གནས་ཡུལ། མདུན་ངོས། ལྷ་རིས།
 
 
༄༅།།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་བོད་བཟོའི་རིག་གཞུང་བང་མཛོད་རྒྱས་པར་མཛད་ཚུལ།
སྤེལ་དུས།2008-09-25   ཡོང་ཁུངས་།《བཟོ་གནས་སྐྲ་རྩེའི་ཆུ་ཐིགས》   རྩོམ་པ་པོ། དཀོན་མཆོག་བསྟན་འཛིན། འབྲུག་མོས་ཞུ་དག་བྱས།

      འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་བློ་གྲོས་མཐའ་ཡས་ནི། བོད་རབ་བྱུང་བཅུ་བཞི་པའི་ཆུ་བྱ་སྤྱི་ལོ་༡༨༡༣ལོར་ཡུལ་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་པདྨ་ལྷ་རྩེའི་མདུན་རོལ་རོང་རྒྱབ་སྦས་ཀྱི་ལྗོངས་སུ། ཡབ་ཁྱུང་རྒྱལ་གྲུབ་རིགས་བསྟན་འཛིན་གཡུང་དྲུང་དང་ཡུམ་རྣལ་འབྱོར་མ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། གཞོན་ནུའི་རོལ་རྩེད་ཐམས་ཅད་དབང་བསྐུར་ཆོས་འཆད་དང་པྲཛྙཱ་བཟླས་བརྗོད་ཀྱི་ཚུལ་ཁོ་ན་བསྟན། དགུང་ལོ་ལྔ་ཙམ་ནས་ཡི་གེའི་ཕྱི་མོ་སོགས་བརྡ་བསྟན་པ་ཙམ་གྱིས་ཐུགས་སུ་ཆུད། དགུང་ལོ་བཅུ་སྐོར་ནས་སྔོན་སྦྱང་གི་བག་ཆགས་སད་དེ་དམ་པའི་ཆོས་ལ་འཇུག་པའི་ཐུགས་དམ་བརྟན་པོ་མངའ་ཞིང་བཟོ་དང་གསོ་བ་རིག་པ་ལ་སོགས་གཟིགས་པ་ཙམ་གྱིས་མཁྱེན། ཏཱའི་སི་ཏུ་པདྨ་ཉིན་བྱེན་དབང་པོའི་ཞབས་སེན་རིགས་ཀྱི་ཅོད་པན་དུ་བཞེས་ནས་སྡོམ་པ་གསུམ་གྱི་བདུད་རྩིས་མཚོན། མཐར་ཐུག་དེས་གསང་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་མཛད་དེ། སྙིང་པོ་དོན་གྱི་བརྒྱུད་པའི་རྒྱལ་ཐབས་ལ་དབང་བསྐུར་རོ། །

དེ་ནས་གནས་ལྔ་རིག་པའི་པཎྜི་ཏ་ཟེ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་སོགས་མཁས་གྲུབ་ཀྱི་ཡོངས་འཛིན་དུ་མ་ལས་ཐུན་མོང་གི་རིག་གནས་བཅུ་ཕྲག་ལས་བརྒལ་བ་དང་། ཐུན་མིན་ནང་གི་རིག་པ་དབུ་ཕར་འདུལ་མཛོད་བྱམས་ཆོས་གཙོ་བོར་གྱུར་པའི་མཚན་ཉིད་ཐེག་པའི་བཀའ་དང་དགོངས་འགྲེལ་མང་པོ། ཤིན་ཏུ་ཐུན་མིན་བཀའ་གཏེར་གསར་རྙིང་གི་རྒྱུད་སྡེ་ཆེན་པོ་ཇི་སྙེད་དང་བཅས་གསན་ཏེ། གཞན་དྲིང་མི་འཇོག་པའི་མཁྱེན་པ་ནམ་མཁའི་ཀློང་ལྟ་བུ་གྱུར་པས་སརྦ་ཛྙ་ན་མ་ཧཱ་པཎྜི་ཏ་ཞེས་མཚན་སྙན་གྲགས་པ་དོན་ལྡན་གྱི་གོ་འཕང་མཐོན་པོ་བཪྙེས། འཇམ་དབྱངས་མཁྱེན་བརྩེ་དབང་པོ་གཙོས་རིས་མེད་ཀྱི་བཤེས་གཉེན་བཅུ་ཕྲག་ལྔ་ལྷག་གི་དྲུང་ནས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ལམ་སྲོལ་གངས་ལྗོངས་སུ་མཆིས་སོ་འཚལ་གྱི་སྨིན་གྲོལ་གདམས་པའི་ཟབ་བཅུད་མཐའ་དག་རྫོགས་པར་གསན་ཅིང་ཐུགས་ཉམས་སུ་བཞེས། བཀའ་དང་བསྟན་བཅོས་རྒྱུད་ལུང་མན་ངག་གི་གཞུང་བཤད་ལས་ཚོགས། ཕྱག་ལེན་ཞིབ་ཕྲ་དང་བཅས་ཐུགས་ཀྱི་བུམ་པར་བསྐྱིལ་ནས། གསན་བསམ་སྒོམ་པའི་ཕྱག་རྗེས་ཀྱི་རྨད་དུ་བྱུང་བའི་བསྟན་བཅོས་ནི། ཐུན་མོང་རིག་གནས་ཀྱི་ལམ་ནས་བཟུང་ཐུན་མིན་ཐེག་པ་རིམ་པ་དགུའི་མཐར་ཐུག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་ཐུག་གི་བར་མདོ་སྔགས་ཀྱི་ལུས་ཡོངས་སུ་རྫོགས་པ་ལེགས་པར་སྟོན་པ་ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རྩ་བའི་སྙིང་པོ་རྣམས་དང་སྨིན་གྲོལ་བཅུད་ཀྱི་ཡང་ཟབ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་གདོམ་ངག་རིན་པོ་ཆེའི་མཛོད། རྡོ་རྗེ་ཐེག་པ་སྔ་འགྱུར་བཀའ་མ་ཡང་ཕུར་གཤེན་གསུམ་སོགས་དང་། གསར་འགྱུར་མར་རྔོག་རྒྱུད་སྡེའི་སྐོར་གྱི་སྒྲུབ་དཀྱིལ་སྨིན་གྲོལ་ཕྱོགས་གཅིག་ཏུ་བསྡུས་པ་བཀའ་བརྒྱུད་སྔགས་ཀྱི་མཛོད། སྔ་འགྱུར་བརྒྱུད་པ་དྲུག་ལྡན་ཟབ་གཏེར་རྒྱ་མཚོའི་ཡང་ཞུན་བཅུད་དུ་དྲིལ་བ་རིན་ཆེན་གཏེར་གྱི་མཛོད། ཤོག་སེར་དམ་རྫས་སོགས་ཟབ་གཏེར་གསང་བའི་ཁྱད་ནོར་ཐུན་མོང་མ་ཡིན་པའི་མཛོད་དང་། དེའི་རྗེས་འགྲེལ་གསུང་རྩོམ་ཐོར་བུའི་རིགས་ཕྱོགས་བསྡུས་རྒྱ་ཆེན་བཀའ་མཛོད་དེ་མཛོད་ཆེན་རྣམ་པ་ལྔའི་ཤིང་རྟ་འཛམ་བུ་གླིང་ན་སྔར་མེད་གསར་དུ་དྲངས་པ་དང་། ཁྱད་པར་དུ་སྒོ་གསུམ་གྱི་བཟོ་རིག་གཙོ་བོར་བསྟན་པའི་ལུས་ངག་ཡིད་གསུམ་གྱི་བཟོ་ལ་གཙོ་ཕལ་གཉིས་རེའི་རྣམ་བཞག་དང་། །དེའི་ཤེས་བྱ་བརྟེན་པ་ལྷའི་ཆ་ཚད། རྟེན་གཞལ་ཡས་ཁང་ཁྲི་རྒྱབ་ཡོལ་དང་བཅས་པའི་ཐིག་གི་ལག་ལེན། ཆོས་སྐུ་ཐུགས་ཀྱི་མཆོད་རྟེན་བྱུང་ཚུལ་དང་ཤེས་བྱ་དུས་འཁོར་དང་སྡོམ་འབྱུང་སོགས་ཀྱིས་དགོངས་པ་གསལ་བར་བྱེད་པའི་དགོངས་འབྲེལ་མཚམས་སྦྱོར་དང་བཅས་པ། འཕྲོས་དོན་སངས་རྒྱས་སྐུའི་མཚོན་དང་དཔེ་བྱད་ཞི་ཁྲོ་དང་ཕོ་མོ་ལ་སོགས་ཀྱི་ཁྱད་པར་དང་སྟངས་སྟབས། །རྒྱན་དང་ཕྱག་མཚན། རྩ་བ་དང་ཡན་ལག་བཅས་པའི་ཚོན་སྦྱོར། མདངས། བཅད། ཡུལ་བཀོད་བལ་བོད་དང་རྒྱ་དཀར་ནག་ལ་སོགས་པའི་བཟོའི་ཁྱད་ཆོས། བཟོ་བོའི་མཚན་ཉིད། བཟོ་ལེགས་པའི་ཕན་ཡོན། ཉེས་པའི་ཉེས་དམིགས་ལ་སོགས་ཀྱི་ཆེ་ཕྲ་བཟོའི་བསྟན་བཅོས་ཀྱང་བརྩམས་པར་མཛད་པ་སོགས་ངོ་མཚར་གྱི་མཛད་པ་བགྲངས་ལས་འདས་པ་རེ་ཞིག་མཐར་ཕྱིན་ཏེ་དགུང་གྲངས་གྱ་བདུན་པ་ས་ཕག་ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060