| ཀློང་རྡོལ་བླ་མ་ངག་དབང་བློ་བཟང་ནི། ཁམས་ཆབ་མདོའི་དབོན་ཕུ་ཞེས་པར་ཡབ་དབང་འབུམ་དང་ཡུམ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་མོ་ཕག་གི་ལོར་སྤྱི་ལོ་༡༧༡༩ལ་སྐུ་འཁྲུངས། དགུང་ལོ་བདུན་པ་ནས་ཡབ་ལས་ཡི་གེ་འབྲི་ཀློག་སོགས་བསླབས་ནས་དགུང་ལོ་བཅུ་བདུན་བར་དུ་ཆབ་མདོ་བྱམས་པ་གླིང་གི་དགེ་འདུན་འདུས་སྡེ་ཆེན་མོར་གྲྭ་དཀྱུས་མའི་ཚུལ་དུ་ཞུགས། དགུང་ལོ་ཉི་ཤུ་པར་ལི་ཐང་དགོན་དུ་ཕེབས་ཏེ་ནང་དོན་དང་ཚད་མ་རིག་པ་ལོ་གསུམ་སྦྱངས། དགུང་ལོ་ཉེར་བཞི་པར་དབུས་ལྷ་ལྡན་དུ་ཕེབས་ཏེ་སེ་ར་བྱེས་པ་གྲྭ་ཚང་དུ་གཞུང་པོད་ལྔ་ལ་སོགས་པའི་ཕྱི་ནང་རིག་གནས་ཐམས་ཅད་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད། རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དང་པཎ་ཆེན་དཔལ་ལྡན་ཡེ་ཤེས་སོགས་བླ་མ་བཅུ་གསུམ་ཙམ་བསྟན། དབང་དང་གདམས་པ་ཟབ་མོ་མནོས། དེ་ནས་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེའི་སྒྲུབ་ཕུག་སྙེ་ཐང་ཀློང་རྡོལ་དུ་ཡུན་རིང་བཞུགས་པས་ཀློང་རྡོལ་བླ་མ་ཞེས་པའི་མཚན་ཐོགས། སྐུ་ཚེ་ཧྲིལ་པོར་དཔལ་དགེ་ལྡན་གྱི་རིང་ལུགས་དྲི་མ་མེད་པ་འཛིན་སྐྱོང་སྤེལ་གསུམ་དང་འཆད་རྩོད་རྩོམ་གསུམ་ཀྱིས་དུས་འདའ་བ་མཛད་དེ་ཁོང་གི་རྩོམ་ཆོས་ལ་རིག་གནས་ཆེ་ཕྲ་ཐམས་ཅད་གྱི་བསྟན་བཅོས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་གྲངས་དང་མཚུངས་པ་བཞུགས་པ་ལས་《དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་བཀོད་པ་བུ་ལུགས་སུ་བྲིས་པ། 》《དུས་འཁོར་ལས་གསུངས་པའི་རི་རབ་གླིང་བཞི་ལ་སོགས་པའི་ཆགས་ཚུལ། 》《བྱང་ཤམ་བྷ་ལ་སོགས་ཀྱི་ཞིང་ཁམས་ཀྱི་བཀོད་པ། 》སྐུ་གསུང་ཐུགས་ཀྱི་བཟོ་དང་ཆ་ཚད་ཡིག་རིགས་དྲུག་ཅུ་རྩ་བཞི། མཆོད་པའི་གར་སྟབས་ལྔ་བཅུ་རྩ་བརྒྱད། ལུས་ཕྲ་མ་མཛེས་པའི་མཚན་མ་བཅོ་བརྒྱད་ལ་སོགས་པའི་བཟོ་ལས་བྱུང་བའི་མིང་གི་རྣམ་གྲངས་མང་པོ་འདུས་ཤིང་། བཟོ་བོ་ལ་ངེས་པར་མཁོ་ཞིང་གོ་བདེ་བའི་《བཟོ་དང་གསོ་བ་སྐར་རྩིས་རྣམས་ལས་བྱུང་བའི་མིང་གི་རྣམ་གྲངས་》དང་། 《རིན་པོ་ཆེའི་བརྟག་ཐབས་》སོགས་བཟོ་རིག་པའི་གཞུང་ཡང་དུ་མ་བརྩམས་ཏེ་གངས་ཅན་བཟོ་རིག་པའི་བང་མཛོད་རྒྱས་པར་མཛད།
རྗེས་དཀོན་མཆོག་འཇིགས་མེད་དབང་པོ་སོགས་མཁས་གྲུབ་ཀྱི་སློབ་བུ་མང་དུ་བསྐྱངས་ནས་དགུང་ལོ་དོན་དྲུག་པ་ཤིང་མོ་ཡོས་ལོར་སྤྱི་ལོ་༡༧༩༥དགོངས་པ་ཆོས་དབྱིངས་སུ་ཐིམས་སོ། ། |