| མིག་སྔའི་བོད་སྐད་བརྙན་འཕྲིན་དང་རླུང་འཕྲིན་གཉིས་ཀྱི་སྙན་སྒྲོན་ངོས་ནས་ཞུས་ན། བོད་སྐད་སྙན་སྒྲོན་ནི་བརྙན་འཕྲིན་དང་རླུང་འཕྲིན་གྱི་ལས་རིམ་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། འོན་ཀྱང་བོད་སྐད་སྙན་སྒྲོན་ཐད་རྒྱ་སྐད་ཀྱི་སྙན་སྒྲོན་ལྟ་བུའི་ཆེད་ལས་ཀྱི་རིགས་པའི་གཞུང་ལུགས་སམ་སྙན་སྒྲོན་རིག་པའི་གཞི་འཛིན་ས་གང་ལེགས་ཤིག་ད་བར་དམིགས་སུ་ཆགས་མེད་པ་མ་ཟད། ཐ་ན་དེའི་སྐོར་གྱི་མྱོང་ཚུལ་ཙམ་གྱི་བརྩམས་བྱ་ཡང་ཉིན་མོའི་རྒྱུ་སྐར་བཞིན་མཐོང་བར་དཀོན། སྣང་ཚུལ་དེ་རིགས་འོག་རང་ཉིད་ལ་བོད་སྐད་སྙན་སྒྲོན་གྱི་རིགས་པའི་གཞུང་ལུགས་ཐོག་ནས་དོན་སྙིང་གཏིང་ཟབ་ཙམ་ཞིག་ཞུ་སྤོབས་མེད་ན་ཡང་། རང་ཉིད་བོད་སྐད་སྙན་སྒྲོན་གྱི་ལས་ཀ་བྱས་ནས་ད་བར་ལོ་ངོ་སུམ་ཅུ་ལྷག་ཙམ་ཕྱིན་པའི་འབབ་ཐོག་ནས། འདིར་བོད་སྐད་སྙན་སྒྲོན་པའི་རྩ་བའི་ཆ་རྐྱེན་ཁ་ཤས་ཐད་ལོ་ངོ་སུམ་ཅུའི་ལག་ལེན་དངོས་ནང་རང་གིས་སྦྱོང་བརྡར་དང་། འཚོལ་ཞིབ། ཕྱོགས་བསྡོམས་བཅས་བྱས་པའི་མྱོང་ཚོར་དང་ལྟ་སྟངས་ཕྲན་བུ་ཞིག་སྤེལ་རེས་ཀྱི་ཚུལ་དུ་གླེང་བར་འདོད་པ་གཤམ་གསལ། དང་པོ། སྙན་སྒྲོན་པའི་སྐད་ཡིག་བྱང་ཚད། ང་ཚོ་བོད་སྐད་སྙན་སྒྲོན་པ་ཞིག་གི་ངོས་ནས་བཤད་ན་ཡང་སྙན་སྒྲོན་པ་སྤྱི་དང་འདྲ་བར། སྙན་སྒྲོན་གྱི་སྐད་ཆའི་སྒྱུ་རྩལ་ལ་དང་དོད་བྱ་རྒྱུ་གལ་འགངས་ཆེ་ཞིང་། གསར་འགྱུར་དང་། ཡིག་ཆ། རྒྱས་འཕྲིན། དེ་བཞིན་སྙན་ངག་དང་བརྩམས་སྒྲུང་སོགས་བརྩམ་བྱ་དང་དང་གང་ཞིག་བཀླགས་ན་ཡང་དེ་དང་དེའི་བརྗོད་དོན་དང་རྣམ་པ་མི་འདྲ་བ་སོ་སོ་དང་མཐུན་ཞིང་འཚམ་པའི་སྐད་ཆའི་སྒྱུ་རྩལ་གྱི་ཉམས་ཆོས་འདོན་ཤེས་པ་བྱ་དགོས། དེ་ལྟར་བྱེད་པར་རྩ་བའི་ཆ་རྐྱེན་ནི་མགྲིན་སྐད་བཟང་བའི་རྨང་གཞིའི་ཐོག་ངེས་པར་དུ་བོད་སྐད་ཡིག་གི་བྱང་ཚད་མཐོ་པོ་ལྡན་དགོས་པ་དེ་ཡིན། གལ་ཏེ་སྐད་དང་ཡི་གེའི་བྱང་ཚད་དེ་ཙམ་མཐོ་པོ་མེད་ན་གསན་མཁན་གྱིས་དམའ་འབེབས་དང་འཕྱ་སྨོད་བྱེད་པའི་སྐྱོན་མང་པོ་ཐོན་སྲིད་པ་དཔེར་ན་འདི་ནི་ལས་ཀྱི་མཐའ་མ་རེད་ལྟ་བུ་དང་ཞའོ་ཝང་ལ་དུག་ཕོག་འདུག་ལྟ་བུར་སྐད་ཤེས་ཀྱང་ཀློག་མི་ཤེས་པའི་སྐྱོན་ལྡན་པ་དང་། ཡང་དཔེར་ན་བོད་ལྗོངས་ལ་འབོད་ལྗོངས་ཞེས་པ་དང་། ད་ལྟ་ལ་མདའ་ལྟ་ཞེས་པ། དགའ་ཚོར་ལ་ག་ཚོར་ཞེས་པ་སོགས་ཀློག་ཤེས་ཀྱང་སྒྲ་མི་དག་པའི་སྐྱོན་མང་དུ་ལྡན་པ་ལྟ་བུ་རེད། གལ་ཏེ་མགྲིན་སྐད་བཟང་ཞིང་བོད་སྐད་ཡིག་གི་བྱང་ཚད་གང་ཙམ་ལྡན་པའི་སྙན་སྒྲོན་པ་ཞིག་ཡིན་ན། བརྩམ་བྱ་གང་འདྲཞིག་བཀླགས་ཀྱང་དེའི་བྱང་ཚད་གསན་མཁན་གྱིས་གསན་མ་ཐག་ནས་སྙན་དག་རྒྱུགས་གསུམ་གྱི་ཚད་གཞིར་སླེབས་པ་རྟོགས་ཐུབ། འདིར་སྙན་དག་རྒྱུགས་གསུམ་ཞེས་པ་འདི་ཡང་། སྙན་ཞེས་པ་ནི་གསར་འགྱུར་དང་རྒྱས་འཕྲིན། སྙན་ངག་དང་བརྩམས་སྒྲུང་སོགས་ལ་གང་ལ་གང་འཚམ་གྱི་བརྗིད་པ་དང་སྒེག་པ་ལ་སོགས་པའི་ཉམས་ཆོས་སོ་སོར་བཏོན་ཏེ་གསན་མཁན་རྣམ་པའི་རྣ་བར་སྙན་ཞིང་ཡིད་ལ་འཇེབས་པའི་སྐད་ཆའི་སྒྱུ་རྩལ་མངོན་ཐུབ་པ་བྱ་རྒྱུར་གོ་བ་དང་། དག་ཅེས་པ་ནི་བརྩམས་བྱ་གང་འདྲ་ཞིག་བཀླགས་ཀྱང་ཚིག་གི་གཅོད་མཚམས་མ་ནོར་བ་དང་། མིང་ཚིག་དང་ཐ་ན་ཚིག་ཕྲད་ཀྱི་སྒྲ་འདོན་སྟངས་ཙམ་ཡང་མ་ནོར་བར་སུམ་རྟགས་དང་དག་ཡིག་གི་དཔེ་གཞུང་ལྟར་ཡང་དག་པར་བཀླགས་ནས་གསན་པ་པོས་ཐད་ཀར་གོ་ཐུབ་པ་བྱ་རྒྱུ་དེར་ཟེར་བ་ཡིན། རྒྱུགས་ཅེས་པ་ནི། བརྩམ་བྱ་གང་འདྲ་ཞིག་བཀླགས་ཀྱང་སྐད་ཡིག་གི་ཆ་ལ་འགོག་རྐྱེན་གང་ཡང་མེད་པར། ཡིག་རྗེས་མིག་གིས་ཟིན་པ་དང་མིག་རྗེས་ལྕེ་ཡིས་ཟིན་པ། ལྕེ་རྗེས་ཉམས་ཆོས་ཀྱིས་ཟིན་པའི་ཐོག ཆུ་མོ་རང་བཤད་བཞིན་སྙན་ཞིང་དག་ལ་འབྲེལ་ཆགས་པའི་ངང་ཀློག་ནུས་པའི་སྐད་ཆའི་སྒྱུ་རྩལ་ལ་བྱ་བ་ཡིན། དེའི་ཁར་ད་དུང་དེང་རབས་སྙན་སྒྲོན་པ་དང་ལེ་ཚན་གཙོ་སྐྱོང་པའི་སྐད་ཆའི་སྒྱུ་རྩལ་དང་ཕྱོགས་ཅི་ཐད་ཀྱི་ཤེས་ཚད་ཐོག་ནས་ཞུས་ན། རེ་བ་དང་དམིགས་ཚད་དེ་བས་མཐོ་པོ་ཡིན་ཡང་འདིར་ཞིབ་པར་ཞུ་སྐབས་མ་མཆིས། གཉིས་པ། སྙན་སྒྲོན་པའི་ཆབ་སྲིད་འགན་སེམས། སྤྱིར་སྙན་སྒྲོན་པ་ཞེས་པ་ནི་ཤེས་པར་བྱ་བའི་ཡུལ་གང་རུང་ཤེས་པར་བྱེད་པའི་མཚམས་སྦྱོར་ཕོ་ཉ་ལྟ་བུ་ཡིན། ལྷག་པར་དུ་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་སྙན་སྒྲོན་པ་ཞིག་གི་ངོས་ནས་བཤད་ན། ང་ཚོ་ནི་ཏང་དང་མང་ཚོགས་བར་གྱི་འབྲེལ་ཟམ་ལྟ་བུ་དང་། ཀྲུང་དབྱང་གི་མགྲིན་ཚབ་པ་ལྟ་བུ་ཡིན་ཞིང་། ང་ཚོའི་འོས་འགན་གཙོ་བོ་ནི་རང་ཉིད་ཀྱི་མགྲིན་པ་བརྒྱུད། ཏང་དང་སྲིད་གཞུང་གི་དགོངས་དོན་དང་མཛད་ཕྱོགས་སྲིད་ཇུས་ཁག་དུས་ཐོག་ཏུ་ཆད་ལུས་མེད་ཅིང་། ཡང་དག་པའི་ངང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་བརྒྱུད་བསྒྲགས་ཞུ་དགོས་པ་དང་། དུས་དང་གནས་བབ་གང་འདྲ་ཞིག་ཡིན་རུང་། ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་གྱིས་ཏང་གི་ཕྱོགས་སུ་ལངས་ནས་རྒྱ་ཆེའི་མང་ཚོགས་ལ་ཁྲིད་སྟོན་ཡང་དག་པ་བྱ་དགོས་པ་དེ་ཡིན། དོན་སྙིང་དེའི་ཐོག་ནས་བསམ་བློ་བཏང་ཚེ། ང་ཚོ་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་སྙན་སྒྲོན་པ་ནི་སྤྱིར་བཏང་གི་སྙན་སྒྲོན་པ་དང་མི་འདྲ་བར་གཅིག་ཐད་ནས་གཟི་བརྗིད་ཆེ་བ་དང་། གཉིས་ཐད་ནས་འཁུར་འགན་ལྕི་བ་ཞིག་ཡིན། ང་ཚོའི་སྙན་སྒྲོན་གྱི་སྐད་ཆའི་གདངས་ཀྱི་ཆ་རེ་རེ་དང་ཚིག་འབྲུ་རེ་རེས་ཀྱང་གསན་མཁན་རྣམ་པའི་ཁྲོད་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ངེས་པ་དང་། ནོར་འཛོལ་དང་ཆད་འགྱང་ཕྲན་ཙམ་བྱུང་ཚེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྱོང་གུན་ཚབས་ཆེན་བཟོ་སྲིད་པ་བརྗོད་མི་དགོས། དེར་བརྟེན་ང་ཚོས་ངེས་པར་དུ་རང་ཉིད་ཀྱི་དམིགས་བསལ་གནས་བབ་ལ་ངོས་འཛིན་གང་ལེགས་བྱས་ཐོག་ཏང་གི་མགྲིན་ཚབ་པའི་འདུ་ཤེས་དང་ཆབ་སྲིད་ཀྱི་འགན་སེམས་ཆེ་རུ་གཏོང་རྒྱུར་རྟག་ཏུ་དོ་སྣང་དང་། གསར་འགྱུར་ལས་དོན་གྱི་ཏང་གཤིས་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་དང་ཆབ་སྲིད་ཐད་ནས་ཀྲུང་དབྱང་གི་མགྲིན་ཚབ་པར་བཅོལ་བའི་རེ་བ་བསྒྲུབ་ཐུབ་པ་བྱ་དགོས་། སྙན་སྒྲོན་པ་ཞིག་གི་ངོས་ནས་བཤད་ན། དེ་ལྟ་བུའི་འདི་ཤེས་དང་འགན་སེམས་ཆེ་རུ་གཏོང་བར་ངེས་པར་དུ་དུས་རྣམ་པ་ཀུན་ཏུ་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་དང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་རབ་དང་རིམ་པ་ཡིད་ལ་ངེས་ཏེ། ཏེང་ཞའོ་ཕིང་གི་རླབས་ཆེའི་རིགས་གཞུང་ལ་སློབ་སྦྱོང་དང་། མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པར་གོ་བ་གཏིང་ཟབ་བླངས་མཐར། རང་ཉིད་ཀྱི་ལས་ཀ་དངོས་དང་ཟུང་འབྲེལ་བྱས་ནས་ཞུ་དག་དང་། ལྟ་སྦྱོང་། སྒྲ་བཅུག་སོགས་ལས་རིམ་གང་གི་ཐད་ལ་ཡང་ལྷོད་གཡེངས་དང་སླ་བཅོས་གཏན་ནས་མེད་པར་དུས་ཐོག་ཏུ་བདེ་བླག་ངང་ལེགས་འགྲུབ་ཡོང་རྒྱུར་འགན་ལེན་བྱ་དགོས། གསུམ་པ། གསན་མཁན་རྣམ་པའི་རེ་བ་སེམས་ལ་འཇོག་དགོས་པ། མ་གཞི་མིག་སྔར་བརྙན་འཕྲིན་དང་དྲ་སྦྲེལ་སོགས་དེང་རབས་མཚམས་སྦྱོར་ཡོ་ཆས་ཀྱིས་རླུང་འཕྲིན་ལས་རིགས་ལ་འགྲན་རྩོད་ཆེ་ཙམ་བཟོ་བཞིན་ཡོད་ན་ཡང་རླུང་འཕྲིན་ལ་སྔར་བཞིན་ཡུལ་དུས་ལས་བརྒལ་བའི་མཚམས་སྦྱོར་གྱི་ཕན་ནུས་རང་བཞིན་དང་། སྟབས་བདེའི་རང་བཞིན། ཁྱབ་ཆེའི་རང་བཞིན་སོགས་དམིགས་བསལ་གྱི་ཁྱད་ཆོས་དང་བཟང་ཆ་ལྡན་པས་ན་རླུང་འཕྲིན་གསན་མཁན་སྔར་བཞིན་མང་པོ་ཡོད། ང་ཚོའི་བོད་སྐད་རླུང་འཕྲིན་གནས་མཁན་མང་ཆེ་བ་ནི་ཞིང་འབྲོག་ཁུལ་དུ་གནས་ཤིང་། ཁོང་ཚོ་ནི་དཔལ་འབྱོར་དང་རིག་གནས་ཀྱི་འཚོ་བའི་ཆ་རྐྱེན་དང་། སློབ་གསོའི་ཆུ་ཚད་ལྟོས་བཅས་ཀྱིས་ཞན་ཙམ་ཞིག་ཡིན་གཤིས། ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་མི་འདྲ་བ་དང་། གསན་སྟབས་བདེ་བའི་བོད་སྐད་རླུང་འཕྲིན་གསན་རྒྱུ་ནི་ཁོང་ཚོའི་བསམ་པའི་འཚོ་བཅུད་ལྟ་བུར་གྱུར་ཡོད། དེའི་ཐོག་ནས་གསན་མཁན་རྣམ་པས་ང་ཚོའི་ལེ་ཚན་བཀོད་སྒྲིག་བྱེད་ཕྱོགས་དང་། སྙན་སྒྲོན་ཞུ་སྟངས་ཐད་རེ་བ་ཆེན་པོ་བཅངས་ཡོད་པ་མཚོན་ཐུབ་པ་མ་ཟད། ལྷག་པར་དུ་གསན་མཁན་རྣམ་པའི་རེ་བ་དེ་རིགས་ང་ཚོས་སེམས་ལ་བཞག་སྟེ་དོན་དངོས་དང་ཐག་ཉེ་བ་དང་། མང་ཚོགས་དང་ཐག་ཉེ་བ། འཚོ་བ་དང་ཐག་ཉེ་བ་བཅས་ཉེ་བ་གསུམ་གྱི་དྲིལ་བསྒྲགས་བྱེད་ཕྱོགས་ལྟར་ལེ་ཚན་བཀོད་སྒྲིག་བྱ་རྒྱུར་བརྩི་མཐོང་བྱ་དགོས་པ་ཡང་མཚོན་གྱི་ཡོད། ཕྱོགས་མཚུངས་ལེ་ཚན་གང་འདྲ་ཞིག་བཀོད་སྒྲིག་བྱས་ན་ཡང་མཐར་ཐུག་སྙན་སྒྲོན་པའི་མགྲིན་ལམ་བརྒྱུད་དེ་གསན་མཁན་རྣམ་པའི་སྙན་ལམ་དུ་ཆད་ལུས་མེད་པར་བརྡ་འཕྲོད་པ་བྱ་དགོས་པ་ཡིན་པས། ཁོང་ཚོར་འཚོ་བཅུད་དངོས་སུ་སྦྱིན་མཁན་ནི་ང་ཚོ་སྙན་སྒྲོན་པ་ཚོ་ཡིན་ཞེས་བཤད་ཆོག དེར་བརྟེན་རང་ངོས་ཀྱི་མྱོང་ཚོར་ནས་བལྟས་ན། སྙན་སྒྲོན་པས་གསན་མཁན་རྣམ་པའི་རེ་བ་སེམས་ལ་འཇོག་པ་དང་། གསན་མཁན་རྣམ་པར་འགན་འཁུར་བའི་བསམ་བློའི་འཁྱེར་བཟོ་དང་། སེམས་ཤུགས། སྤྲོ་སྣང་བཅས་ལྡན་པའི་ངང་སྙན་སྒྲོན་ཞུ་རྒྱུ་ནི་བསམ་པའི་འཚོ་བཅུད་དེ་བདེ་བླག་ངང་སྦྱིན་ཐུབ་མིན་དང་། ཉེ་བ་གསུམ་གྱི་དྲིལ་བསྒྲགས་ལས་འགན་ལེགས་པར་བསྒྲུབ་ཐུབ་མིན་གྱི་འགག་རྩ་ཞིག་ཡིན། ངས་རང་ཡིད་ལ་དུས་རྒྱུན་དེ་ལྟར་བསམ་བཞིན་ཡོད་ལ་དོན་དངོས་ཀྱི་ལས་ཀའི་ནང་ལ་ཡང་དེ་ལྟར་བྱེད་གང་ཐུབ་བྱེད་བཞིན་ཡོད། རྒྱུ་མཚན་དེའི་ཕྱིར་དུས་རྒྱུན་ངས་གསར་འགྱུར་དང་ཆེད་བསྒྲིགས་ལེ་ཚན་གང་འདྲ་ཞིག་སྙན་སྒྲོན་ཞུས་ན་ཡང་གསན་མཁན་རྣམ་པས་མཉེས་པོ་གནང་བ་དང་། གདེང་འཇོག་ཀྱང་མི་དམན་པ་ཐོབ་ཡོད། དཔེར་ན་གནས་སྐབས་ཤིག་རིང་ང་ཚོའི་རྩོམ་རིག་སྤྱི་བཤད་ལེ་ཚན་ནང་ངས་བཀྲས་ཟུར་ཚང་གི་གསང་པའི་གཏམ་རྒྱུད་ཅེས་པའི་བརྩམས་སྒྲུང་མུ་འབྲེལ་དུ་བྱས་ནས་སྙན་སྒྲོན་ཞུས་རྗེས་བོད་རིགས་ས་ཁུལ་གང་སར་ལན་ཆ་ཆེ་ཙམ་བྱུང་ཞིང་གསན་མཁན་མང་པོས་ཧ་ཅང་མཉེས་པོ་གནང་བ་སྟེ། ལ་ལས་ཆ་ཚང་གསན་རྒྱུ་མ་བྱུང་ཚེ་ལྟོ་ཐུན་གསུམ་ལས་གཅིག་ཆད་པ་ལྟར་ལྟོགས་ལྷང་ལྷང་གི་ཚོར་སྣང་སྐྱེ་བ་དང་། ལ་ལས་ཞིང་ནང་དུ་རྨོན་པ་རྒྱག་སྐབས་སྒྲ་སྡུད་འཕྲུལ་འཁོར་སྐེ་ལ་བཏགས་ནས་སྒྲུང་གཏམ་གསན་པ་སོགས་དངོས་སུ་གོ་ཐོས་བྱུང་། གསན་མཁན་རྣམ་པས་མཉེས་པོ་དེ་འདྲ་གནང་བའི་རྒྱུ་མཚན་གཙོ་བོ་གཞན་ཞིག་ནི་རྩ་བའི་སྒྲུང་གཞི་ལེགས་པའི་ཁར་རང་ཉིད་ཀྱིས་དུས་རྟག་ཏུ་གནས་མཁན་རྣམ་པའི་རེ་བ་སེམས་སུ་བཅངས་ནས་ཞུ་དག་དང་། ལྟ་སྦྱོང་། སྒྲ་བཅུག་སོགས་མཚམས་སྦྱོར་ལས་ཀའི་ལྷུ་ཚིགས་གང་ལ་ཡང་ལྷོད་གཡེངས་དང་སླ་བཅོས་གཏན་ནས་མེད་པར་ལུས་ངག་ཡིད་གསུམ་བྱ་གཞག་དེ་རང་ལ་སྐྱེས་སུ་འབུལ་བའི་ལས་ཀའི་ཀུན་སྤྱོད་རྒྱུན་འཁྱོངས་བྱས་པ་དང་ཁ་བྲལ་ཐབས་མེད་སྙམ།
བཞི་པ། སྙན་སྒྲོན་གྱི་གྲ་སྒྲིག་ཨང་བསར་བྱ་དགོས་པ། རང་ཉིད་ཀྱི་ལོ་ངོ་སུམ་ཅུའི་སྙན་སྒྲོན་ལས་ཀའི་རྩ་ཆེའི་མྱོར་ཚོར་ངོས་ནས་ཞུས་ན། སྒྲ་ཕབ་ཁང་དུ་མ་འཛུལ་གོང་ངེས་པར་དུ་གྲ་སྒྲིག་གང་ལེགས་བྱ་དགོས་པའི་དོན་གནད་གསུམ་ཡོད། དེའང་གཅིག་ནས་བཀླག་བྱའི་མ་ཡིག་གི་ཡིག་གཟུགས་དང་། དག་ཆ། ནང་དོན་བཅས་ལ་ནན་ཏན་ངང་ལྟ་ཞིབ་ཡང་ཡང་བྱ་དགོས་སྟེ། དེང་སྐབས་ང་ཚོ་བོད་སྐད་ཚན་པར་ཆ་མཚོན་ན་སྦྱིར་རྩོམ་སྒྱུར་ལས་ཀ་ཚང་མ་གློག་ཀླད་ཀྱི་ཐོག་ནས་བྱེད་ཀྱི་ཡོད་རུང་། དུས་ཚོད་ཀྱི་རྐྱེན་པས་ལག་བྲིས་ཡི་གེ་ཡང་བེད་སྤྱོད་ཡང་ཡང་བྱ་དགོས་ཀྱི་ཡོད། ཛ་བྲེལ་ཆེ་བའི་སྐབས་ཀྱི་ལག་བྲིས་ཡི་གེ་ནི་དོན་དངོས་ཐོག་འཁྱུག་ཡིག་ཤ་སྟག་ཡིན་པས་སྐབས་རེ་ཡིག་ངོ་ཆོད་རྒྱུ་ཁག་ཙམ་ཡོད། གནས་ཚུལ་དེ་འདྲའི་འོག་སྙན་སྒྲོན་པས་ངེས་པར་དུ་ལྟ་སྤྱོབ་ཡང་ཡང་བྱས་ཏེ་མི་སོ་སོའི་ཡིག་གཟུགས་མི་འདྲ་བའི་ཁྱད་ཆོས་ངོས་བཟུང་ཐུབ་པ་བྱེད་པ་དང་ཆབས་ཅིག་གོ་བ་ཡང་དག་བླངས་ནས་ཀློག་དགོས་པ་ཡིན། གལ་ཏེ་སྙན་སྒྲོན་པ་རང་ཉིད་ཀྱིས་རྩོམ་གྱི་ནང་དོན་གོ་བ་མ་ལོན་ཚེ། འཕྲལ་དུ་རྩོམ་སྒྱུར་པ་དང་ཞུ་དག་པར་སྐད་ཆ་དྲིས་ནས་རྩོམ་ཧྲིལ་པོའི་ཚིག་དོན་ཚང་མ་གསལ་རྟོགས་དང་ཁོང་དུ་ཆུད་པ་བྱས་མཐར་གདེང་ཚོད་ཡོད་པའི་ངང་སྒྲ་ཕབ་ཁང་དུ་འཛུལ་དགོས་པ་ལས་གོ་དོན་རབ་རིབ་དང་གསལ་ལ་མ་གསལ་གྱི་ཐོག་ནས་སྒྲ་ཕབ་ཁང་དུ་འཛུལ་མི་རུང་། གཉིས་ནས་ནང་དོན་མི་འདྲ་བར་གཞིགས་ཏེ་སྐད་ཆའི་སྒྱུར་རྩལ་གྱི་ཉམས་ཆོས་མི་འདྲ་བ་འདོན་རྒྱུར་སྔོན་ནས་བསམ་བློའི་གྲ་སྒྲིག་བྱ་དགོས་པ་སྟེ། ང་ཚོའི་ལེ་ཚན་ནང་གསར་འགྱུར་ཕུད། ད་དུང་ཆེད་སྒྲིག་ལེ་ཚན་སྣ་ཚོགས་ཡོད། གསར་འགྱུར་དང་ཆེད་བསྒྲིགས་ལེ་ཚན་བར་གྱི་ཀློག་སྟངས་འདྲ་གི་མེད་ལ། ཆེད་བསྒྲིགས་ལེ་ཚན་ཁག་བར་གྱི་ཀློག་སྟངས་ཀྱང་གཅིག་མཚུངས་མིན། དཔེར་ན་སྨྲ་དག་ཅིང་ཅུང་མགྱོགས་པ་གསར་འགྱུར་གྱི་ཁྱད་ཆོས་དང་། ཅུང་ལྷོད་ཅིང་ཉམས་འགྱུར་སྣ་ཚོགས་དང་ལྡན་པ་རྩོམ་རིག་གི་ཁྱད་ཆོས། གོ་བརྡ་གསལ་ཞིང་དལ་ལྷོད་འབྲིང་ཙམ་བྱ་རྒྱུ་རྒྱས་འཕྲིན་གྱི་ཁྱད་ཆོས་ཡིན་པ་སོགས་མ་ཡིག་ཁག་ལ་བལྟས་མ་ཉིད་ནས་དེ་དག་སོ་སོར་འཚམ་པའི་སྐད་ཆའི་སྒྱུར་རྩལ་གྱི་ཉམས་ཆོས་གང་འདྲ་འདོན་དགོས་པ་བསམ་བློའི་ནང་གདེང་ཚོད་དང་གྲ་སྒྲིག་གང་ལེགས་ཡོད་པ་བྱ་དགོས། གསུམ་ནས་བློ་བག་ཡངས་པོ་དང་སྤྲོ་སྣང་ལྡན་པ་བྱ་དགོས་པ་སྟེ། སྒྲ་ཕབ་ཁང་དུ་བསླེབས་རྗེས་མ་ཡིག་སོ་སོའི་ནང་དོན་ཁོང་དུ་ཆུད་ཅིང་སྙན་སྒྲོན་གྱི་ཉམས་ཆོས་མི་འདྲ་བ་གང་འདྲ་འདོན་དགོས་མིན་སྔོན་ཚུད་ནས་གདེང་ཚོད་ཡོད་པའི་ངང་སྒྲ་ཕབ་འཕྲུལ་ཆས་མདུན་དུ་བསྡད་རྗེས། ངེས་པར་དུ་བློ་བག་ཡངས་པོ་དང་སྤྲོ་སྣང་གི་བསམ་བློའི་འཁྱེར་བཟོ་ཡོད་དགོས། མ་གཞི་བརྙན་འཕྲིན་ལྟར་གསན་མཁན་རྣམ་པས་རླུང་འཕྲིན་གྱི་སྙན་སྒྲོན་པའི་གཟུགས་བརྙན་མཐོང་རྒྱུ་མེད་ཀྱང་སྙན་སྒྲོན་པ་རང་ཉིད་ཀྱི་བསམ་བློའི་ནང་སྒྲ་ཕབ་འཕྲུལ་ཆས་འདི་ཉིད་རླུང་འཕྲིན་གསན་མཁན་རང་དུ་བརྩིས་ནས་བརྩེ་དུང་དང་བྱམས་སྡང་གཉིས་ལྡན་གྱི་ཐོག་ནས་སྙན་སྒྲོན་ཞུས་ཏེ་གསན་མཁན་གྱི་བློ་ངོར་སྙན་སྒྲོན་པའི་ལྷག་བསམ་དང་། སྤྲོ་སྣང་། གསོན་ཤུགས་ལྡན་པ་བཅས་ཀྱི་གཟུགས་བརྙན་ཞིག་ཁྲ་ལྷམ་མེར་འཆར་ཐུབ་པ་བྱ་དགོས། དེ་ལྟར་དོན་གནད་གསུམ་པོ་དེ་དག་རྒྱུན་བསྲིང་ལྷོད་མེད་ངང་དམ་འཛིན་བྱས་ན་སྙན་སྒྲོན་པའི་སྙན་དག་རྒྱུགས་གསུམ་གྱི་རྩ་བའི་འོས་འགན་བསྒྲུབ་ཐུབ་པ་མ་ཟད་ལེ་ཚན་གྱི་སྤུས་ཚད་དང་འབོར་ཚད་ཚང་མ་དུས་ཐོག་ལ་ཐུགས་གྲ་ལེགས་སྒྲིག་ཡོང་བ་དང་། དེ་འདྲ་བྱུང་ན་གསན་མཁན་རྣམ་པའི་དགའ་བསུ་དང་བསྔགས་བརྗོད་རང་ཤུགས་སུ་ཐོབ་པར་ངེས།
བོད་སྐད་རླུང་འཕྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས་ལས།
|