དང་པོ། བོད་ཀྱི་ཟངས་སྐུའི་ཐོག་མ་ཇོ་བོ་རྣམ་གཉིས།
དེ་ཡང་དུས་རབས་བདུན་པའི་དཀྱིལ་ཙམ་དུ་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས། བལ་པོ་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ་བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་པར། བལ་བཟའ་རང་ནང་བསྟན་ལ་དད་ཞེན་ཆེ་བས་རྟེན་སྐལ་དུ་སྟོན་པ་ཤཱཀྱ་ཐུབ་པ་དགུང་ལོ་བརྒྱད་ཀྱི་ཚད་ཅན་ཇོ་བོ་མི་བསྐྱོད་རྡོ་རྗེ་བྱ་བ་བསྣམས་ནས་ཕེབས། དེའི་རྗེས་སུ་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐེ་ཙུང་གི་སྲས་མོ་རྒྱ་བཟའ་ཀོང་ཇོ་བོ་ཁབ་ཏུ་བཞེས་པར། ཀོང་ཇོས་རང་གི་རྟེན་སྐལ་དུ་ཇོ་བོ་ཤཱཀྱ་ཐུབ་པ་དགུང་ལོ་བཅུ་གཉིས་པའི་ཚད་ཅན་གྱི་ཟངས་སྐུ་དེ་བསྣམས་ནས་ཕེབས། ཇོ་བོ་དེ་གཉིས་བཞུགས་གནས་དང་མཆོད་བཀུར་གྱི་ཆེད། བལ་བཟའ་ཁྲི་བཙུན་གྱིས་བཙན་པོ་སྲོང་བཙན་སྒམ་པོ་དང་རྒྱ་བཟང་ཀོང་ཇོ་གཉིས་ཀྱི་རོགས་རམ་བཅས་ལ་བརྟེན་ནས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས། གཙུག་ལག་ཁང་འདི་དང་པོ་བཞེངས་དུས་ར་ཞིག་ལ་ས་བཀལ་ནས་མཚོ་བསུབས་པ་སོགས་ལ་བརྟེན་ནས་བཞེངས་པས་ཕྱིས་སུ་ར་ས་ཞེས་པའི་མིང་ཟུར་ཆགས། དེ་ནས་རྒྱ་བཟང་ཀོང་ཇོས་བལ་བཟའ་ཁྲི་བཙུན་དང་བཙན་པོ་སྲོང་བཙན་སྒམ་པོ་གཉིས་ཀྱི་རོགས་རམ་བཅས་ལ་བརྟེན་ནས་ར་མོ་ཆེའི་གཙུག་ལག་ཁང་བཞེངས་ཏེ་རང་གིས་བསྣམས་ཡོང་བའི་ཇོ་བོ་བཞུགས་སུ་གསོལ། རྒྱ་བཟའ་དང་བལ་བཟའ་གཉིས་ཀྱིས་གདན་དྲངས་པའི་ཇོ་བོ་རྣམ་གཉིས་ལ་ཕྱིས་སུ་བོད་མི་དད་ལྡན་རྣམས་ཀྱིས་ཞལ་གསེར་དང་རྣ་རྒྱན་དབུ་རྒྱན། ན་བཟའ་སོགས་མང་དུ་ཕུལ་ཡོད་པས། མཛེས་ཆའི་ཐད་སྔར་ལས་ལྷག་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེ་ལྟར་བོད་བརྒྱུད་ནང་བསྟན་གྱི་ཁྲོད་དུ་ལྷ་སྐུ་འདི་གཉིས་ནི་དད་པའི་རྟེན་མཆོག་གཙོ་བོ་ཞིག་དུ་གྱུར་ཡོད། དུས་རབས་བཅུ་གཉིས་པའི་ནང་དུ་བརྩམས་པའི་《ཉང་ཆོས་འབྱུང་》ནང་དུའང་ལྷ་སྐུ་འདི་གཉིས་ཀྱི་གནས་ཚུལ་ཞིབ་ཏུ་བཀོད་ཡོད་པ་དང་། དེ་ལས་སྔ་བ་《སྦ་བཞེད》ནང་དུའང་གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་རྗེས་སྔོན་རྒྱ་བཟས་གདན་དྲངས་པའི་ཇོ་བོ་ཤཱཀྱ་མུ་ནེ་བཙལ་ཚུལ་སོགས་ཀྱི་ལོ་རྒྱུས་བཀོད་ཡོད་།
དེ་ཡང་བོད་དུ་གསེར་ཟངས་ཀྱི་བཟོ་བོའི་ལག་རྩལ་པ་ནི་ནང་བསྟན་ཆོས་ལུགས་བོད་དུ་མ་དར་བའི་ཡར་སྔོན་ནས་ཡོད་པས་ལོ་རྒྱུས་ཧ་ཅང་རིང་། བོད་ཀྱི་ལོ་རྒྱུས་རྣམས་སུ་བཤད་པར་བཙན་པོའི་རྒྱལ་རབས་ཉེར་བདུན་པ་གྲི་གུམ་བཙན་པོའི་དུས་སུ་ཟངས་ལྕགས་ཀྱི་མདའ་དང་། མདུང་། གྲི་སོགས་ཀྱི་མཚོན་ཆ་དང་། ཟངས་སྒམ་སོགས་བཟོ་བའི་ལག་རྩལ་དར་བར་བཤད། དེ་ནས་བཙན་པོའི་གདུང་རབས་སུམ་ཅུ་པ་འབྲོང་གཉན་ལྡེའུ་སྙུན་ནད་ཀྱིས་གྲོངས་པར་ཞང་ཕུའི་མདའ་རུ་བང་སོ་བརྩིགས་པར། བང་སོའི་རེའུ་མིག་དགུ་བའི་དབུས་མར་རྒྱལ་པོའི་སྐུ་གཟུགས་དང་མཉམ་པའི་གསེར་གར་ལུགས་ཀྱི་སྐུ་བརྙན་རྒྱལ་པོའི་ན་བཟའ་གསོལ་བ་བཞེངས་ནས་ཟངས་མོ་ཆེ་མཚལ་གྱིས་བཀང་བའི་ནང་དུ་བཞུགས་སུ་གསོལ་བར་བཤད་པ་དང་། སྤྱི་ལོ་646ལོར་ཐང་ཐེ་ཙུང་གིས་གོ་ལིས་བཏུལ་ཏེ་ཕྱིར་ཁྲང་ཨན་ལ་ཕེབས་རྗེས། བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་ཐང་ཐེ་ཙུང་ལ་བླུགས་བཟོས་གསེར་གྱི་ངང་པ་ཞིག་འཚམས་སྐྱེས་སུ་བསྐུར་ཏེ་རྒྱལ་ཁའི་ངང་ཕེབས་པར་རྟེན་འབྲེལ་ཞུས། གསེར་གྱི་ངང་པ་དེའི་མཐོ་ཚད་ལ་རས་ཁྲི་བདུན་ཙམ་ཡོད་པ། ནང་དུ་ཆང་རྒྱ་མ་བརྒྱ་ལྷག་ཆུད་པ། བཟོ་རྩལ་ཧ་ཅང་ལེགས་པ་ཞིག་གོཐང་ཞོན་ཙང་གི་སྐབས་སུ་ཡང་བོད་ཀྱི་བཙན་པོས་གསེར་གྱི་ངང་བ་དང་། གསེར་དངུལ་འདྲེས་མའི་རྩེད་ཆོས་མང་དུ་ཕུལ་བ་དང་། རེ་ཞིག་ཚར་བརྒྱ་ཕྲག་ལྷག་ཕུལ་བ་བཅས་ཀྱི་བཟོ་དབྱིབས་དང་བཟོ་རྩལ་ཤིན་ཏུ་ལེགས་པས། ཐང་ཞོན་ཙང་གི་བཀའ་ལྟར་ཕོ་བྲང་གི་སྒོ་ནས་འགྲེམ་སྟོན་བྱས། དེ་ལྟར་བོད་ཀྱི་བཙན་པོའི་སྐབས་སུ་གསེར་ཟངས་ཀྱི་བཟོ་བོའི་ལག་རྩལ་དེ་རྩེ་མོར་སོན་ཡོད་པས། ནང་བསྟན་ཆོས་ལུགས་བོད་དུ་དར་རྗེས་གསེར་དངུལ་གྱི་སྐུ་བརྙན་བཟོས་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད།
གཉིས་པ། བོད་བཙན་པོའི་རྒྱལ་རབས་སྐབས་སུ་བཞེངས་པའི་བོད་ཀྱི་གསེར་ཟངས་སྐུ་བརྙན་གྱི་ཁྱད་ཆོས།
སྤྱིར་གསེར་སྐུ་ནི་གསེར་རྡོག་པོ་རྣམས་བཞུས་ཏེ་ལུགས་སུ་བླུགས་པ་ལས་བཞེངས་པའི་གསེར་སྐུ་ལ་ཟེར། སྔོན་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐབས་རྒྱ་གར་ཤར་ཕྱོགས་སུ་བཞེངས་པའི་གསེར་སྐུ་ལ་རྒྱ་གར་ཤར་ལི་ཞེས་ཧ་ཅང་རྩ་ཆེན་ཞིག་ཏུ་བརྩི་བ་ཡིན། རྒྱུ་མཚན་ནི་གསེར་སྐུ་དེ་ཧ་ཅང་བྱོན་ལེགས་པ་དང་སྐུའི་གཟུངས་གཞུག་ཏུ་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པ་བཅས་ཀྱིས་ཡིན། ད་དུང་རྒྱ་གར་ནུབ་ཕྱོགས་སུ་བཞེངས་པའི་གསེར་སྐུ་ལ་རྒྱ་གར་ནུབ་ལི་ཞེས་དང། ཕྱིས་སུ་བལ་པོ་དང་བོད་དུ་བཞེངས་པའི་གསེར་སྐུའང་འགའ་རེ་ཡོད་མོད་གྲངས་ཀ་མང་པོ་ཞིག་མེད་པར་མངོན། ཟངས་སྐུ་ནི་ཟངས་རྣམས་བཞུས་ཏེ་ལུགས་སུ་བླུགས་པ་ལས་བཞེངས་པའི་ལུགས་སྐུ་དང་། ཡང་ན་ཟངས་ལེབ་མོར་བྱས་ཏེ་བརྡུངས་བའི་ཟངས་སྐུ་ལ་ཟངས་སྐུ་བརྡུངས་མ་ཟེར་བའོ།། ཟངས་སྐུ་བླུགས་མ་དང་ཟངས་སྐུ་བརྡུངས་མ་ནི་བོད་ཀྱི་དགོན་གནས་དང་ལྷ་ཁང་རྣམས་སུ་བཞེངས་ཡོད་པ་བགྲང་གིས་མི་ལང་པ་ཞིག་ཡོད་དོ།། སྤྱིར་ཟངས་སྐུའམ་ལི་སྐུ་ལ་རྒྱ་གར་དང་། བལ་ཡུལ། ལི་ཡུལ། ཁ་ཆེ། བོད། ནང་ས་བཅས་ནས་བཞེངས་པ་མཐའ་ཡས་པ་ཞིག་ཡོད་པར། དེ་རེ་རེ་ལའང་དཀར་དམར་གཉིས་རེ་ཡོད་པ་ལ། རྒྱ་གར་གྱི་ལི་ནི་ཁ་དོག་ལི་དཀར་དཀར་མདངས་ཅུང་ཟད་སེར་བ་ཡིན། ལི་དམར་དམར་མདངས་ཅུང་ཟད་སེར་བ་ཡིན་ཞེས་པའི་རང་བྱུང་གི་ལི་དང་། བོད་ལི་ནི་སྟོད་ཀྱི་གཤའ་དཀར་དང་ཟངས་གཉིས་བསྲེས་སྦྱོར་གྱི་ལག་རྩལ་ལ་བརྟེན་ནས་བྱུང་བ་ལས་རང་བྱུང་གི་ལི་མེད་ལ། རྒྱ་ཡུལ་དང་བལ་ཡུལ་གྱི་ལི་ཡང་དེ་དང་ཕལ་ཆེར་མཚུངས་པ་ཤེས་གོང་ཕྲེང་དུ་བཤད། དེ་ཡང་རྒྱ་གར་གྱི་ལི་སྐུ་རྡོ་རྗེ་གདན་ཆུང་མ་ནི། སློབ་དཔོན་ཨ་བྷ་ཡ་ཀ་རས་རྒྱ་གར་ཡུལ་དབུས་རྡོ་རྗེ་གདན་དུ་ཤར་ཕྱོགས་ཀྱི་བཟོ་བོ་རྣམས་བོས་ནས་བཟོས་པས་ཤར་ལི་སྟེ། བཟོ་ཁྱད་ནི་དབུ་ཅུང་ཟད་ཆུང་ཞིང་། ཞལ་རས་མཁུར་ཚོས་རྒྱགས་པ། འཁྲུལ་མེད་ཀྱི་རྟགས་སུ་རྡོ་རྗེ་ཡོད་པ་དང་། རྒྱུ་ནི་ལི་དཀར་འབའ་ཞིག་ལས་བསྒྲུབས་པའོ། རྒྱ་གར་གྱི་ལི་སྐུ་རྡོ་རྗེ་གདན་ཆེན་མ་ནི། དབུས་ལྷ་གཙང་མ་སྟེ་རྒྱུ་རིན་པོ་ཆེ་ཛྷེེ་ཀྵིམ་ལས་གྲུབ་པ། རྟགས་སུ་རྡོ་རྗེ་གྱེན་དུ་ལངས་པ་དང་། ཕྲེང་དུ་བཀོད་པ་སྣ་ཚོགས་པ་ཤར་དང་ལྷོ་སོགས་ཀྱི་བཟོ་རྒྱུན་མ་འདྲེས་པའོ།། ཐུབ་དབང་བདུད་འདུལ་མ་དང་ཆོས་འཁོར་མ་ནི། གཙོ་བོ་ཝ་ར་ན་སིར་དར་ཞིང་། བཟོ་སྟངས་དབུས་འགྱུར་ཤར་ཕྱོགས་ཏེ། བཟོ་ཁྱད་དཔྲལ་མཚམས་དབྱེ་ཕྱེ་ཞིང་སྐུ་སྟོད་རི་དྭགས་བཟོ་རྒྱལ་པོ་ལྟར་རྒྱས་པ། ཞལ་དཀྱུས་ཅུང་ཐུང་ཞིང་ཕྱག་སོར་ཆུ་བྱ་ལྟར་སྦྲེལ་བ། གཙུག་ཏོར་རྒྱབ་ཏུ་ཅུང་ཞིག་ཉེ་བ། རྒྱ་གར་ཤར་ལི་ཕལ་ཆེར་ལི་དཀར་ཡིན་ལ། ལི་དམར་ལས་བསྒྲུབས་པའང་འགའ་རེ་ཡོད་པར་བཤད། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་ཡར་ལུང་དུ་ཁྲ་འབྲུག་གི་གཙུག་ལག་ཁང་དུ་གསང་བ་འདུས་པའི་ལྷ་བཅུ་དགུ་བཞེངས་པའི་འཁོར་སེམས་དཔའ་རྣམས་ལི་ཡུལ་གྱི་སྤྲུལ་བའི་བཟོ་བོས་ལི་ལས་ལུགས་སུ་བླུགས་ཞེས་གསུངས་པ་ལྟར་བོད་དུ་བཞེངས་པའི་ལུགས་སྐུའི་ཐོག་མ་ལྟ་བུ་ཡིན་ནོ། ཡང་བཙན་པོ་སྲོང་བཙན་སྒམ་པོ་ཡབ་ཡུམ་གསུམ་གྱིས་ར་ས་འཕྲུལ་སྣང་གི་རྨང་བཏིང་སྐབས། ས་དགྲ་སྲིན་མོའི་དཔུང་བ་གཡོན་གནོན་པའི་ཕྱིར་དུ་ཡར་ལུང་ཁྲ་འབྲུག་གི་ལྷ་ཁང་དང་དེའི་ནང་རྟེན་དུ་གསེར་བྲེ་བརྒྱ་དང་། བདུན། དྲུག། ལྔ། བཞི་རྣམས་ལས་གནོད་སྦྱིན་གྱི་བཟོ་བོས་ལུགས་བླུགས་ཏེ་རིམ་པར་རྣམ་སྣང་། རྡེར་སེམས། རིན་འབྱུང་། སྣང་མཐའ། དོན་ཡོད་གྲུབ་པ་རྣམས་ཆ་ལུགས་མི་འདྲ་བར་བཞེངས་ཏེ། འོད་དཔག་མེད་རིན་པོ་ཆེའི་གཏེར་དུ་བཞུགས་སུ་གསོལ་ཞེས་འཁོད་ཡོད་པ་དང་། བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བཞེངས་པའི་ནང་བསྟན་གསེར་ཟངས་ཀྱི་སྐུའི་རྒྱུ་ནི། གཙོ་བོ་ཟངས་དམར་པོ་ལས་བཞེངས་པ། སྐུའི་ཞལ་རས་རྒྱས་ལ་མཆུའི་སྟེང་འོག་གཉིས་ཅུང་ཆེ་བ། འཛུམ་པའི་རྣམ་པ་ཅན། གདོང་ཅུང་རིང་བ། སྣ་བ་ཧ་ཅང་མཛེས་པ། མིག་དཀྱུས་རིང་བ། ཞལ་ཧ་ཅང་མཛེས་ལ་ཚད་དང་ལྡན་པ། སྐུ་ལུས་གཟི་བརྗིད་དང་ལྡན་པ། ཕྱག་ཞབས་གཉིས་མཉེན་པ། ན་བཟའ་ཅུང་ཆུང་བ། འབུར་སྐུའི་ཆ་ཡོངས་ནས་བཟོ་ཉམས་ཧ་ཅང་མཛེས་པའོ། །བཞུགས་གདན་གྱི་པད་འདབ་ནི་གཅིག་བརྩེགས་དང་ཡང་ན་ཉིས་བརྩེགས་ཅན་ཡིན་པ། འོན་ཀྱང་ལ་ལར་བཞུགས་ཁྲི་དང་བཞུགས་གདན་གང་ཡང་མེད། ལུས་ལ་ཟླ་གམ་གསོལ་བ་དང་རྐང་ལ་ལྷམ་གྱོན་པ་བཅས་ཁྱིམ་པའི་ཆ་བྱད་ཡིན། ལྷ་སྐུ་གསེར་འཚེས་ཅན་ལ་ཤིང་སྣུམ་དང་འབྲུ་སྣུམ་ལས་གཞན་གང་ཡང་མི་གསོལ། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་ཟངས་སྨུག་པོ་ལས་ལི་སྐུ་རྒྱ་ཆེར་བཟོས་ཏེ་སྔོན་གྱི་ལི་སྐུ་ལས་ཞལ་རས་རགས་ལ་ཐུང་བ། ཕྱག་མཛུབ་རྣམས་ཕྲ་ཞིང་མཛེས་ལ་ཕྲ་སྣ་ཚོགས་ཀྱིས་བརྒྱན་པ། གཤམ་གྱི་མཐུད་མཚམས་གཉིས་མཛེས་པ། ལྷ་སྐུ་མང་ཆེ་བ་ལ་དབུ་རྒྱན་ཡོད་པ། ཆོས་རྒྱལ་སོགས་ཀྱི་སྐུ་བརྙན་ལ་དབུ་ཞ་སོགས་མེད་པ། དབུ་སྐྲའི་རྒྱན་ཆ་རྣམས་ཕྲག་པ་གཉིས་སུ་འཕྱང་པ། ལ་ལར་གསེར་ཚོས་བྱུག་པ། ལ་ལར་ཞལ་གསེར་སོགས་ཅི་ཡང་གསོལ་མེད། མངའ་བདག་ཁྲི་རལ་བ་ཅན་གྱི་སྐབས་སུ་འབུར་སྐུ་བཞེངས་ཚུལ་ནི་རྒྱ་གར་བཟོ་བོའི་ལུགས་དང་འདྲ། ལི་དཀར་པོ་ལས་བཟོས་ཏེ་རྒྱ་གར་ཡུལ་དབུས་ཀྱི་བཟོ་ཚུལ་དང་འདྲ། མི་འདྲ་ས་ནི་ཞལ་རས་ཅུང་ཆུང་ལ། སྤྱན་གྱི་ནང་དུ་ཟངས་སྨུག་པོ་དང་དངུལ་དཀར་པོས་ཕྲ་བརྒྱབ་ཡོད་པས་ཕྲ་རྒྱན་བཟོ་བའི་ལག་རྩལ་རྩེར་སོན་ཡོད་པའོ།། མཁས་པའི་དགའ་སྟོན་ལས། བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་དུས་སུ་བོད་ཀྱི་བཟོ་རིག་མཁས་པ་ཡོངས་རྫོགས་དང་། ད་དུང་རྒྱ་གར་དང། ནང་ས། བལ་ཡུལ་བཅས་ནས་བཟོ་རིག་མཁས་པ་མང་པོ་གདན་དྲངས་ཏེ། འོན་ཅང་དུ་བཀྲ་ཤིས་དཔེ་མེད་དགེ་འཕེལ་ལྷ་ཁང་ཐོག་བརྩེགས་དགུ་པ་ཅན་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས་པར།
ལྷ་ཁང་གི་སྟེང་འོག་བར་གསུམ་ཐུགས་དམ་གྱི་རྟེན་རྣམས་མང་དུ་བཞེངས། སྐུའི་རྟེན་ཐམས་ཅད་རྒྱ་གར་ཡུལ་དབུས་ཀྱི་ལྷ་ལ་དཔེ་བྱས། ལི་དཀར་དམར་ལས་ལུགས་སུ་བླུགས་པ་ཛམ་བུ་ཆུ་བོའི་གསེར་གྱིས་གཡོགས་པ་འབའ་ཞིག་ཏུ་མཛད་ཞེས་དང་། ﹙ལི་སྐུ་ཟངས་ཐང་མ་ཞེས་པའི་ཁྱད་ཆོས་གཙོ་བོ་ནི་དངུལ་དཀར་གྱི་སྤྱན་དང་ཟངས་སྨུག་པོའི་མཆུ་ཅན་ནོ།﹚སྐུ་བརྙན་གྱི་བཟོ་བཀོད་ཤིན་ཏུ་མཛེས་ལ་དབུ་རྒྱན་དང་བཅས་པོའི།། གླང་དར་མས་ནང་བསྟན་བསྣུབས་རྗེས། བོད་བཙན་པོའི་རྒྱལ་རབས་འཇིག་སྟེ་ཡུན་རིང་ནང་འཁྲུགས་ལངས་པའི་རྐྱེན་གྱིས། བཙན་པོའི་སྐབས་སུ་བཞེངས་པའི་སྐུ་འདྲ་ད་ལྟ་ལྷག་ཡོད་པ་ཧ་ཅང་ཉུང་།
གསུམ་པ། དུས་རབས་བཅུ་གཅིག་པ་བསྟན་པ་ཕྱི་དར་གྱི་སྐབས་སུ་བཞེངས་པའི་བོད་ཀྱི་གསེར་ཟངས་སྐུ་བརྙན་གྱི་ཁྱད་ཆོས།
བསྟན་པ་ཕྱི་དར་སྐབས་ཀྱི་ཟངས་སྐུ་བཞེངས་ཚུལ་ལ་རིགས་གཉིས་ཏེ། དང་པོ་ནི་སྟོད་ཕྱོགས་ནས་དར་བ་སྟེ་ཇོ་བོ་ཨ་ཏི་ཤ་བོད་དུ་སླེབས་རྗེས་རྒྱ་གར་དང་ཁེ་ཧྲི་སྨིས་ལྷ་སྐུ་བཞེངས་ཚུལ་གྱི་ཤུགས་རྐྱེན་ཆེ་བ་བཀའ་གདམས་ལི་མའོ། །དེ་ནི་རང་བྱུང་གི་ཟངས་དང་གཟེར་དངུལ་འདྲེས་མར་བླུགས་པའི་ལི་མ་སྟེ་བཟོ་རྩལ་ཤིན་ཏུ་ལེགས། བཀའ་གདམས་པའི་མ་དགོན་རྭ་སྒྲེང་དགོན་དུ་དེ་ལྟ་བུའི་ལི་མ་ཤིན་ཏུ་མང་། ཚང་མས་དེ་ལ་བཀའ་གདམས་ལི་མ་ཞེས་འབོད། གཉིས་པ་ནི་སྨད་ཕྱོགས་ནས་དར་བ་སྟེ། སྨད་ཕྱོགས་ནས་དར་སའི་འབྱུང་ཁུངས་ནི་མཚོ་སྔོན་ཙོང་ཁ་ས་ཁུལ་གྱི་དཔོན་ཇོ་སྲས་ཀྱིས་མདོ་སྨད་དུ་བོད་ཀྱི་འཚོ་ཁག་བཙུགས་ཏེ། ད་ལྟའི་ཟི་ལིང་ས་ཁུལ་དུ་དགོན་སྡེ་ཆེན་པོ་སྔ་དྲུག་ཞིག་བཏབ་སྟེ་ནང་བསྟན་སྤེལ། དེར་ལྷ་སྐུ་ཆེན་པོ་ལྔ་དྲུག་ཞིག་བཞེངས་ཏེ་སྐུ་ལ་གསེར་ཚོས་བྱུག་ཡོད། ད་དུང་མཐོ་ཚད་ཁང་ཐོག་བརྩེགས་བཅུ་གསུམ་ཅན་གྱི་སངས་རྒྱས་ཀྱི་སྐུ་བརྙན་ཆེན་མོ་ཞིག་ཀྱང་བཞེངས། དེ་སྔ་མི་ཉག་རྒྱལ་རབས་དང་བོད་གཉིས་ནི་ཤ་ཉེ་ལྟ་བུའི་འབྲེལ་བ་ཟབ་མོ་ཞིག་ཡོད་པས། མི་ཉག་རྒྱལ་རབས་ཀྱི་ནང་བསྟན་ལ་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ཤིན་ཏུ་ཟབ། བཀའ་བརྒྱུད་དང་ས་སྐྱའི་མཁས་པ་རྣམས་ནི་མི་ཉག་རྒྱལ་རབས་སུ་སྙན་གྲགས་ཧ་ཅང་ཆེ། ལ་ལར་གོང་མའི་དབུ་བླ་དང་གོ་ཤྲི་བཅས་ཀྱི་གོ་གནས་གནང་ཡོད། མི་ཉག་རྒྱལ་རབས་ཀྱི་བྲིས་སྐུ་དང་ཟང་སྐུའི་བཟོ་རྩལ་ཀྱང་ཧ་ཅང་འཕེལ་རྒྱས་ཆེར་ཕྱིན་ཡོད་དེ། ད་ལྟའང་གནའ་རྫས་ལ་ལ་ཉར་ཡོད། མི་ཉག་རྒྱལ་རབས་ཀྱི་ནང་བསྟན་སྒྱུ་རྩལ་གྱིས་བོད་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པའོ།།
བཞི་པ། དུས་རབས་བཅུ་གཉིས་པ་ཡོན་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པའི་བོད་ཀྱི་གསེར་ཟངས་སྐུ་བརྙན་གྱི་ཁྱད་ཆོས།
ཡོན་རྒྱལ་རབས་ཀྱི་སྐབས་སུ་བོད་དུ་གསེར་ཟངས་སྐུ་བརྙན་བཞེངས་པའི་ལག་རྩལ་ཧ་ཅང་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། དེ་ནི་ཡོན་རྒྱལ་རབས་ཀྱིས་ཆབ་སྲིད་ཐད་བོད་ཡོངས་གཅིག་གྱུར་བཟོས་ཏེ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཆེས་མཐོའི་དབང་ཆ་འགྲོ་མགོན་འཕགས་པ་ལ་གནང་བར། ཕྱིས་སུ་ས་སྐྱའི་སྲིད་འཛིན་པ་རིམ་བྱུང་གིས་ས་སྐྱའི་གཙུག་ལག་ཁང་སོགས་སུ་གསེར་ཟངས་ཀྱི་སྐུ་བརྙན་མང་དུ་བཞེངས་པ། ལྷག་པར་དུ་ས་སྐྱའི་གཙུག་ལག་ཁང་གི་གྲལ་མགོའི་དབུས་སུ་འགྲོ་མགོན་སུ་འགྲོ་མགོན་འཕགས་པ་དགོངས་རྫོགས་ཀྱི་དྲན་རྟེན་དུ་བཞེངས་པའི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་ཟངས་སྐུ་བཟོ་རྩལ་ཤིན་ཏུ་ལེགས་པ་བལྟས་པ་ཙམ་གྱིས་མིའི་ཡིད་དབང་འཕྲོག་པ་དང་། སྐུ་བརྙན་གྱི་མཐའ་སྐོར་དུ་ཁྲི་དྲུག་འགྱོགས་ཀྱིས་མཛེས་པར་བརྒྱན་པ། དེ་ནི་གཙུག་ལག་ཁང་གི་ནང་རྟེན་གྱི་གཙོར་བཞུགས་སུ་གསོལ་ཡོད། ཞ་ལུ་དགོན་པར་ཡང་དེ་དང་འདྲ་བའི་ཟངས་སྐུ་བཟོ་རྩལ་ཤིན་ཏུ་ལེགས་པ་མང་དུ་བཞེངས་ཡོད་པས་སྐབས་དེ་དུས་ཀྱི་ཟངས་སྐུ་ལུགས་བཟོའི་ཁྱད་ཆོས་ལྟ་བུར་མངོན་ཡོད། མཁས་དབང་དམ་པ་ས་པཎ་ཀུན་དགའ་རྒྱལ་མཚན་ནི་བོད་ཀྱི་རིག་གནས་སྤྱི་བྱེ་བྲག་མང་པོ་དང་། ལྷག་པར་དུ་བོད་ཀྱི་སྐུ་གཟུགས་བྲིས་འབུར་ལུགས་བླུགས་སོགས་ཀྱི་ལག་ལེན་ཆེ་ཕྲ་མཐའ་དག་ལ་མཁས་པ་འགྲན་ཟླ་དང་བྲལ་བ་ཞིག་ཡིན་ཏེ། ཁོང་གིས་དངོས་སུ་བཞེངས་པའི་བླ་མ་རྗེ་བཙུན་ཆེན་པོའི་ནང་རྟེན་ད་ལྟ་ས་སྐྱའི་དབུ་རྩེ་ན་བཞུགས་པའི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྣང་བརྙན་གྱི་སྐུ་དང་རྒྱན་རུས་ཤིང་དང་སྤྲ་བཟོ་དང་ཁྲི་རྒྱབ་ཡོལ་གྱི་ཟངས་ཚ་དང་བཅས་པ་དང་། ད་ལྟ་ཨ་མདོ་སྐུ་འབུམ་བྱམས་པ་གླིང་གི་སྒྲོལ་མའི་ལྷ་ཁང་གི་རབ་གསལ་དུ་བཞུགས་པའི་སློབ་དཔོན་པད་མ་འབྱུང་གནས་ཀྱི་སྣང་བརྙན་སོགས་འབུར་སྐུ་མང་དུ་བཞེངས་པར་བཤད། ད་དུང་དེ་དུས་བོད་ཀྱི་མགར་པ་མཁས་པ་རྣམས་ཀྱིས་སྣར་ཐར་དང་། གདན་ས་ཐིལ། འབྲི་གུང་ཐིལ་རྣམས་སུ་གསེར་དངུལ་ལས་བཞེངས་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་དང་། ལི་མའི་ཐུབ་དབང་། བཀའ་གདམས་གདུང་རྟེན་ཐོག་ཚད་མ་དེ་ཚོའི་སྐུ་དཔུང་དང་། པད་གདན་ལ་ཁྲོ་ལུང་རང་གྲུབ་མ་ལྕགས་ཀྱི་ཨ་ལོང་ཅན་སོགས་མང་པོ་བཞེངས་པར་བཤད། འགྲོ་མགོན་འཕགས་པས་སྤྱི་ལོ1269ལོར་བལ་པོ་དང་བོད་ཀྱི་ཟངས་མགར་པ་ཉི་ཤུ་ལྷག་ནང་སར་ཁྲིད་དེ། གོང་མའི་ཕོ་བྲང་དུ་བོད་བརྒྱུད་ནང་བསྟན་ལུགས་དང་ནང་སའི་ལུགས་འདྲེས་མའི་སྐུ་བརྙན་མང་དུ་བཞེངས་པས། ཕྱིས་སུ་ནང་སར་རིམ་གྱིས་བོད་བརྒྱུད་ནང་བསྟན་ལུགས་ཀྱི་གསེར་ཟངས་ཀྱི་སྐུ་བརྙན་བཟོ་ལུགས་ལ་རྒྱ་རིགས་ཀྱི་ཁྱད་ཆོས་ལྡན་པའི་གསེར་ཟངས་ཀྱི་སྐུ་བརྙན་མང་དུ་བཞེངས་ཡོད། དེ་ནས་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ་གོང་མའི་ཕོ་བྲང་དུ་གསེར་ཟངས་ཀྱི་སྐུ་བརྙན་བཞེངས་སྐབས། བོད་བརྒྱུད་ནང་བསྟན་སྒྱུ་རྩལ་བཟོ་དབྱིབས་ཀྱིས་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་པའི། ད་དུང་《ཡོན་རྒྱལ་རབས་ཀྱི་སྐུ་བརྙན་ཐོ་འགོད》ཞེས་པའི་ནང་བཀོད་པར། གོང་མ་རིན་ཙུང་གིས་སྤྱི་ལོ1313ལོར་ཏ་ཧྲིན་ཧྲིག་བན་ཨན་སུ(大圣寿万安寺)ཞེས་པའི་ལྷ་ཁང་ཆེན་མོ་བཞེངས་པར། ནང་རྟེན་དུ་སངས་རྒྱས་བྱང་སེམས་དང་ཆོས་སྐྱོང་སོགས་ཀྱི་སྐུ་བརྙན་ཆེ་ཆུང་བརྒྱ་ཕྲག་དུ་མ་བཞེངས་པར། དེ་དག་བཞེངས་སྐབས་ཀྱི་སྐུ་བརྙན་གྱི་རྒྱུ་ཆ་དང་ཚོན་མདངས་སོགས་ནི་བོད་བརྒྱུད་ནང་བསྟན་སྐུ་བརྙན་བཞེངས་ཚུལ་གྱི་རྒྱུ་ཆ་དང་ཚོན་མདངས་སོགས་ཇི་ཡིན་པར་བཤད། ཡོན་རྒྱལ་རབས་ཀྱི་སྐབས་སུ་གོང་མའི་ཕོ་བྲང་ནང་དུ་བཞེངས་པའི་བོད་བརྒྱུད་ནང་བསྟན་གྱི་སྐུ་བརྙན་རྣམས་ལ་ཚང་མས་ནུབ་ཕྱོགས་བདེ་བ་ཅན་གྱི་སྐུ་བརྙན་ཞེས་རྩ་ཆེན་དུ་བརྩི།
ལྔ་བ། དུས་རབས་བཅུ་བཞི་པ་མིང་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པའི་བོད་ཀྱི་གསེར་ཟངས་སྐུ་བརྙན་གྱི་ཁྱད་ཆོས།
དུས་རབས་བཅུ་བཞི་པའི་ནང་སྤྲུལ་སྐུ་སླེའུ་ཆུང་བ་ཞེས་པ་བྲིས་འབུར་གཉིས་ཀར་མངའ་བརྙེས་པའི་ལྷ་བཟོ་མཁས་ཅན་ཞིག་བྱོན་པ་དེའི་གཙོས་བོད་ཀྱི་བཟོ་རིག་མཁས་པ་མང་པོས་རྗེ་ཙོང་ཁ་བ་ཆེན་པོས་ཕྱག་བཏབ་གནང་བའི་དགའ་ལྡན་དགོན་པར་རྒྱུ་གསེར་ཟངས་ལས་གྲུབ་པའི་རྟེན་གཙོ་ཐུབ་པ་ཚུལ་ཁྲིམས་མ་དང་། དཔལ་གསང་བ་འདུས་པའི་ལྷ་ཚོགས་སུམ་ཅུ་རྩ་གཉིས་ཀྱི་བློས་བསླངས་དཀྱིལ་འཁོར། དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་བློས་བསླངས། དེ་བཞིན་སངས་རྒྱས་དང་བྱང་སེམས་ཀྱི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་དང་། ཟངས་ལིའི་སྐུ་བརྙན་བྱོན་གཙང་མཇལ་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་བ་དཔག་ཏུ་མེད་པ་ཞིག་བཞེངས་པར་མཛད། སྤྱི་ལོ་1348ལོར་ཧོར་རྒྱལ་བཅུ་བ་ཐོ་གན་ཐེ་མུར་གྱི་བཀའ་ལྟར། ཨ་མདོ་རེབ་གོང་སེངྒ་གཤོང་གི་ལྷ་བཟོ་དང་གསེར་མགར་པ་དཔོན་པོ་གཟུངས་སྐྱབས་སོགས་མི་བཅུ་ཕྲག་འགའ། རྒྱལ་ས་པེ་ཅིན་གྱི་མཆོད་རྟེན་དཀར་པོ་བཞེངས་པར་ཕེབས་པར། མཆོད་རྟེན་གྱི་ཉི་ཟླ་དང་ནང་རྟེན། དེ་མིན་ལྷ་ཁང་རྣམས་བལ་པོའི་ལྷ་བཟོ་བ་ཨ་ཉི་ཀེ་དང་མཉམ་དུ་བཞེངས་པར། སེངྒེ་གཤོང་གི་ལྷ་བཟོ་པ་དང་གསེར་མགར་རྣམས་ཀྱིས་རང་རང་གི་ལག་རྩལ་ཡོད་དགུ་བཏོན་ནས་བཞེངས་པའི་རི་མོ་རྣམས་ཧ་ཅང་མཛེས་ལ་མིའི་ཡིད་དབང་འཕྲོག་པ་ཞིག་ཏུ་འདུག་པས། རྒྱལ་པོ་ཐུགས་ཤུན་ཏུ་དགྱེས་ཏེ་གསུངས་པར། བོད་མིའི་ལག་རྩལ་པ་བལ་པོའི་བཟོ་བོ་ལས་ལྷག་པའི་རི་མོ་བ་ཡག་པོ་ཡོད་པ་སྔོན་ནས་ཐོས་མྱོང་ཡང་། གསེར་མགར་པ་འདི་འདྲ་ཡག་པོ་ཡོད་པ་ཐོས་མ་མྱོང་། ཁྱོད་ཚོས་དང་ཐོག་གང་ནས་བསླབ་པ་ཡིན་ཞེས་དྲིས་པས། སེངྒེ་གཤོང་གི་ལྷ་བཟོ་པ་རྣམས་ན་རེ། ངའི་མེས་པོ་མྱང་ཉི་མ་རྒྱལ་མཚན་ཟེར་བ་ཞིག་ཡོད་པ་དེས་པ་ལག་རྒྱུན་ཡིན་ཞེས་ཞུས།
ཡང་ཏཱ་ལའི་བླ་མ་དགེ་འདུན་གྲུབ་ཀྱིས་རང་གི་རྩ་བའི་བླ་མ་རྗེ་ཤེས་རབ་སེང་གེའི་དགོངས་རྫོགས་སུ་དམིགས་ཏེ་གཞིས་ཀ་བསམ་གྲུབ་རྩེའི་བྲག་དམར་བླ་བྲང་དུ། བཟོ་བོ་མཁས་པ་སྣར་ཐང་པ་ཆོས་སྐྱོང་དར་གྱིས་རྒྱུ་གསེར་ཟངས་ལས་གྲུབ་པའི་སྟོན་པའི་སྐུ་བརྙན། རྒྱབ་མཐོ་ཉེར་ལྔ་ཡོད་པ་བྱིན་རླབས་ཀྱི་གཟི་འོད་འབར་བ་ངོ་མཚར་ཅན་དེ་བཞེངས། རྟེན་འདི་བཞུགས་སའི་ཆེད་དུ་ཏཱ་ལའི་བླ་མ་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ་དགོན་བཏབ་པ་ཡིན་ནོ། །ད་དུང་རྗེ་བཙུན་སྒྲོལ་མའི་ཟངས་སྐུ་ངོ་མཚར་བ་ཅན་ཞིག་ཀྱང་བཞེངས། རྟེན་འདི་གཉིས་ནི་བཀྲ་ཤིས་ལྷུན་པོ་དགོན་གྱི་ནང་རྟེན་གཙོ་བོའང་ཡིན་ནོ། །ཡང་བྱམས་ཁང་ནང་དུ་གནས་རྙིང་བའི་ཟངས་མགར་པ་དང་། ཆུ་འདུས་ནས་ཡོང་བའི་བལ་པོའི་ལྷ་བཟོ་བ་དྲུག་བཅས་ཀྱིས་རྟེན་གཙོ་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་མི་ཕམ་མགོན་པོའི་སྐུ་བརྙན་མཐོ་ཚད་རྒྱབ་ཁྲི་ཉེར་ལྔ་ཡོད་པ་ཞིག་བཞེངས་པ་དང་། ད་དུང་ཟངས་སྐུ་ལུགས་ཕུད་དུ་བྱམས་པ་སྐུ་ཚད་མཐོ་བཞི་བ་ཞིག་དང་བཅས་པ་བཞེངས། ནང་སར་མིང་རྒྱལ་རབས་ཀྱི་དུས་འགོར་བོད་བརྒྱུད་ནང་བསྟན་གྱི་གསེར་ཟངས་སྐུ་བརྙན་ནི་ནན་ཅིན་དང་པེ་ཅིན་དུ་རྒྱ་བོད་གཉིས་ཀྱི་མགར་པས་མཉམ་འབྲེལ་བྱས་ནས་བཞེངས། དེ་ལ་ཡུང་ལི་ལི་མ་ཟེར། དོན་དངོས་སུ་གོང་མ་ཡུང་ལི་ནས་གོང་མ་ཟོན་ཏེ(宣德)བར་བཞེངས་པའི་ལི་མ་རྣམས་ལ་ཟེར། ཡུང་ལི་ལི་མའི་སྐུ་རྒྱུ་ནི་ཟངས་གསེར་དང་ཟངས་དཀར་འདྲེས་མར་བླུགས་ཏེ་མདོག་ནི་གླང་ཆེན་གྱི་མཆེ་བའི་མདོག་དང་འདྲ་བར་སེར་མདངས་ཧ་ཅང་མངོན་གསལ་མིན་པའོ། །དེ་ཡང་ཡུང་ལི་ལི་མ་ལ་རིགས་གཉིས་ཏེ། དང་པོ་ནི་གོང་མ་རང་གི་ཐུགས་དམ་གྱི་རྟེན་དུ་ཆེད་དུ་བཞེངས་པའི་ལི་སྐུ་དང་། གཉིས་པ་ནི་རྒྱུན་ལྡན་གྱི་ལི་སྐུའོ། །དང་པོ་དེ་ནི་གོང་མ་རང་གི་ཞལ་བཀོད་ལྟར་བཞེངས་པའི་ལི་སྐུ་དང་། གཉིས་པ་ནི་རྒྱུན་ལྡན་གྱི་ལོ་སྐུའོ། །དང་པོ་དེ་ནི་གོང་མ་རང་གི་ཞལ་བཀོད་ལྟར་བཞེངས་པ་ཡིན་པས། བཟོ་རྩལ་ཤིན་ཏུ་མཛེས་པ། སྐུའི་ཞལ་རས་ཟླུམ་ལ་མིག་དཀྱུས་རིང་བ། ན་བཟའི་རི་མོ་རྣམས་ཞིབ་ཚགས་ལ་སྐུ་ཤ་དང་འབྱར་ནས་ཡོད་པ། སྐུ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་བཏབ་ཡོད་པ། སྐུའི་གདན་པད་འདབ་ཉིས་བརྩེགས་ཅན་ཡིན་པ། པད་འདབ་ཀྱི་སྟེང་སྐུའི་མདུན་ཕྱོགས་སུ་རྡོ་རྗེ་ཡི་རྟགས་ཡོད་པ། སྐུ་ཡོངས་ལ་གསེར་ཚོས་བྱུག་ཡོད་པས་གསེར་གྱི་མདངས་ཧ་ཅང་གསལ་བ། ད་དུང་པད་འདབ་ཀྱི་སྟེང་དུ་གོང་མ་ཡུང་ལི་གནམ་ལོ--ལ་བཞེངས(大明永乐—年制造)ཞེས་གསལ་པོར་བཀོད་ཡོད། གོང་མ་ཡུང་ལི་སྐབས་སུ་བཞེངས་པའི་ཟངས་སྐུ་རྣམས་ལ་རྒྱ་བོད་གཉིས་ཀྱི་བཟོ་རྩལ་གྱི་ཉམས་འགྱུར་ཁྱད་ཆོས་ལྡན་ཡོད། དེ་ནི་དུས་ཡུན་རིང་མོ་ཞིག་ནས་བོད་བརྒྱུད་ནང་བསྟན་གྱིས་རྒྱའི་ནང་བསྟན་ལ་ཤུགས་རྐྱེན་ཆེ་རུ་ཐེབས་ཡོད་པའི་རྐྱེན་གྱིས་ཡིན། དཔེར་ན་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་སྲིད་འཛིན་པ་བླ་མ་ཆེ་ཁག་རྣམས་ཀྱིས་བོད་དུ་བཞེངས་པའི་གསེར་ཟངས་ཀྱི་སྐུ་བརྙན་དུ་མ་ཡོན་མིང་ཆིང་རྒྱལ་རབས་བཅས་ཀྱི་གོང་མ་རིམ་བྱུང་རྣམས་ལ་འཚམས་སྐྱེས་ཡང་ཡང་ཕུལ་ཡོད་པས། གོང་མ་རྣམས་བོད་ཀྱིས་བཞེངས་པའི་གསེར་ཟངས་ཀྱི་སྐུ་བརྙན་ལ་གདེང་འཇོག་ཧ་ཅང་ཆེན་པོ་ཡོད། ཕྱིས་སུ་རྒྱལ་ནང་དུ་ཟངས་སྐུ་ལུགས་སུ་བཟོ་སྐབས་མགར་པའི་བོད་ཀྱི་བླ་མ་ཆེ་ཁག་རྣམས་ཀྱིས་ཞལ་བཀོད་གནང་བ་དང་། ཟངས་སྐུ་ལུགས་སུ་བཟོ་སྐབས་མགར་བའི་ཁྲོད་དུ་རྒྱ་བོད་གཉིས་ཀྱི་ལག་རྩལ་པ་ཡོད་པ་སོགས་ཀྱི་རྐྱེན་གྱི་ཡིན་ནོ།།
དྲུག་པ། དུས་རབས་བཅུ་དྲུག་པ་ཆིང་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པའི་བོད་ཀྱི་གསེར་ཟངས་སྐུ་བརྙན་གྱི་ཁྱད་ཆོས།
དུས་རབས་བཅུ་བདུན་པའི་ནང་ཏཱ་ལའི་སྐུ་ཕྲེང་ལྔ་བ་ཆེན་པོ་དགོངས་པ་རྫོགས་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་ཀྱི་བཟོ་བོ་རྣམས་བཀུན་ནས། ཕོ་བྲང་པོ་ཏ་ལར་ཏཱ་ལའི་སྐུ་ཕྲེང་ལྔ་བའི་གསེར་གདུང་ཆེན་མོ་འཛམ་གླིང་རྒྱན་གཅིག་ཅེས་པ་བཞེངས་པ་ད་ལྟ་ཡང་ཚང་མས་མཐོང་ཐུབ་པ་དང་། ཡང་ཏཱ་ལའི་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དགོངས་པ་རྫོགས་པར་བཀའ་ཤག་གི་ཚོགས་འདུའི་སྟེང། འཐུས་མི་རྣམས་ནས་མགྲིན་དབྱངས་གྱུར་གྱིས་གསེར་གདུང་ཁྱད་དུ་འཕགས་པ་ཞིག་བཞེངས་རྒྱུ་ཐག་བཅད་པར། ཕོ་བྲང་པོ་ཏ་ལར་ཏཱ་ལའི་སྐུ་ཕྲེང་ལྔ་བའི་གསེར་གདུང་ཆེན་མོ་འཛམ་གླིང་རྒྱན་གཅིག་ལས་སྐུ་ཚད་མཐོ་ལྔས་མཐོ་བ་དང་། བཟོ་བཀོད་ཤིན་ཏུ་ལེགས་པ་རིན་པོ་ཆེ་ཕྲ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གསེར་གདུང་དགེ་ལེགས་འདོད་འཇོ་ཞེས་པ་བཞེངས། གསེར་གདུང་འདི་ད་ལྟ་ཕྱོགས་ལ་སྒོ་ཕྱེ་མེད་པས་ཡུལ་སྐོར་ལྟ་གཟིགས་པ་རྣམས་ཀྱིས་མཐོང་མཇལ་དཀའོ། །ཏཱ་ལའི་སྐུ་ཕྲེང་བདུན་པ་དགུང་ལོ་ཞེ་བཞི་པ་སྤྱི་ལོ1751ལོར་ཕོ་བྲང་པོ་ཏ་ལར་བོད་ཀྱི་བཟོ་བོ་མཁས་པ་རྣམས་ཀྱིས་རྒྱུ་གསེར་ཟངས་ལས་གྲུབ་པའི་དཔལ་གསང་བ་འདུས་པ། འཁོར་ལོ་བདེ་མཆོག རྡོ་རྗེ་འཇིགས་བྱེད་བཅས་ཀྱི་བློས་བསླངས་རྗེ་ཉིད་སྐུ་དངོས་ཀྱིས་ལྗགས་བཀོད་ལྟར། བོད་ཀྱི་བཟོ་བོ་ལག་རྩལ་པ་རྣམས་ཀྱིས་བཞེངས་པ་ད་ལྟའང་ཕོ་བྲང་པོ་ཏ་ལར་དངོས་སུ་ཡོད་པ་མཛེས་ཆོས་ཀྱི་ཉམས་འགྱུར་ཤིན་ཏུ་ལེགས་པས་མིའི་ཡིད་དབང་འགུགས་པ་དང་། ཚེ་དཔག་མེད་ཀྱི་སྐུ་བརྙན་འབུམ་ཕྲག་གཅིག་བཟང་གོས་ཀྱི་སྟེང་དུ་གསེར་ཞུན་གྱིས་བྲིས་པའི་སྐུ་ཐང་གྲ་ཚར་བརྒྱ་དང་བཅོ་བརྒྱད། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་བཅས་ཀྱི་སྐུ་བརྙན་ལི་མ་བརྒྱ་སྟོང་དང་། གསེར་ཟངས་ཀྱི་སྐུ་བརྙན་ཉི་ཤུ། རས་བྲིས་ལྔ་བརྒྱ་བཅས་གསར་དུ་བཞེངས་པ་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་ཏཱ་ལའི་སྐུ་ཕྲེང་བདུན་པའི་རྣམ་ཐར་དཔག་བསམ་སྙེ་མ་ལས་གསུངས། ཡང་བཀྲ་ཤིས་ལྷུན་པོའི་གཡའ་བར་རིན་ཆེན་ལྷ་ཁང་དུ་རྒྱུ་ཟངས་གསེར་གྱི་ཇོ་བོ་ཐོག་ཚད་མ་ཁྲི་རྒྱབ་ཡོལ་དང་བཅས་པ་གཙོ་བྱས་པའི་གསེར་དངུལ་ལུགས་ཀྱི་རྣམ་འདྲེན་སྟོང་སྐུའི་དྲུག་བརྒྱ་བཅུ་དྲུག་དང་། དེ་འཕྲོས་འཆི་མེད་ལྷ་ཁང་དུ་བཞུགས་ཅེས་པ་བཀྲས་ལྷུན་གྱིས་བྱུང་བ་ཞེས་པར་གསལ།
གཞན་ཡང་པེ་ཅིན་དུ་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས་རང་གི་ཐུགས་དམ་གྱི་རྟེན་གྱི་ཆེད་དུ། གོང་མ་རང་གི་བཀའ་བཀོད་ལྟར་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་བདེ་གསང་འཇིགས་གསུམ་དང་། རྗེ་ཙོང་ཁ་བའི་སྟོང་སྐུ། སྨན་བླ་བདེ་གཤེགས་བརྒྱད། ཚེ་ལྷ་རྣམ་གསུམ་སོགས་གཟེར་ཟངས་ཀྱི་སྐུ་བརྙན་ཆེ་ཆུང་སྣ་ཚོགས་མང་དུ་བཞེངས་ཏེ་གོང་མའི་ཕོ་བྲང་(故宫)ནང་དུ་གོང་མ་ཆན་ལུང་རང་གི་ཐུན་མོང་མ་ཡིན་པའི་མཆོད་ཁང་ནང་དུ་བཞུགས་སུ་གསོལ་ཡོད་པས། ད་ལྟ་ཡང་དངོས་སུ་མཇལ་རྒྱུ་ཡོད། སྔོན་གོང་མ་བཞུགས་དུས་གོང་མ་རང་ཉིད་གཅིག་པུ་མ་གཏོགས་མཆོད་ཁང་ནང་དུ་ཐ་ན་བཙུན་མོ་ཡང་འགྲོ་མི་ཆོག་པར་བཤད། མཆོད་ཁང་འདི་ད་ལྟ་ཕྱི་ཕྱོགས་ལ་སྒོ་ཕྱེ་མེད་པས་ཡུལ་སྐོར་ལྟ་གཟིགས་པ་རྣམས་ཀྱིས་དངོས་སུ་མཐོང་དཀའ། གསེར་ཟངས་ཀྱི་སྐུ་བརྙན་དེ་དག་བཟོ་རྩལ་ཤིན་ཏུ་མཛེས་པས་ཆན་ལུང་སྐབས་ཀྱི་ཐུན་མོང་མ་ཡིན་པའི་བཟོ་རྩལ་ཞིག་ལྡན་ཡོད། སྐུའི་ཞལ་རས་ཟླུམ་ལ་སྐུ་ཤ་རྒྱས་པ། ན་བཟའི་རི་མོ་རྣམས་ཞིབ་ཚགས་ལ་ལྷོད་ཆགས་པ། སྐུའི་གདན་པད་འདབ་ཉིས་བརྩེགས་ཅན་ཡིན་པ། སྐུ་ཡོངས་ལ་གསེར་ཚོས་བྱུག་ཡོད་པས་གསེར་གྱི་མདངས་ཧ་ཅང་གསལ་བ། ད་དུང་པད་འདབ་ཀྱི་སྟེང་དུ་གོང་མ་ཆན་ལུང་གནམ་ལོ་46ལ་བཞེངས་(大清乾隆46年制造)ཞེས་ལོ་ཚིགས་གསལ་པོར་བཀོད་ཡོད། གོང་མ་ཆན་ལུང་སྐབས་སུ་བཞེངས་པའི་ཟངས་སྐུ་རྣམས་ལའང་རྒྱ་བོད་གཉིས་ཀྱི་བཟོ་རྩལ་གྱི་ཉམས་འགྱུར་ཁྱད་ཆོས་ལྡན་ཡོད། དེ་ནི་དུས་ཡུན་རིང་མོ་ཞིག་ནས་བོད་བརྒྱུད་ནང་བསྟན་གྱིས་རྒྱའི་ནང་བསྟན་ལ་ཤུགས་རྐྱེན་ཆེ་རུ་ཐེབས་ཡོད་པའི་རྐྱེན་གྱིས་དང་། ཡང་སྒོས་སུ་གོང་མའི་དབུ་བླ་ལྕང་སྐྱ་རོལ་བའི་རྡོ་རྗེའི་ཐུགས་བཀོད་དང་དངོས་སུ་འབྲེལ་བ་ཡོད་པ་བཅས་ཀྱི་རྐྱེན་གྱིས་ཡིན་ནོ།
གཞན་ཡང་བོད་དུ་བུད་མེད་ཀྱི་རྟེན་ལ་བཟོ་རྩལ་ཕུལ་ཏུ་བྱུང་བ་གུང་རུ་མཁའ་འགྲོ་མ་སྐུ་ཕྲེང་གཉིས་པ་བློ་བཟང་ཆོས་སྒྲོན་གྱིས། ཨ་མདོ་སྐུ་འབུམ་བྱམས་པ་གླིང་གི་ཀུན་གསལ་ལྷ་ཁང་གི་གཡས་སུ་ཀུན་དགའ་ར་བ་གཉིས་རིམ་ཅན་གྱི་དབུས་སུ། རྗེ་བཙུན་ཙོང་ཁ་བ་ཆེན་པོའི་སྣང་བརྙན་སྐུ་རྒྱུ་ལི་ལས་བསྒྲུབསཔ་སྐུ་སྟོད་རང་བྱོན་དུ་ཕེབས་པའི་བྱིན་རླབས་ཀྱི་ཚན་ཁ་འབར་བ་ཞིག་བཞེངས་པ་དེ་ནི་གུང་རུ་མཁའ་འགྲོ་མ་སྐུ་ཕྲེང་གཉིས་པ་བློ་བཟང་ཆོས་སྒྲོན་གྱི་ཕྱག་བཟོ་དངོས་ཡིན་པ་དང་། མཁའ་འགྲོ་མ་དེ་ནི་བླུགས་གཏོང་བའི་བཟོ་ལ་སོགས་པའི་ལག་རྩལ་ལ་མཆོག་ཏུ་མཁས་པས། སྐྱབས་རྗེ་ཆུ་བཟང་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་བཀའ་བཀོད་ལྟར་སྐུ་འབུམ་མཆོད་གཞིས་ཆི་ཀྱ་ཚོ་བ་ཐུན་མོང་ནས་སྦྱིན་བདག་བྱས་ཏེ། མཁའ་འགྲོ་མས་རྗེ་རིན་པོ་ཆེའི་འདྲ་སྐུའི་ལུགས་ཀོང་ཆེ་བ་དེའི་ནང་དུ་ལི་དང་ཟངས་གཉིས་འདྲེས་པའི་སྐུ་རྒྱུ་སུམ་ཆ་གཉིས་ཀྱང་མི་ལོངས་པ་ཙམ་བསྡུས་ནས་བཞུ་འདུལ་གྱིས་བླུགས་གནང་བ་ལ་ངོ་མཚར་བའི་ལྟས་མང་དུ་བྱུང་བ་སྟེ། ལུགས་པར་ཞལ་འབྱེད་པའི་ཚེ་སྐུ་བརྙན་གྱི་སྐུ་སྟོད་ལ་ལི་དང་ཟངས་ཀྱི་ཁ་དོག་ཡུང་འབྲུ་ཙམ་ཡང་མི་མངོན་པར། འཇའ་ཚོན་ཁ་དོག་སྣ་ལྔའི་འོད་ཀྱི་གོང་བུར་གྱུར་བས་སྐུ་སྟོད་རང་བྱོན་དུ་གྲགས་སོ། བོད་ཀྱི་ལོ་རྒྱུས་སྟེང་བུད་མེད་ཀྱི་རྟེན་ལ་བཟོ་རྩལ་ཕུལ་ཏུ་བྱུང་བ་ཞིག་བྱོན་པ་ནི་གུང་རུ་མཁའ་འགྲོ་མ་སྐུ་ཕྲེང་གཉིས་པ་བློ་བཟང་ཆོས་སྒྲོན་འདི་ཉིད་ཁོ་ནར་ངེས་སོ།།
སྤྱི་ལོ1914ཤིང་སྟག་ལོར་པཎ་ཆེན་ཆོས་ཀྱི་ཉི་མས་བཀྲ་ཤིས་ལྷུན་པོའི་དགོན་ཏུ་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་མི་ཕམ་མགོན་པོའི་སྐུ་བརྙན་བོད་ལྗོངས་ན་སྔར་མ་གྲགས་པའི་མཐོ་ཚད་ཁང་ཐོག་རྩེག་བདུན་པའམ་ཁྲུ་བརྒྱད་ཅུ་གྱ་ལྔའི་བདག་ཉིད་ཅན་རྒྱབ་ཁྲི་ཡོད་པ་ཞིག་ཟངས་མགར་པ་མི་བརྒྱ་དང་བཅུས་ལོ་ངོ་བཞིའི་རིང་ལ་བཞེངས་པ་དང་། ཡང་ཁམས་ཕྱོགས་བདེ་དགེ་དཔལ་སྤུངས་སུ་དུས་རབས་བཅུ་བདུན་པའི་ནང་ཟངས་སྐུ་ལུགས་མ་མང་དུ་བཞེངས་པ་སོགས། བོད་དུ་མདོ་དབུས་ཁམས་གསུམ་རྣམས་སུ་གནའ་ནས་ད་ལྟའི་བར་དུ་གསེར་ཟངས་སྐུ་བརྙན་བཞེངས་ཚུལ་གྱི་ལག་རྩལ་དར་བ་ནས་བཟུང་། དུས་རབས་སོ་སོར་སྒྱུ་རྩལ་དང་དེའི་ཁྱད་ཆོས་མི་འདྲ་བ་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་ཆེན་པོ་ཞིག་བྱུང་ཡོད་པ་སྐུ་བརྙན་རྣམས་ལ་གཟིགས་ན་ཤིན་ཏུ་གསལ་ལོ།
དེ་ཡང་དུས་རབས་བཅུ་གཅིག་པ་སུང་རྒྱལ་རབས་ཀྱི་རྗེས་ནས། རྒྱ་གར་བལ་པོ་གཉིས་སུ་ནང་པ་སངས་རྒྱས་པའི་ཆོས་ལུགས་རྨང་ནས་འཇིག་སྟེ་ཁོ་ཚོའི་དད་པ་བྱེད་སའི་ཆོས་ལུགས་ནི་གཙོ་བོ་རྒྱ་གར་གྱི་བྲམ་ཟེ་ཆོས་ལུགས་ལ་དད་པ་བྱེད་པ་ཡིན། དེ་བས་བལ་པོ་རྣམས་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་དད་པ་མེད་པ་དང་ཆ་རྒྱུས་མེད་པ་ནི་སྨོས་མ་དགོས་ལ། དེ་ཕྱིར་བལ་པོ་མགར་པ་རྣམས་ཀྱིས་བོད་དུ་གསེར་ཟངས་སྐུ་བརྙན་ཆེ་ཆུང་བཞེངས་དུས་སྐབས་འགར་བལ་པོ་མགར་པ་འགའ་གདན་དྲངས་པ་ནི། གཙོ་བོ་ཁོ་ཚོའི་ལག་རྩལ་དང་ཉམས་མྱོང་ཙམ་ལ་ཟུར་ལྟ་བྱེད་པའི་ཆེད་དུ་ཡིན། བོད་དུ་གསེར་ཟངས་ཀྱི་སྐུ་བརྙན་ཆེ་ཆུང་ཇི་འདྲ་ཞིག་བཞེངས་སྐབས། ལྷ་སྐུ་དེའི་ཞལ་ཕྱག་གི་ཉམས་འགྱུར་དང་སྐུ་ལུས་ཀྱི་རྒྱན་ཆ། ན་བཟའ། ཕྱག་མཚན་སོགས་ཇི་འདྲ་ཡིན་མིན་གྱི་གསར་གཏོད་གནང་མཁན་ནི་བོད་ཀྱི་ཆོས་ལུགས་མི་སྣ་རྣམས་ཁོ་ན་ཡིན་ནོ། དེར་བརྟེན་བལ་པོ་མགར་པ་རྣམས་ཀྱིས་བོད་དུ་གསེར་ཟངས་ཀྱི་སྐུ་བརྙན་བཞེངས་ཀྱང་དེའི་ཁྱད་ཆོས་ནི་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་ལྡན་ཡོད་དོ།
《ཀྲུང་གོའི་བོད་རིག་པ》༢༠༠༣ལོའི་དེབ་དང་པོ། འབྲུག་མོས་ཞུ་དག་བྱས།