཚོའི་མིག་མདུན་དུ་རྒྱན་མེད་སྤྲོས་བྲལ་ངང་བཤམས་འདུག
       
འཚོལ།
       
པད་མ་ཚེ་བརྟན་དང་ཁ་བརྡ་བྱས་པའི་ཕྱི་དྲོ་དེར། གློག་བརྙན་གྱི་འཁྲབ་གཞུང་རྩོམ་མཁན་ཚེ་རིང་དོན་འགྲུབ་ཀྱང་ཡོད། པད་མ་ཚེ་བརྟན་ལས་ཚེ་རིང་དོན་འགྲུབ་བཤད་ལ་དགའ་ཞིང་ཁོ་པད་མ་ཚེ་བརྟན་གྱི་ལོ་ངོ་ཉི་ཤུའི་རིང་གི་གྲོགས་པོ་ཡིན་པའི་ཆ་ནས་པད་མའི་སྐོར་ལ་པད་མ་རང་ལས་ཀྱང་ཞིབ་ཚེགས་ཆེ་བ་འདུག
       
གོ་རིམ་ལྡོག་ཏེ་བརྗོད་པ་ནི་དལ་ཞིང་ལྷོད་ལ། གོ་རིམ་ལྡོག་ཏེ་བརྗོད་པའི་དལ་ལྷོད་ཀྱི་ཁྲོད་ནས་པད་མ་ཚེ་བརྟན་འཚར་ལོངས་བྱུང་བའི་བརྒྱུད་རིམ་དེ་གློག་བརྙན་ཞིག་དང་འདྲ་བར་ངའི་མིག་ལམ་དུ་དལ་གྱིས་བཤམས་ཡོང་།
       
པད་མ་ཚེ་བརྟན་གྱི་ཕ་ཡུལ་ནི་མཚོ་སྔོན་ཨ་མདོའི་བོད་རིགས་ས་ཁུལ་རྨ་ལི་མའི་འགྲམ་གྱི་རོང་མ་འབྲོག་གི་གྲོང་སྡེ་ཞིག་རེད། ཁོ་སློབ་ཆུང་འགྲིམ་དུས་རྒྱལ་ཁབ་ཀྱི་ཆུ་གློག་ས་ཚིགས་ལས་ཁུངས་ཞིག་ཁོ་ཚོའི་སྡེ་བའི་ནང་དུ་ཡོད་ལ་སྔོན་ཙ་ན་ལས་སྣ་པ་བརྒྱ་སྐོར་ལྷག་ཙམ་ཡོང་ནས་ཆུ་གློག་ས་ཚིགས་ཞིག་ཞིག་གསོ་བྱེད་ཀྱིན་ཡོད། ཁོ་ཚོས་ཚོགས་ཁང་བསྐྲུན་ཡོད་ཅིང་རྒྱུན་དུ་གློག་བརྙན་སྟོན་གིན་ཡོད། རྒྱལ་ནང་ནས་ཐོན་པའི་གློག་བརྙན་ལས་གཞན་ད་དུང་ཕྱིའི་གློག་བརྙན་ཁ་ཤས་ཀྱང་མཐོང་ཐུབ་ཀྱིན་ཡོད་དེ་དཔེར་ན་ཆ་ཕི་ལིན་གྱིདེང་གི་དུས་རབས[1]དངབོའུ་རྙིང་བ[2] Zorro [3]སོགས། གང་ལྟར་གློག་བརྙན་གྱིས་ཆུང་དུས་ཀྱི་པད་མ་ལ་ཕྱིའི་ཆ་འཕྲིན་དང་སྒྱུ་རྩལ་གྱི་ཆ་འཕྲིན་མང་པོ་ཞིག་བྱིན།
       
1987ལོར་པད་མ་ཚེ་བརྟན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་རྗེས། ཕ་ཡུལ་ནས་ལོ་ངོ་བཞི་ལ་སློབ་ཆུང་གི་དགེ་རྒན་བྱས། སྐབས་དེར་ཁོས་རང་ཉིད་ཀྱི་ཕུགས་འདུན་རྙེད་ཡོད་པ་མ་ཟད་མི་རིགས་ཀྱི་འགན་འཁྲི་ལྕི་མོ་ཞིག་འགོག་མེད་དུ་རྒྱུད་ལ་སྐྱེས་པས། ཁོས་ཧ་ཅང་གཏིང་ཟབ་ཅིང་འཐུས་སྒོ་ཚང་བའི་ངང་རང་མི་རིགས་ཀྱི་རིག་གནས་བསླབ་ནས་དེ་རྒྱུད་འཛིན་བྱས་ན་སྙམ། 1991ལོར་ནུབ་བྱང་མི་རིགས་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ལ་རྒྱུགས་འཕྲོད་པས་རེ་བ་ཡིད་བཞིན་དུ་འགྲུབ། ཆེད་ལས་དེར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཟེར་ཡང་དོན་ལ་ཅུང་རྙོག་དྲ་ཆེ་སྟེ་བོད་རིག་པ་དང་འབྲེལ་བའི་རྨང་གཞིའི་སྐོར་ཡོད་ཚད་པོ་སྦྱང་དགོས། བོད་ཁུལ་ཀྱི་སྐད་ཡིག་དང་རྩོམ་རིག་གི་ཆེད་ལས་དེ་ནང་ལོགས་ས་ཁུལ་གྱི་སྐད་ཡིག་དང་རྩོམ་རིག་གི་ཆེད་ལས་དང་ཅུང་མ་འདྲ་བ་ཡོད་དེ། ནང་ལོགས་ས་ཁུལ་དུ་གནའ་བོའི་རྩོམ་རིག་དང་ཉེ་རབས་རྩོམ་རིག དེང་རབས་རྩོམ་རིག་བཅས་དབྱེ་བ་ཅུང་གསལ་བོ་ཡོད་ཅིང་ཞིབ་ཕྲ་བྱས་ནས་རྩོམ་རིག་ཕྱོགས་ཀྱི་བློ་སྦྱོང་ལ་གཙིགས་ཆེན་བྱེད། བོད་ཁུལ་དུ་ཆེད་ལས་འདི་མ་གཏོགས་རིག་ཚན་ཕྱོགས་ལ་ཕལ་ཆེར་ཆེད་ལས་རིགས་གཞན་ཆེར་མེད། དེ་བས་རྩོམ་རིག་དང་ལོ་རྒྱུུས། སྐད་བརྡ། ཆོས་ལུགས། ཐ་ན་གནམ་རིག་སྐར་རྩིས་སོགས་ཀྱང་སྦྱོང་དགོས་ལ་ཚན་ཁག་མང་ཆེ་ཤོས་ཆེད་ལས་འདིར་བརྟེན་ནས་རྒྱུད་འཛིན་བྱེད་དགོས་པར་ཐུག་ཡོད། ཏག་ཏག་སྐབས་དེ་དུས་ཁོས་ད་གཟོད་རྩོམ་རིག་གསར་རྩོམ་དང་རྩོམ་རིག་ཡིག་བསྒྱུར་སྐོར་འགོ་བརྩམས་པ་རེད།
       
ཚེ་རིང་དོན་གྲུབ་ཀྱིས་པད་མ་ཚེ་བརྟན་ནམ་ཡིན་ཡང་མི་རིགས་འདིའི་ན་གཞོན་ཚོའི་མདུན་གྲལ་དུ་སྐྱོད་བཞིན་ཡོད་ཟེར། སྐབས་དེར་པད་མ་ཚེ་བརྟན་ལོགས་ཤིག་ན་བཙོག་ཡོད་ཅིང་དགོད་ཀྱིན་ཅི་ཡང་མི་སྨྲ། དེ་ནི་ཁོའི་གྲོགས་པོས་གླེང་བཞིན་པ་ནི་ཁོ་མ་ཡིན་པར་གཞན་ཞིག་ཡིན་པ་དང་འདྲ། ཁོ་ཁེངས་སྐྱུང་བྱེད་རྒྱུར་དགའ་ཞིང་ཞི་དུལ་བག་ཡོད་དང་། གཞན་ལ་ངོམས་པ་མེད་པར་ཚོད་ཐིག་པ་ཞིག་འདུག  འདི་ཡང་བོད་མི་སྤྱི་ལ་ཡོད་པའི་ཐུན་མོང་གི་གཤིས་ཀ་ཅི་ལ་མིན།
       
2000ལོར། པད་མ་ཚེ་བརྟན་གྱིས་ཁུལ་སྲིད་གཞུང་གི་གཞུང་ཞབས་པའི་ལས་གནས་བསྐྱུར་ཏེ་ཡང་བསྐྱར་ཐོས་པ་འཚོལ་བའི་ལམ་དུ་ཞུགས། ཁོས་རང་ཉིད་ཀྱི་མ་ཡུམ་སློབ་གྲྭའི་ནང་རྒྱུགས་འཕྲོད་ཅིང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་ཡིག་བསྒྱུར་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་ཞིག་ཏུ་གྱུར། དེ་ཡང་དཔོན་ས་བསྙེག་རྒྱུ་ནི་ཁོའི་ཕུགས་བསམ་མ་ཡིན་པས་རེད། སྐབས་དེ་དུས་ཀྱི་པད་མ་ཚེ་བརྟན་ནི་ཡིག་རིགས་གཉིས་ཀྱི་སྟེང་ནས་གསར་རྩོམ་དང་ལོ་ཙྭ་བྱེད་མཁས་པའི་ན་གཞོན་འཇོན་ཐང་ཅན་ཞིག་སྟེ། ཁོའི་བརྩམས་ཆོསགངསདངབསླུ་བྲིདསོགས་ཀྱི་སྒྲུང་གཏམམི་རིགས་རྩོམ་རིགདང་བོད་ལྗོངས་རྩོམ་རིགལྗང་མྱུག》《 སྦྲང་ཆར》《གངས་རྒྱན་མེ་ཏོགསོགས་ཀྱི་ཚགས་ཤོག་སྟེང་བཀོད་དེ་བསྟུད་མར་རྒྱལ་ནང་ནས་རྩོམ་རིག་གི་བྱ་དགའ་བླངས་མྱོང་།
       
རྩོམ་རིག་དང་གློག་བརྙན་བར་ལ་ནང་གནས་ཀྱི་འབྲེལ་བ་ངེས་ཅན་ཞིག་ཡོད་ཁོ་ཐག་ཡིན། རྩོམ་རིག་གི་རྒྱུ་སྤུན་ལ་བརྟེན་ནས་རིམ་བཞིན་གློག་བརྙན་གྱི་དབེན་གནས་འགྲིམ། རྗེས་སུ་ཁོ་རང་པེ་ཅིན་གློག་བརྙན་སློབ་གླིང་དུ་བསྐྱོད་ནས་ཁོའི་གློག་བརྙན་གྱི་མི་ཚེའི་ལམ་བུ་འགོ་བརྩམས།
       
2002ལོར་ཁོས་གློག་བརྙན་གྱི་འཁྲབ་གཞུང་རྩོམ་སྒྲིག་དང་འཁྲབ་ཁྲིད་ཀྱི་ལས་ཀ་གཉེར་འགོ་ཚུགས་ཏེ་རྩོམ་སྒྲིག་འཁྲབ་ཁྲིད་གནང་པའི་བརྙན་ཐུང་ཐོག་མལྷིང་འཇགས་ཀྱི་མ་ཎི་རྡོ་འབུམལ་སློབ་གྲྭ་ཆེན་མོའི་གློག་བརྙན་དུས་ཆེན་གྱི་བརྙན་ཐུང་འགྲན་ཞུགས་སྡེ་ནས་བྱ་དགའ་ཐོབ་རྗེས་པད་མ་ཚེ་བརྟན་ལ་བསྟུད་མར་བྱ་དགའ་མི་ཉུང་པ་ཞིག་ཐོབ།
       
པད་མ་ཚེ་བརྟན་གློག་བརྙན་ཕབ་བསྐྲུན་པ་ཞིག་ཡིན་པའི་ཆ་ནས་དང་མའི་དགའ་བ་དེ་མ་ལྷོད་པར་འདུག  ཁོས་བོད་མི་རིགས་ཀྱི་འཚོ་བ་ལྐོག་གྱུར་ཅན་དུ་གཏོང་མི་འདོད་པར་ཆེས་སྤྱིར་བཏང་དང་ཕལ་བའི་མིག་གིས་བོད་མི་རིགས་ཀྱི་ཤེས་རིག་མི་ཚོའི་གཟིགས་མོར་བཤམ་ན་སྙམ། ཁོས་བཤད་རྒྱུར། མིག་སྔར་གྲངས་ཉུང་མི་རིགས་བརྗོད་བྱ་བྱས་པའི་གློག་བརྙན་མང་ཤོས་ཤིག་ཕྱི་ཤུན་ཙམ་ལས་ནང་སྙིང་ཅུང་སྟོང་བར་འདུག་ཅིང་། མི་རིགས་གང་དེའི་རིག་གནས་ཀྱི་མཐོང་སྣེ་སྤྱད་པ་ཉུང་ལ་མཛེས་འཛིན་ཀྱི་ལྟ་བའི་ཐོག་ནས་ཀྱང་ཁྱད་གསོད་རིགས་ཤིག་རང་ཤུགས་ཀྱིས་ཐོན་ནས་ཡོད། ཁོས་སྣང་ཚུལ་འདི་རིགས་ཀྱིས་ཕྱིའི་རྣམ་པར་དོ་སྣང་བྱས་པ་ཙམ་ལས་ནང་སྙིང་ལ་གོ་བ་གཏིང་ཟབ་ཆགས་མེད་པར་འདོད་ཅིང་དེ་ནི་ཡལ་ག་དང་ལོ་མ་མཐོང་བ་ལས་དེའི་རྩ་བ་མ་མཐོང་དང་འདྲ། དེ་བས་གྲངས་ཉུང་མི་རིགས་ལ་སོ་སོ་རང་རང་གི་རྩོམ་པ་པོ་དང་འཁྲབ་ཁྲིད་པ། ལོ་ཙྭ་བ་དགོས་གལ་ཆེ་ཞིང་མི་རིགས་གང་དེའི་རིག་གནས་དང་ཁ་བྲལ་ཡ་བྲལ་དུ་མ་སོང་པའི་མཐོང་སྣང་ཞིག་གིས་ཞིབ་ལྟ་བྱེད་དགོས་པར་འདོད།
       
དེའི་རྗེས་ཏག་ཏག་ལ་པད་མ་ཚེ་བརྟན་གྱིས་འཁྲབ་གཞུང་རྩོམ་སྒྲིག་དང་འཁྲབ་ཁྲིད་གནང་པའི་གློག་བརྙནའཚོལཞེས་པ་ལ་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བཅུ་གཉིས་པའི་སྟེང་གསེར་ཕོར་རྟགས་ཅན་དང་དཔྱད་འདེམས་པའི་བྱ་དགའ་ཆེན་མོ་ཐོབ། གློག་བརྙན་འདི་གོ་བདེ་མོ་ཡོད་དེ་འཁྲབ་ཁྲིད་པས་དྲི་མེད་ཀུན་ལྡན་གྱི་འཁྲབ་སྟོན་པ་འཚོལ་བ་དང་བུ་མོས་གས་ཆག་ཤོར་བའི་བརྩེ་དུང་འཚོལ་བའི་གཏམ་རྒྱུད་ཅིག་རེད། གློག་བརྙན་ནང་གི་ཡིད་དུ་འོང་པའི་བུ་མོ་དེས་མགོ་ནས་མཇུག་བར་མགོ་དཀྲིས་དམར་པོ་དེ་དཀྲིས་ནས་ངོ་གདོང་ངོ་མ་དེ་ཕྱི་ལ་མ་བསྟན། ལམ་བར་ནས་ཁོ་མོས་འཁྲབ་ཁྲིད་པ་དང་མཉམ་དུ་སྤྱིན་བདག་གིས་རང་ཉིད་ཀྱི་བརྩེ་དུང་གི་གཏམ་རྒྱུད་ལྷུག་བརྗོད་བྱས་པ་ལ་ཉན་རྗེས་རིམ་བཞིན་རང་སེམས་ཀྱི་མདུད་རྒྱ་ཡོངས་སུ་གྲོལ་ཞིང་མཇུག་མཐར་རང་ཉིད་རྙེད་ཅིང་རྙིང་སོང་གི་བརྩེ་དུངས་དེ་དང་རིང་དུ་བྲལ། དེར་མ་ཟད་འཁྲབ་ཁྲིད་པ་དང་མི་གཞན་སོ་སོ་ལའང་བློ་བསྐྱེད་གསར་པ་རེ་ཐོབ། ལམ་འདི་ནི་བརྩེ་དུང་འཚོལ་བའི་ལམ་ཞིག་དང་ལམ་འདི་ནི་བདག་ཉིད་འཚོལ་བའི་ལམ་ཞིག ལྷག་པར་དུ་འདི་ནི་དེང་རབས་རིག་གནས་དང་སྲོལ་རྒྱུན་རིག་གནས་ཀྱི་འགལ་འདུའི་ཁྲོད་ནས་བོད་ལ་ངེས་པར་དུ་ཡོད་འོས་པའི་གཉུག་གཤིས་འཚོལ་བའི་ལམ་ཞིག
       
གང་ལྟར་ཀྱང་། གློག་བརྙན་འདིའི་དོན་སྙིང་ངམ་ཡང་ན་པད་མ་ཚེ་བརྟན་གྱི་མི་ཚེའི་དོན་སྙིང་སྟེང་ནས་བཤད་ནའང་། འཚོལ་ནི་རྟག་བརྟན་འགྱུར་མེད་ཀྱི་བརྗོད་གཞི་གཅིག་པོ་དེ་ཡིན། འཚོ་བ་ནི་སྔར་བཞིན་དུ་རོལ་ཞིང་འཚོལ་བ་ལའང་མཐའ་མེད་དོ།།
       
རྩོམ་རིག་ལོ་ཙྭ་མཁན་ནམ་རྩོམ་རིག་གསར་རྩོམ་མཁན་པད་མ་ཚེ་བརྟན། ཡང་ན་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པའི་རབས་དྲུག་པའི་མཚོན་བྱེད་མི་སྣ་ཞིག་ཡིན་པའི་པད་མ་ཚེ་བརྟན་དང་བོད་ལ་མཚོན་ནས་བཤད་ན། ང་རང་ཉིད་ད་དུང་མགོ་མ་འཚོས་པའི་གཞན་མི་ཞིག་ཡིན། སྐབས་འདིའི་ངའི་སྨྲ་བརྗོད་བྱ་སྤུ་བཞིན་ཡང་དྲགས་པས་རླུང་གིས་འཁུར་བཞིན་ཡོད་དེ། ཞི་འཇགས་དང་དལ་ལྷོད་ཀྱི་རང་དབང་དང་ཚོད་འཛིན་ལ་གོ་ནོར་ཐེབས་འགྲོ་བར་སྐྲག་ཅིང་འཚོལ་སྙེག་གི་ལམ་བར་དུ་དཀའ་སྡུག་དང་སྲུང་འཛིན་ལ་གོ་ནོར་ཐེབས་འགྲོ་བར་དེ་བས་སྐྲག
       
འདི་ནས།  ངས་ཁུ་སིམ་མེར་བོད་ལ་སྨོན་ལམ་རྒྱག་ཅིང་པད་མ་ཚེ་བརྟན་གྱི་འཚོལ་སྙེག་གི་ལམ་བུར་མཐའ་མེད་པའི་བཀྲ་ཤིས་སྨོན་ལམ་ཞུ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005