གནས་ཡུལ། མདུན་ངོས། མཛའ་གཞས།
 
 
༄༅།།ལ་གཞས།
སྤེལ་དུས།2008-07-07   ཡོང་ཁུངས་།《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསལ་འདྲེན་པའི་སྐྱ་རེངས་ཞེས་བྱ་བ།།》    རྩོམ་པ་པོ། འབའ་སྟོད་པདྨ་དབང་རྒྱལ། བཅུད་རྫ་གཡང་མོ་སྐྱིད།

   ལ་གཞས་ནི་སྡེ་བའམ་ཁྱིམ་ཚང་ལས་རིང་དུ་གྱེས་པའི་རི་མགོ་དང་གཞོན་ནུ་ཕོ་མོ་འཚོགས་སར་སྐད་ངག་འགྱུར་ཁུགས་ཀྱི་དབྱངས་ལ་དྲངས་ནས་གཞོན་ནུ་ཕོ་མོའི་བརྩེ་དུངས་བརྗོད་པའི་ཚིགས་བཅད་བརྩམས་ཆོས་ཤིག་ལ་བྱ་ཞིང་།  དེ་ནི་ཕོ་མོའི་བརྩེ་དུངས་མཚོན་པའི་སྐད་ཆའི་སྒྱུ་རྩལ་གྱི་ཐབས་ལམ་ཞིག་ཡིན་ལ། ཕོ་མོའི་ཞེ་སྣང་བ་མཐུན་བྱེད་ཀྱི་ཟམ་པ་ཞིག་ཀྱང་ཡིན། དེ་ཡང་མཚོ་སྔོན་དང་ཀན་ལྷོ། རྔ་བ་སོགས་སུ་དར་ཁྱབ་ཤིན་ཏུ་ཆེ།  སྤྱིར་ཚེག་བར་དྲུག་མ་དང་བདུན་མ་ཅན་རྒྱུགས་ཆེ་མོད།  དེང་སང་དགུ་ཚིག་ཅན་ཡང་དར་ཁྱབ་ཆེ།  ཤོ་ལོ་ཀ་རེ་རེར་དཔེ་དཔེ་ཅན་གཉིས་ཀྱིས་གྲུབ་པ་དང་དེ་གླུ་ལས་ཤོ་ལོ་ཀ་གཅིག་གིས་ཉུང་བ་དང་རྩོམ་སྒྲོམ་གྱི་ཆ་ནས་ཆུང་བ་ཡིན། ལ་གཞས་ནི་ཕ་མ་མིང་སྲིང་འཛོམས་ས་དང་ངོ་སྲུང་སར་ལེན་མི་རུང་ལ། དབྱངས་རྟ་དང་ནང་དོན་གྱི་ཆ་ནས་གླུ་དང་ཁྱད་པ་ཤིན་ཏུ་ཆེ་བས་ཡུལ་གླུ་དང་རི་གླུ།  ལ་གླུ་ཞེས་པའི་མིང་དུ་མ་བྱུང་ཞིང་།  ལ་གཞས་ལེན་པའི་བརྒྱུད་རིམ་ཁྲོད་མི་རྣམས་ཀྱིས་ཕོ་མོའི་བརྩེ་དུང་ལ་དོ་སྣང་བྱེད་པ་དང་རང་དབང་གི་གཉེན་སྒྲིག་ལ་དོ་སྣང་བྱེད་དགོས་པའི་སྤྱོད་བཟང་དེར་བརྩི་འཇོག་བྱེད་པ་དང་།  གཞན་དབང་གིས་བཙན་སྒྲིག་དང་བརྩེ་དུང་ལ་བར་ཆད་གཏོང་བར་ཐེར་འདོད་བྱས་ཡོད།  ནང་གསེས་སུ་གླུ་བླངས་ནས་གནང་བ་ཞུ་བའི་སྐོར་དང་།  འགོ་རྩོམ་པའི་སྐོར།  རོགས་འགྲོགས་པའི་སྐོར།  རོགས་མཐུན་པའི་སྐོར།  རོགས་དྲན་པའི་སྐོར།  རོགས་འགལ་བའི་སྐོར།  ཟག་འཐེན་གྱི་སྐོར་། བདེ་མོ་སྟོན་པ་བཅས་ཡོད་དེ།  དཔེར་ན། 

དགུང་ཉི་མ་ཚང་ནས་ཤར་དུས་གི།
སྤྲིན་ནག་པོ་ཡོང་ནས་གཡས་ནས་བཀག།
སྤྲིན་དཀར་པོ་ཡོང་ནས་གཡོན་ནས་བཀག།
ང་འགོག་ནི་ཡོད་དྲ་ཁོག་ནི་མེད།།
སྤྲིན་དཀར་ནག་བར་ནས་མ་བུད་ན།
ང་འཛམ་གླིང་ཉི་མ་མིན་པའི་རྟགས།།
དགུང་ཉི་མའི་དྲོད་ཁོལ་མེད་ནི་ཡིན།།


རོགས་ཆུང་ལོ་སྡེ་ནས་འབུད་དུས་གི།
ཡུལ་ཕ་མ་ཡོང་ནས་གཡས་གི་བཀག།།
ཡུལ་ན་ཟླ་ཡོང་ནས་གཡོན་གི་བཀག།།
ང་འགོག་ནི་ཡོད་དྲ་ཁོག་ནི་མེད།།
ས་ལ་ལོག་བརྒྱུད་ལས་མ་ཡོང་ན།།
ང་ཆུང་དུས་རོགས་ལོ་མིན་པའི་རྟགས།།
རོགས་ཁྱོད་ཚོར་རྩེ་འདང་མེད་ནི་ཡིན།།
  

   ཞེས་པ་ལྟ་བུ་སྟེ་བརྗོད་བྱའི་དོན་ཕོ་མོའི་བརྩེ་དུངས་གསལ་བོར་སྟོན་ཕྱིར་ཕྱི་རོལ་ཡུལ་གྱི་འཇིག་རྟེན་དུ་གནས་པའི་ཉི་ཟླ་སྐར་གསུམ་གྱི་འཆར་ནུབ་དང་།རླུང་སྤྲིན་ཆར་གསུམ་གྱི་རྒྱུ་ཕྱོགས། མཚོ་དང་མཚེའུ།རི་དང་ནགས་ཚལ། གནམ་ལ་འཕུར་དགུ་དང་ས་ལ་འཛུལ་དགུ་ཚང་མར་དཔེ་བླངས་ཏེ་རྗོད་བྱེད་ཀྱི་ཚིག་སྙན་མོ་ལ་བརྟེན་ནས་དབྱིངས་སུ་གྱེར་བ་ཞིག་ཡིན།  དེའི་ནང་དུ་མི་རིགས་ཀྱི་བློ་གྲོས་དྭངས་མ་དང་སྐད་ཆའི་སྒྱུ་རྩལ། འཇིག་རྟེན་སྣང་བའི་མཛེས་དཔྱོད་ཀྱི་ལྟ་བ་བཅས་མངོན་པར་མཚོན་ཡོད།

                                                                            འབྲུག་མོས་ཞུ་དག་བྱས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060