གནས་ཡུལ། མདུན་ངོས། 首页艺术
 
 
༄༅།།ཁམས་ནགས་ཤོད་འབྲི་རུའི་ཡུལ་སྲོལ་གྱི་མཛའ་གླུ།
སྤེལ་དུས།2009-07-28   ཡོང་ཁུངས་།《སྤང་རྒྱན་མེ་ཏོག》   རྩོམ་པ་པོ། དཀོན་མཆོག་སྐལ་རྒྱས་བསྡུས། འབྲུག་མོས་ཞུས།

         མཐུན་གླུ།

རྫ་རྩེ་བྲག་རྩེ་གངས་རྩེ་གསུམ།

རི་མཐོ་གསུམ་རྩེ་མོ་དགུང་ལས་མཐོ།

སྲས་ཉི་མའི་གཡས་བསྐོར་ཆི་ལི་ལི།  

ཐུགས་ཟླ་བའི་གཡོན་བསྐོར་རོ་རོ། 

འབྲུག་ཕོ་ཐང་གསུངས་སྒྲ་འུ་རུ་རུ།  

གློག་དམར་མོ་འོད་མདངས་ལམ་སེ་ལམ། 

ཆར་སྔོན་མོ་སྦྲང་ཆར་ཟིམ་སེ་ཟིམ། 

ཡུལ་དེ་ན་མི་དགའ་གང་ན་དགའ། 

སང་ཕར་ཕར་འདུག་པའི་སྨོན་ལམ་འདེབས། 

བླ་མ་དཔོན་པོ་འོག་སྡེ་གསུམ། 

ཆོས་མི་རིགས་ལ་རྒྱ་གསེར་ལས་བཟང་། 

གོང་བླ་མའི་ཆོས་བཤད་འུ་རུ་རུ། 

བཀའ་དཔོན་པོའི་ཁྲིམས་བཤད་མདའ་ལས་དྲང་།

འབངས་འོག་སྡེའི་བློ་སེམས་དར་ལས་འཇམ། 

ཡུལ་དེ་ལ་མི་དགའ་གང་ན་དགའ། 

ཡུལ་དེ་ལ་འཛོམས་པའི་སྨོན་ལམ་འདེབས། 

གཡག་དམར་ཁྲ་གྲ་ཆུའི་སྐེ་ལུང་ཅན། 

ཚེ་གཅིག་གིས་སྒོ་ཟོག་ལོ་ཟེར་ན།

ཕྱིང་དཀར་དཀར་པོའི་གདན་གཅིག་རྒྱག

ཙན་དན་དམར་པོས་སྒ་གཅིག་བཏོད། 

ཁྲ་བོ་གཟི་ཡི་གློ་བསྣན་བསྔམ། 

ཚེ་གཅིག་གི་སྒོ་ཟོག་མ་ལོག་ན།

ཐེངས་གཅིག་ལ་གཡང་འགུའི་ཉིས་བརྩེགས་རྒྱག

རྫ་སྟོད་ཀྱི་གཉན་ཆེན་ཐང་ལྷ་དང་།  

རྫ་སྨད་ཀྱི་གཉན་སྨུག་འཁོར་འཚོ་གཉིས། 

མིང་ཆ་ལ་བོས་ཏེ་སང་སང་ནས།  

གསང་ཆ་ལ་མི་ཕུལ་ཐབས་མེད་རེད།།

རི་ཆེ་ནག་ལྷའི་དབུ་རྩེ་ལ། 

ལྷ་ཤུགས་འདྲེས་མའི་གསང་ཅིག་ཕུལ།  

འཁོར་མིའི་སྲུང་མ་འཁོར་འོང་རེད། 

འགྲོ་མིའི་ཤ་རྐྱང་འགྲོ་ལེ་རེད།  

རི་ནག་ལྷའི་གསང་ཁ་རྒྱུན་སྲོལ་འབུལ། 

ཤར་ཕྱོགས་རྨ་རྒྱལ་སྤོམ་ར་དེ། 

རི་མི་འགྱུར་ཁྲིག་སེ་བསྡད་རྩ་ན། 

ཤར་གྱི་ཁྲི་གདུགས་ཉི་མ་ང་།  

རི་གར་མཐོ་རྩེ་ནས་ཤར་འོང་ཨ།  

གསེར་བུ་མོ་འཚར་ས་ཕ་མའི་རྩར།

ལུས་ཁྲ་དཀར་འཇོག་ས་ཁྲམ་པའི་ལག

འདྲ་མ་ཆག་ཨི་བརྡ་ཁྲ་ལུ་སྡེ། 

དེ་ཡོད་ཀྱང་ཆོས་རྒྱལ་བཀོས་ཐང་རེད། 

རྟེའུ་ག་མ་འཚར་ས་ན་དམར་སྐྱིད། 

སྲབ་གསེར་མ་སྒྱུར་མི་ཇག་པའི་བུ།   

འདྲ་མ་ཆག་མི་བརྡ་ཁྲ་ལུ་སྡེ། 

དེ་ཡོད་ཀྱང་ཆོས་རྒྱལ་བཀོས་ཐང་རེད། 

ལུག་གཡང་མོ་འཚར་ས་ཕྱུགས་པོའི་ལྷའི། 

བལ་ཁ་ཆུ་འཇོགས་ས་ལྷ་སའི་ཁྲོམ། 

ཐིག་དཀར་དམར་བལ་པོའི་ཡུལ་དུ་རྒྱབ། 

འདྲ་མ་ཆག་ཨི་བརྡ་ཁྲ་ལུ་སྡེ།  

དེ་ཡོད་ཀྱང་ཆོས་རྒྱལ་བཀོས་ཐང་རེད། 

ལུག་གཡང་དཀར་མོ་འཚར་ས་ཕྱུག་པོའི་ལྷའི།

བལ་ཁ་ཆུ་འཇོག་ས་ལྷ་སའི་ཁྲོམ།

ཐིག་དཀར་དམར་བལ་བོའི་ཡུལ་དུ་རྒྱབ།

འདྲ་མ་ཆིག་ཨི་བརྡ་ཁྲ་ལུ་སྡེ།

དེ་ཡོད་ཀྱང་ཆོས་རྒྱལ་བཀོས་ཐང་རེད།

རི་སྟོད་རི་བྱིའུ་གཤོག་ཁྲ་དང་། 

རི་སྨད་ཁུ་བྱུག་སྔོན་མོ་དང་། 

ཤར་གངས་རིའི་རྒྱབ་ལ་མཉམ་འཛོམས་རེད། 

འཛོམས་དགོས་ལེའི་སྡུར་བ་མི་བརྡ་སྟེ། 

ཤར་གངས་རི་སྐོར་གྱིས་སྔོན་ལས་རེད། 

རྫ་སྟོད་ཀྱི་འབྲང་ཆུང་བེ་མོ་དང་། 

རྫ་སྨད་ཀྱི་ཟིའི་ཆུང་འབྲི་མོ་དང་། 

ནོར་ངེད་གཉིས་ནོར་རིགས་གཅིག་པ་ཡིན། 

རྭ་ངན་པའི་འདེད་རྡུང་དགྲ་ལ་སྒྱུར། 

གྲོང་སྟོད་ཀྱི་ཕ་བཟང་བུ་ལུ་དང་།

གྲོང་སྨད་ཀྱི་ན་ཆུང་བུ་མོ་གཉིས།

རོགས་ངེད་གཉིས་ཕ་ཡུལ་གཅིག་པ་རེད། 

ཚིག་ངན་པའི་ཟུར་བརྡ་དགྲ་ལ་སྒྱུར། 

སྦོས་ཁྲ་རིང་གཅིག་དང་ཁྲ་ཐུང་གཅིག

ཁྲ་རི་མོ་་བྱས་ན་ཁྲ་ཐུང་མཛེས།

འབབ་ཁ་དོག་བྱས་ན་ཁྲ་རིང་ཡག

རྫ་ཁྲ་ཡག་གཡས་བསྐོར་རྒྱག་ཉིན་མོ། 

སྦོས་ཁྲ་རིང་ངེད་གཉིས་སྔོན་ལས་བརྡ། 

སྦོས་ཁྲ་ཐུང་ཁྱོད་བསམ་པ་མ་ཕམ་ཨ། 

རྒྱབ་ཕ་བུ་འདི་དང་ཁྱད་མེད་ཡིན།

རོགས་སྔ་འགྲུལ་གཅིག་དང་ཕྱི་འགྲུལ་གཅིག

གཤིས་རྒྱུ་བ་བྱས་ན་སྔ་འགྲུལ་ཡག

མཛེས་བཀྲག་མདངས་བྱས་ན་ཕྱི་འགྲུལ་ཡག

མི་ཚེ་རིང་པོ་སྤྱོད་ཉིན་མོ། 

རོགས་སྔ་འགྲུལ་ངེད་གཉིས་སྔོན་ལས་བརྡ། 

རོགས་ཕྱི་འགྲུལ་ཁྱོད་བསམ་པ་མ་ཕམ་ཨ།  

རྟེན་ཚེ་རོགས་འདི་དང་ཁྱད་པར་མེད། 

རོགས་ངོམ། 

རྟ་རྒྱ་རྟ་སྟོང་རྟ་འཁྱེར་ལེ་མིན།  

ཁྱེར་བསྡད་ལེ་ནམ་མཁའི་བྱ་འདྲ་དགོས། 

བྱ་འདྲ་ལེའི་གཤོགས་སྒྲོ་མི་འདུག་སྟེ། 

འགྲོས་གོམས་པ་བྱ་གཉིས་དབྱེ་བ་མེད།  

རོགས་རྒྱ་རོགས་སྟོང་རོགས་འགྲུལ་ལེ་མིན།  

 འགྲུལ་བསྡད་ལེ་ནམ་མཁའི་ལྷ་འདྲ་དགོས།  

ལྷ་འདྲ་ལེའི་མངོན་ཤེས་མི་འདུག་སྟེ།  

སེམས་གངས་དཀར་ལྷ་དང་ཁྱད་པར་མེད། 

ལ་ཁྲ་ཁྲ་འདི་ཡི་ཕལ་ནང་ན།  

རོགས་ཁ་ཁྲ་གཟི་ཁྲ་འདྲ་ཅིག་ཡོད། 

མིག་ཁྲ་ཆུང་འདི་གཉིས་ཁྱད་པར་མེད། 

ལ་དཀར་དཀར་འདི་ཡིས་ཕལ་ནང་ན།  

རོགས་དཀར་དཀར་དར་དཀར་འདྲ་ཅིག་ཡོད། 

སེམས་གངས་དཀར་དར་གཉིས་ཁྱད་པར་མེད།  

རྟ་ཁྱེར་ན་ཁྱེར་གཏོང་ཆོག་ཆོག་ཡིན།  

སྲབ་གསེར་མ་མགོ་ལ་བླུག་བཞག་ཡོད།  

རྟ་མ་ཁྱེར་བཞག་ན་ཆོག་ཆོག་ཡིན།  

སྒ་གསེར་སྒ་རྒྱབ་ལ་བཏོད་དགོས་ཡོད། 

རོགས་འགྲུལ་ན་འགྲུལ་དང་ཆོག་ཆོག་ཡིན།  

ཁ་ཚིག་གསུམ་འདུན་མ་གཏམ་བཞག་ཡོད། 

རོགས་མ་འགྲུལ་གཡུག་གཏོང་ཆོག་ཆོག་ཡིན།  

བློ་སྙིང་དམར་མི་ལ་གཏད་བཞག་མེད། 

ཉིན་བྲག་དཀར་དབུ་མའི་དབུ་རྩེ་ལ། 

རྒོད་ཐང་དཀར་མར་རྒྱན་རྒྱབ་འདྲ་ཡོད། 

གསུངས་མར་རྒྱན་ཉི་མའི་མེ་ལས་འོད། 

སྒོ་བཤོག་པ་གསལ་གོར་ཕབ་བཞག་ཡོད། 

མཐུན་མཐུན་གྱིས་ཤོག་ཨ་མཐུན་རོགས། 

མིང་མི་ཁ་ཁུར་མི་ངེད་གཉིས་རེད། 

མགྱོགས་མགྱོགས་ཀྱིས་ཤོག་གཡུ་འཛིན་རྟ།  

ལམ་སྐྱ་མོ་སྤྱོད་མི་ངེད་གཉིས་རེད། 

རྟ་རག་དཀར་སྒ་གཉིས་མི་བྲལ་ལེ། 

མི་འགྱུར་ཆབ་པུ་སྡམ་བཞག་ཡོད། 

རོགས་དང་རོགས་གཉིས་མི་བྲལ་ལེ། 

མི་འགྱུར་འདུན་མ་གཏམ་བཞག་ཡོད། 

སྨད་རྒྱ་ནག་སྒྲུབ་ཆུ་འཐིང་གི་མདོག  

ཇ་ཡུ་དམར་མི་འབབ་ཐོགས་པ་མེད།

སྨད་རྒྱ་ནག་ཆུ་མགོ་པ་ཏྲ་ཅན། 

དབྱར་ཤར་ཀྱང་པ་ཏྲ་ཞུ་ལེ་མིན། 

བྱིའུ་གསེར་བྱིའུ་གསེར་གྱི་གཤོག་པ་ཅན། 

ཡར་འཕུར་དུས་སྟེང་ཕྱོགས་ལྷ་ཡུལ་འཕུར། 

མར་བབས་དུས་ལྷ་ཤིང་ཤུག་པའི་རྩེར། 

བྱིའུ་ང་ལས་སྐྱིད་ས་ག་ན་འདུག་

རྟ་རྐྱང་ཆུང་པདྨ་རག་གའི་མདོག  

ཡར་ཕྱིན་དུས་ན་དམར་ན་རྩ་ཟ། 

མར་ཕྱིན་དུས་རྫ་ཆུ་བསིལ་མ་འཐུང་། 

རྐྱང་ང་ལས་སྐྱིད་ས་ག་ན་འདུག

ཡར་ལྟོས་དང་ལྟད་མོ་ཡིན་འདྲ་འདུག

རྫ་རག་དཀར་སྨན་སྒམ་སྒྲིག་འདྲ་འདུག

ཤ་ཕོ་ཆེན་འགྲོ་ས་སྡོད་ས་ཡིན། 

མགོ་རྭ་བཅུའི་བསྟན་པ་དར་ས་ཡིན། 

རྫ་རག་དཀར་ཨ་ལོང་མེ་ལོང་རེད། 

འབྲོང་བེ་མོ་འཁོར་གྱི་མེ་ལོང་རེད། 

འཁོར་མང་ལེའི་ང་ནི་དགའ་ལེ་མིན། 

ཡིད་འགྲོ་ལེའི་འབྲོང་ཆུང་རེ་རེ་ཙམ། 

སྟག་ཤར་བ་ཨ་ལོང་མེ་ལོང་རེད། 

གསེར་བུ་མོ་འཁོར་གྱི་མེ་ལོང་རེད། 

འཁོར་མང་ལེའི་ང་ནི་དགའ་ལེ་མིན། 

ཡིད་འགྲོ་ལེའི་ན་ཆུང་རེ་རེ་ཙམ། 

གསལ་ཉི་མ་མེ་རུའི་གཤོག་པ་ཅན། 

ནམ་ཡར་ལངས་མིན་ལེ་མི་ཤར་ལེ། 

དབུས་རི་རྒྱལ་རི་མགོ་མཐོ་སང་རེད། 

བྱ་ཁུ་བྱུག་གཡུ་ཡི་སྒྲོ་གུར་ཅན། 

དབྱར་ཟླ་གསུམ་མིན་ལ་མི་གྲགས་ལེ།  

སྨད་མོན་ཡུལ་ས་ཐག་རིང་སང་རེད།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060