གནས་ཡུལ། མདུན་ངོས། གླུ་གཞས།
 
 
༄༅།།བྱང་ཐང་གི་བྲོ་གནས།
སྤེལ་དུས།2009-07-28   ཡོང་ཁུངས་།《སྤང་རྒྱན་མེ་ཏོག》   རྩོམ་པ་པོ། དགའ་ཡར་འགྲོས་བསྡུས། འབྲུག་མོས་ཞུ་དག་བྱས།
   ༡.འཛོམས་གཞས།

འཛོམས་ཤོག་འཛོམས་ཤོག་ཟེར་ན། 

ཨ་སྔོན་སྔོ་ཁྲའི་དཀྱིལ་ལ་འཛོམས་ཤོག

སེར་ཅན་ཉི་མ་དེ་དང་།

དཀར་གསལ་ཟླ་བ་དེ་གཉིས་འཛོམས་ཤོག

སེར་ཅན་ཉི་མ་དེ་ནི།

འཛམ་གླིང་དྲོ་སྐྱིད་སྦྱིན་ལ་དགོས་ངེས།

དཀར་གསལ་ཟླ་བ་དེ་ནི།

མ་རིག་མུན་པ་སེལ་ལ་དགོས་ངེས།

འཛོམས་ཤོག་འཛོམས་ཤོག་ཟེར་ན།

རྟ་ར་གྲུ་བཞིའི་ནང་ལ་འཛོམས་ཤོག

ངང་པའི་གསེར་ལྡེམ་དེ་དང་།

བ་ནག་རྟིང་དཀར་དེ་གཉིས་འཛོམས་ཤོག

ངང་པའི་གསེར་ལྡེམ་དེ་ནི།

ཆོས་ཅན་བླ་མ་ཕེབས་ཉིན་ལ་དགོས་ངེས།

བ་ནག་རྟིང་དཀར་དེ་ནི།

སྔགས་ཅན་དར་ནག་ཕེབས་ཉིན་ལ་དགོས་ངེས།

འཛོམས་ཤོག་འཛོམས་ཟེར་ན།

ལྷས་ར་གྲུ་བཞིའི་ནང་ལ་འཛོམས་ཤོག

ཁྱུང་དཀར་མཛོ་ཕོ་དེ་དང་།

ཐུ་ལུ་རོག་མོ་དེ་གཉིས་འཛོམས་ཤོག

ཁྱུང་དཀར་མཛོ་ཕོ་དེ་ནི།

རྒྱ་ཇ་དབུས་ལ་འདྲེན་ཉིན་ལ་དགོས་ངེས།

ཐུ་ལུང་རོག་མོ་དེ་ཚོ།

གསེར་ཟོམ་འོ་མས་འགེང་ལ་དགོས་ངེས།

འཛོམས་ཤོག་འཛོམས་ཟེར་ན།

བྲོ་ར་གྲུ་བཞིའི་ནང་ལ་འཛོམས་ཤོག

སྟག་ཤར་གཞོན་པ་དེ་དང་།
དམན་ཆུང་བུ་མོ་དེ་གཉིས་འཛོམས་ཤོག

སྟག་ཤར་གཞོན་པ་དེ་ནི།

བྲོ་ར་ཁྲ་མོའི་རྒྱན་ལ་དགོས་ངེས།

དམན་ཆུང་བུ་མོ་དེ་ནི།

གཞས་སྒོ་ཁྲ་མོ་ཕྱེ་ལ་དགོས་ངེས།

༢.བྲོ་མཆོད།

སྟེང་ཕྱོགས་ལྷ་ལ་ལྷ་འཁྲུག་མི་ཡོང་ལེ།
ལྷ་ཆེན་ཚངས་པ་དཀར་པོ་གྲོགས་ལ་བྱོན།

དེ་འོག་གཉན་ལ་གཉེན་འཁྲུག་མི་ཡོང་ལེ། 

གཉན་ཆེན་སྐུ་ལྷ་གེར་མཛོད་གྲོགས་ལ་བྱོན། 

བར་ཕྱོགས་མི་ལ་མི་འཁྲུག་མི་ཡོངས་ལེ། 

མི་བོ་གེ་སར་རྒྱལ་པོ་གྲོགས་ལ་བྱོན། 

འོག་ཕྱོགས་ཀླུ་ལ་ཀླུ་འཁྲུག་མི་ཡོང་ལེ། 

ཀླུ་རྒྱལ་གཙུག་ན་རིན་ཆེན་གྲོགས་ལ་བྱོན།  

༣.འགོ་ཚུགས།

བྲོ་མི་འཁྲབ་ཟེ་དུས་འཁྲབ་གཏོང་ཟེར། 

འཁྲུབ་བཏང་ན་གསེར་གཞོང་མཐིལ་ལ་འཁྲབ། 

གསེར་སེར་པོའི་ཨ་ཡིག་མ་ནག་བར།

ལོག་ཆོག་གི་མ་རེད་བྲོ་པའི་བུ།  

བྲོ་མི་འཁྲབ་ཟེར་དུས་འཁྲབ་གཏོང་ཟེར།  

འཁྲབ་བཏང་ན་དངུལ་གཞོང་མཐིལ་ལ་འཁྲབ། 

དངུལ་ཁམས་མའི་ཨ་ཡིག་ནག་བར།

ལོག་ཆོག་གི་མ་རེད་བྲོ་པའི་བུ། 

ལ་མོ་སྒོ་ལ་སྐམ་ལ་དོན་དོན་གྱིས། 

ལ་ཆུང་གྲི་ལིང་ཙམ་ལ་སྐྲག་ལེ་མིན། 

བྲོ་དཔོན་ཆེ་ཆུང་མང་པོ་ཐུག་ཐུག་གིས།  

བྲོ་དཔོན་མཐེབ་རྡོག་ཙམ་ལ་སྐྲག་ལེ་མིན། 

ངེད་ཚོས་གསེར་གཤོག་གཡས་པ་བསྟན་ནས་ཡོང་། 

ཁྱེད་ཚོས་གསེར་མདའ་གསེར་གཞུ་ཁྱེར་ནས་ཤོག

ཕོག་པའི་མདའ་མོ་ཡོད་ན་ངོ་མཚར་ཆེ། 

མ་ཕོག་མདའ་མོ་ཡོད་ན་ངོ་རེ་ཚ།  

ངེད་ཚོས་དངུལ་གཤོག་གཡོན་མ་བསྟན་ནས་ཡོང་།

ཁྱེད་ཚོས་དངུལ་མདའ་དངུལ་གཞུ་ཁྱེར་ནས་ཤོག

ཕོག་པའི་མདའ་མོ་ཡོད་ན་ངོ་མཚར་ཆེ། 

མ་ཕོག་མདའ་མོ་ཡོད་ན་ངོ་རེ་ཚ།  

བཟང་ཤག

གནམ་དང་སྤྲིན་པའི་བར་ལ། 

འབྲུག་གི་སྒོ་ང་བཞག་འདུག

གྲོགས་པོ་སྙིང་ཅན་ཡིན་ན།  

འབྲུག་ཚང་གཏོར་ལ་ཕེབས་ཤོག

ངན་ཤག

ཁྱོད་ཚོའི་བྲོ་བའི་འགོ་མའི་འགོ་མ་དེ།  

མགོ་ལ་རྭ་ཅོ་མི་གདའ་དགའ་བ་ལ།  

མགོ་ལ་རྭ་ཅོ་ཡོད་ན་རྡུང་ས་གདའ་།  

ཁྱོད་ཚོའི་བྲོ་པའི་མཇུག་མའི་མཇུག་མ་དེ། 

རྐང་ལ་ནིལ་རྭ་མི་གདའ་དགའ་བ་ལ།    

རྐང་ལ་ནིལ་རྭ་ཡོད་ན་བརྫི་ས་གནའ། 

ལྕགས་ཐག་མ་རྡུལ་ལྕགས་ཐག་རྡུང་། 

ཨ་ལོང་ཐེ་ལེའི་བཅུ་དགུ་རྡུང་།

འཕྲུལ་འཁོར་ཐེ་ལེའི་ཉི་ཤུ་རྡུང་། 

ཡར་གཡུགས་ཨ་སྔོན་དགུང་ལ་གཡུགས། 

སྐོང་རྒྱུ་བྲོ་པའི་སྐེ་ལ་བསྐོང་། 

ཁྱོས་ང་ཞུ་བ་ལན་གསུམ་ཕུལ།   

ངས་ཁྱོད་ཞག་གསུམ་ཚེ་ཐར་གཏོང་། 

གྱེས་གཞས། 

ལུང་པའི་ཕུ་གསུམ་ཕུ་ལ་ཆགས་ཡོད། 

ཕུ་ལ་གངས་རི་དཀར་པོ་ཆགས་ཡོད། 

གངས་རི་དཀར་པོའི་ཡིད་ལ་དགའ་བའི། 

གངས་སེང་དཀར་མོ་ང་གཉིས་འདྲ་སོང་། 

གངས་སེང་ང་གཉིས་མི་སྡོད། 

རང་ཡུལ་སྐྱིད་པོར་ལོག་འགྲོ།  

ལུང་པའི་བར་གསུམ་བར་ལ་ཆགས་ཡོད། 

བར་ལ་རྫ་རི་སྨུག་པོ་ཆགས་ཡོད།  

རྫ་རི་སྨུག་པོའི་ཡིད་ལ་དགའ་བའི།  

འབྲོང་ཆུང་བྲེ་སེ་ང་གཉིས་འདྲ་སོང་།   

འབྲོང་ཆུང་ང་གཉིས་མི་སྡོད།  

རང་ཡུལ་སྐྱིད་པོར་ལོག་འགྲོ།  

ལུང་པའི་མདོ་གསུམ་མདོ་ལ་ཆགས་ཡོད།  

མདོ་ཡར་ཆབ་གཙང་པོ་ཆགས་ཡོད།  

ཡར་ཆབ་གཙང་པོའི་ཡིད་ལ་དགའ་བའི། 

ཉ་ཆུང་གསེར་མིག་ང་གཉིས་འདྲ་སོང་།  

ཉ་ཆུང་ང་གཉིས་མི་སྡོད།  

རང་ཡུལ་སྐྱིད་པོར་ལོག་འགྲོ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060