| སྤྱི་ལོ་༡༩༠༦ལོར་སྐུད་མེད་རླུང་འཕྲིན་གསར་གཏོད་བྱས་རྗེས། ༡༩༢༠ལོར་རླུང་འཕྲིན་ལང་ཁུངས་ཀྱི་ལེ་ཚན་དངོས་སུ་གཏོང་འགོ་ཚུགས་པ་དང་། སྤྱི་ལོ་༡༩༢༤ལོར་བརྙན་འཕྲིན་གསར་དུ་གཏོད་རྗེས། སྤྱི་ལོ་༡༨༣༦ལོར་དངོས་སུ་སྟོན་འགོ་ཚུགས་པ་དང་། དེ་ནས་བཟུང་སྤྱི་ཚོགས་ཀྱི་འཕེལ་བགྲོས་དང་བསྟུན་ནས་རླུང་འཕྲིན་དང་བརྙན་འཕྲིན་གྱི་སྒྲིག་ཆས་ཐད་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། དུས་མཚུངས་རླུང་འཕྲིན་དང་བརྙན་འཕྲིན་གྱི་ལས་ཀའི་ནང་དུའང་རྩོམ་སྒྲིག་དང་། ཡིག་སྒྱུར། སྙན་སྒྲོན། གཙོ་སྐྱོང་ཞེས་པ་སོགས་ལས་ཚན་མང་པོ་ཐོན་ཡོད། ཁོ་བོས་འདིར་རླུང་འཕྲིན་དང་བརྙན་འཕྲིན་ལས་རིགས་སྐོར་རྒྱ་ཆེན་པོ་གླེང་བར་མི་ནུས་ཀྱང་། རང་ཉིད་དང་ཐད་ཀར་འབྲེལ་བ་ཡོད་པའི་ལས་ཚན་ཏེ། སྙན་སྒྲོན་པ་དང་གཙོ་སྐྱོང་པའི་གཤིས་སྤྱོད་སྐོར་ཅུང་ཟད་བརྗོད་པར་འདོད།
དང་པོ། ལེ་ཚན་གཙོ་སྐྱོང་དང་སྙན་སྒྲོན་པར་འཛོམས་དགོས་པའི་གཤིས་སྤྱོད་བཟང་པོ། ལེ་ཚན་གཙོ་སྐྱོང་པའམ་ཡང་ན་སྙན་སྒྲོན་པ་ཚད་དང་ལོན་པ་ཞིག་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ནི་གཤིས་སྤྱོད་བཟང་པོ་ཞིག་ཆགས་རྒྱུར་འབད་ཐབས་བྱེད་དགོས་པ་དེ་ཡིན། མིའི་གཤིས་རྒྱུད་ནི་སེམས་ཁམས་རིག་པའི་ཐོག་ནས་བརྗོད་ན། མིའི་སེམས་ཁམས་ཀྱི་ཁྱད་ཆོས་ཀྱི་གཅིག་བསྡུས་མངོན་ཚུལ་ཞིག་རེད། སྐྱེ་བོ་ཞིག་སྤྱི་ཚོགས་འདིའི་ཐོག་འཚོ་གནས་བྱེད་བཞིན་པའམ་ཡང་ན་འཇིག་རྟེན་འདི་ལས་བྲལ་བ་ཞིག་ཡིན་རུང་དེར་གདེང་འཇོག་བྱེད་སྐབས་ཐོག་མར་དེའི་གཤིས་ཀ་གླེང་སྲིད། དཔེར་ན་དེ་གཤིས་བཟང་ཅན་ཞིག་རེད་ཟེར་བའམ་ཡང་ན་གཤིས་ཀ་ངན་པོ་ཞིག་ཡོད་ཅེས་ཟེར་གྱི་ཡོད། གསར་འགྱུར་ལས་རིགས་ཀྱི་ལེ་ཚན་གཙོ་སྐྱོང་པའམ་སྙན་སྒྲོན་པ་ཞིག་གི་ངོས་ནས་བརྗོད་ན་ཏང་དང་མི་དམངས་ཀྱི་མགྲིན་ཚབ་པ་ཞིག་ཡིན་ཕྱིར། ང་ཚོའི་གཏམ་ཚིག་རེ་རེས་ཀྱང་མི་རྣམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པས། དུས་དང་རྣམ་པ་ཀུན་ཏུ་གཤིས་བཟང་ཅན་གྱི་ལེ་ཚན་གཙོ་སྐྱོང་པའམ་སྙན་སྒྲོན་པ་ཞིག་ཏུ་འགྱུར་ཐུབ་པ་བརྩོན་ལེན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོར་མཐོང་། དཔེར་ན་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གྲགས་ཅན་ལེ་ཚན་གཙོ་སྐྱོང་པ་ཅིང་ཡིད་ཏན་གྱིས་ལེ་ཚན་གཙོ་སྐྱོང་པ་ཚད་དང་མཐུན་པ་ཞིག་ཡིན་དགོས་ན། དེའི་རྨང་གཞི་ནི་ཐོག་མར་གཤིས་སྤྱོད་བཟང་པོ་ལྡན་དགོས་པ་དེ་རེད། གལ་སྲིད་རྨང་གཞི་དེ་མ་ཚང་བ་ཡི་ན་ལེ་ཚན་གཙོ་སྐྱོང་པ་ཞིག་གི་ཁྱད་ཆོས་མངོན་མི་ཐུབ་ཅེས་བརྗོད་མྱོང་ཡོད། ཡིན་ནའང་ནམ་རྒྱུན་ལེ་ཚན་གཙོ་སྐྱོང་པ་མང་པོ་ཞིག་གིས་ལེ་ཚན་གཙོ་སྐྱོང་བྱ་ཐབས་ལ་དོ་སྣང་ཟམ་མོ་བྱེད་པ་མ་གཏོགས་གཙོ་སྐྱོང་པའི་མི་གཤིས་དེར་དོ་སྣང་དང་ཞིབ་འཇུག་བྱེད་མཁན་དེ་ཙམ་མེད། དེའི་དབང་གིས་ད་ལྟའི་ལེ་ཚན་གཙོ་སྐྱོང་པའམ་སྙན་སྒྲོན་པ་ཁག་གཅིག་གི་གཤིས་རྒྱུད་ངན་པའི་སྣང་ཚུལ་དེ་ཚོ་ཐོན་པ་རེད། དེ་ཡང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གྲགས་ཅན་ལེ་ཚན་གཙོ་སྐྱོང་པ་པའེ་ཡན་སུང་གིས་ད་ལྟའི་ལེ་ཚན་གཙོ་སྐྱོང་པ་མང་པོ་ཞིག་ནི་ལེ་ཚན་གཙོ་སྐྱོང་བྱེད་སྐབས་ཡ་རབས་གུས་ཞབས་ལྡན་པའི་ཕྱི་ཚུལ་སྟོན་རུང་དོན་དངོས་འཚོ་བའི་ནང་སྤྱིར་བཏང་གི་མི་ཞིག་གི་བྱང་ཚད་ཀྱང་མེད་པས་ཧ་ཅང་བློ་ཕམ་དགོས་པ་ཞིག་རེད་ཅེས་བརྗོད་པ་ལྟར་ལེ་ཚན་གཙོ་སྐྱོང་པའམ་སྙན་སྒྲོན་པ་ཁ་ཤས་ཀྱིས་སྒྲ་དུང་མདུན་དུ་སྤྱོད་གཙང་གཞན་བཀུར་གྱི་རྣམ་པ་སྟོན་ཡང་། དོན་དངོས་འཚོ་བའི་ནང་དེ་ལས་ལྡོག་པའི་བྱ་བ་སྒྲུབ་ཀྱི་ཡོད། བོད་ཀྱི་གྲགས་ཅན་སྙན་སྒྲོན་མ་རྒན་གྲས་ཚེ་རིང་སྒྲོན་མ་ལགས་ཀྱིས་ལེ་ཚན་གཙོ་སྐྱོང་པའམ་སྙན་སྒྲོན་པ་ཞིག་ཡིན་ཕྱིན་ལེ་ཚན་གཙོ་སྐྱོང་དང་སྙན་སྒྲོན་ཞུ་སྐབས་ཚིག་བརྡ་གསལ་པོ་དང་། ཀློག་བཟང་པོ། སྐད་ཆ་མགྱོགས་དལ་འཚམ་པོ། སྐད་གདངས་སྙན་པོ་བཅས་དགོས་པ་མ་ཟད། ད་དུང་ཏང་གི་སྲིད་ཇུས་སོགས་ཤེས་བྱ་སྣ་ཚོགས་ལ་རྒྱུས་མངའ་ཡོད་པ་བྱེད་དགོས། གཞན་ཡང་སྒྲ་དུང་དང་ཁ་བྲལ་རྗེས་འཚོ་བའི་ནང་རྒན་པར་བརྩི་བཀུར་དང་། ལས་རོགས་ལ་མཐུན་སྒྲིལ། རྒྱུན་དུ་ནས་གཞན་ཕན་གྱི་བསམ་པ་འཆང་དགོས་ཞེས་གསུངས་པ་ལྟར། ང་ཚོ་ལེ་ཚན་གཙོ་སྐྱོང་པ་དང་སྙན་སྒྲོན་པ་ཚང་མས་འཚོ་བ་དངོས་ཀྱི་ནང་དུའང་རང་ཉིད་ཡ་རབས་གཤིས་བཟང་ཅན་ཞིག་ལ་འགྱུར་རྒྱུ་འབད་བརྩོན་བྱེད་དགོས་པ་ཡིན། གཉིས་པ། ལེ་ཚན་གཙོ་སྐྱོང་པ་དང་སྙན་སྒྲོན་པའི་རྣམ་འགྱུར་འཛིན་སྟངས།
གསར་འགྱུར་སོགས་ང་ཚོས་བརྒྱུད་བསྒྲགས་བྱེད་པར་སྔོན་ལ་རང་ཉིད་ནི་ནམ་རྒྱུན་ཡ་རབས་གུས་ཞབས་ལྡན་པ་ཞིག་ཡིན་དགོས། དེ་ལྟ་བུ་མིན་ཚེ་ཀུན་གྱིས་ཡིད་ཆེས་དང་བརྩོ་འཇོག་བྱེད་མི་སྲིད། ཀུན་གྱི་ཡིད་ཆེས་མ་ཐོབ་ན་གསར་འགྱུར་གྱི་ནུས་པ་བཟང་པོ་ནི་ཐོན་མི་ཐུབ། གསར་འགྱུར་མཚམས་སྦྱོར་ལེ་ཚན་གྱི་གཙོ་སྐྱོང་པའི་གཤིས་སྤྱོད་ཞེས་པ་དེ་ལ་སྤྱིར་ན་འཚོ་བའི་ནང་གི་རང་གཤིས་དང་གསར་འགྱུར་ལས་རིགས་ཀྱི་གཤིས་རྒྱུད་ཞེས་པ་གཉིས་ཡོད། དེ་ཡང་འཚོ་བའི་ནང་གི་རང་གཤིས་ནི་ལེ་ཚན་གཙོ་སྐྱོང་པའམ་སྙན་སྒྲོན་པ་སྒྲ་དུང་མདུན་དུ་མ་སླེབས་གོང་རང་སོ་སོར་སྔར་ནས་ཡོད་པའི་གཤིས་ཀར་གོ་དགོས། གསར་འགྱུར་ལས་རིགས་ཀྱི་གཤིས་རྒྱུད་ཅེས་པ་དེ་ནི་འཚོ་བའི་ནང་གི་རང་གཤིས་གང་ཡོད་པ་དེའི་རྨང་གཞིའི་ཐོག་སྤྱི་ཚོགས་ཀྱི་སྤྱིའི་རིན་ཐང་ལྟ་བའི་ཚད་གཞི་དང་ལེ་ཚན་གྱི་ཁྱད་ཆོས་ལ་གཞིགས་ནས་རྗེས་སུ་གྲུབ་པའི་གཤིས་པ་ཞིག་ཡིན། གོང་དུ་བརྗོད་པའི་གཤིས་ཀ་དེ་གཉིས་ནི་ལེ་ཚན་གཙོ་སྐྱོང་པའི་བསམ་སྤྱོད་ཐོག་ཆགས་ཤིང་། གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ལྡན་པ་དང་། དེའི་ཞིབ་ཕྲའི་མངོན་ཚུལ་མདོར་བསྟན་ན། (༡)ཡ་རབས་གུས་ཞབས་ལྡན་པ་དང་། ཁ་དན་ཚིག་གནས། ལྷག་བསམ་རྣམ་དག་བཅས་ཀྱི་གཤིས་སྤྱོད་ནི་ལེ་ཚན་གཙོ་སྐྱོང་དང་སྙན་སྒྲོན་པ་ཞིག་གི་གཤིས་རྒྱུད་གྲུབ་ཆའི་རྨང་གཞི་རེད། གྲགས་ཅན་རྩོམ་པ་པོ་ལའོ་མན་ལའོ་ལན་གྱིས། ཉི་ཟེར་གཞན་གྱི་སེམས་སུ་འཕྲོ་བར་བྱེད་དགོས་ན་དང་ཐོག་རང་གི་སེམས་ནང་ཉི་ཟེར་གྱི་ཁེངས་པ་བྱེད་དགོས་ཞེས་བརྗོད་པ་ལྟར་ལེ་ཚན་གཙོ་སྐྱོང་པའམ་སྙན་སྒྲོན་པ་ནི་ཉི་ཟེར་སྦྱིན་མཁན་ལྟ་བུ་ཞིག་ཡིན། སྤྱིར་ན་ཀྲུང་གོའི་རིག་གནས་ལ་བྱང་ཆུབ་པའི་ཀྲུང་གོ་བ་ཞིག་གིས་ཀྲུང་གོའི་རིག་གནས་ཀྱི་བྱང་ཚད་དམའ་བའི་ལེ་ཚན་གཙོ་སྐྱོང་པའམ་སྙན་སྒྲོན་པར་སེམས་ཀྱི་གཏིང་ནས་དགའ་པོ་བྱེད་མི་སྲིད། ཀྲུང་གོའི་སྐད་གྲགས་ལྡན་པའི་ལེ་ཚན་སྙན་སྒྲོན་པ་ཀྲའོ་ཀྲུང་ཞང་གིས་ཁོང་གིས་བརྩམས་ཆོས། ལོ་ཟླའི་དྲན་འཆར་ཞེས་པའི་ནང་ཀྲུང་གོའི་རིག་གནས་ཀྱི་བྱང་ཚད་ཅེས་པ་དེ་ནི་སྲོལ་རྒྱུན་གྱི་སྤྱོད་བཟང་ལ་གོ་བ་ལེན་ཆོག་ཅིང་། དེ་ནི་ལེ་ཚན་ཞིག་གམ་སྙན་སྒྲོན་པ་ཞིག་གིས་གསན་པ་པོ་དང་གཟིགས་མོ་བའི་ཡིད་དབང་འཕྲོག་ཐུབ་པའི་བྱང་ཚད་ཅིག་ཡིན། བྱང་ཚད་དེའི་ནང་ལེ་ཚན་གཙོ་སྐྱོང་པ་ཞིག་གི་ལྷག་བསམ་ཟོལ་མེད་དང་། ཀུན་གྱིས་ཡིད་ཆེས་བྱེད་པའི་གཤིས་རྒྱུད་དང་སྤྱོད་ལམ་ཚུད་ཡོད་ཅེས་གསུངས་པ་ལྟར་རེད། ལེ་ཚན་ཚང་མ་ནི་སྤྱི་ཚོགས་དང་ཞབས་ཞུ་བྱ་ཡུལ་ལ་ཕུལ་བ་ཞིག་ཡིན་ཞིང་ལེ་ཚན་གཙོ་སྐྱོང་པའམ་སྙན་སྒྲོན་པ་རང་གི་བརྩེ་སེམས་ངོ་མ་ཕ་རོལ་ལ་ཕུལ་བ་ཡིན་ན། གཞི་ནས་ལེ་ཚན་ནང་མི་སེམས་འགུལ་བའི་རྣམ་པ་མངོན་ཐུབ། དཔེར་ན། ལེ་ཚན་གཙོ་སྐྱོང་པ་ཉི་ཕིང་ནི་འཚོ་བའི་ནང་སེམས་བཟང་ཅན་ཞིག་ཡིན་ཞིང་གང་ལྟར་གཟིགས་མོ་བ་སུ་ཞིག་གིས་ཁོང་ལ་རོགས་རམ་གནང་རྒྱུའི་རེ་བ་བཏོན་ན། ཁོང་གིས་སེམས་རྩ་འཁོལ་པོས་རོགས་རམ་གནང་གི་ཡོད། དེའི་ཐོག་ནས་གཤིས་རྒྱུད་བཟང་བའི་ལེ་ཚན་གཙོ་སྐྱོང་པའམ་སྙན་སྒྲོན་པ་ཞིག་ཡིན་ན་ཞབས་འདེགས་ཞུ་ཡུལ་གྱི་སེམས་ལ་སྐུལ་ལྕག་ཐེབས་པ་དང་རོགས་རམ་གྱི་ནུས་པ་ཧ་ཅང་ཆེན་པོ་ཐོན་གྱི་ཡོད་པ་མཐོང་ཐུབ། (༢)བདེན་པ་བདེན་ཐུབ་ནི་སྒྱུ་རྩལ་གྱི་བླ་སྲོག་ལྟ་བུ་ཡིན་ཞེས་བརྗོད་པ་ལྟར་ནི་ལེ་ཚན་གཙོ་སྐྱོང་དང་སྙན་སྒྲོན་པའི་བླ་སྲོག་ལྟ་བུ་ཡང་ཡིན། ལེ་ཚན་གཙོ་སྐྱོང་པ་ཚད་དང་མཐུན་པ་ཞིག་ཡིན་ན་དེ་ནི་དོན་དངོས་ལ་བརྩི་འཇོག་བྱེད་མཁན་དང་བདེན་པ་བདེན་ཐུབ་བྱེད་མཁན་ཞིག་ཡིན་ངེས། དེར་བརྟེན་ལེ་ཚན་གཙོ་སྐྱོང་པ་ནི་གསར་འགྱུར་མཚམས་སྦྱོར་སྡེ་ཚན་གྱི་འཐུས་ཚབ་ལྟ་བུ་ཡིན་པ་དང་། མཚམས་སྤྱོར་ཚན་པ་དང་ཞབས་ཞུ་བྱ་ཡུལ་བར་གྱི་འབྲེལ་ཟམ་ལྟ་བུ་ཡིན་པའི་ངོས་ནས་ལེ་ཚན་གཙོ་སྐྱོང་པ་ཞིག་གིས་གསན་གཟིགས་གནང་མཁན་ཚོར་བདེན་པ་བདེན་ཐུབ་ཀྱི་ཆ་འཕྲིན་སྤེལ་ཐུབ་མིན་ནི་སྙན་སྒྲོན་དང་གཙོ་སྐྱོང་གི་བྱ་བ་དེ་ལེགས་འགྲུབ་ཡོང་མིན་གྱི་འགག་རྩ་ཞིག་རེད། ང་ཚོས་སེམས་རྩ་འཁོལ་པོ་དང་ལྷད་མེད་དྭངས་གཙང་གི་བསམ་པའི་ཐོག་ནས་བོད་ལྗོངས་ས་མཐོའི་ད་ལྟའི་གནས་ཚུལ་སྤེལ་དགོས་ཞེས་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་ཞུས་ཆེན་ལོ་ཙཱ་བ་མགོན་པོ་གཡུལ་རྒྱལ་ལགས་ཀྱིས་ཀྲུང་གོའི་རླུང་འཕྲིན་དུས་དེབ་ནང་གསུངས་པ་ལྟར་ལྷག་བསམ་རྣམ་དག་ནི་ལེ་ཚན་གཙོ་སྐྱོང་པ་ཚད་ལྡན་ཞིག་ཆགས་བྱེད་ཀྱི་སྔོན་འགྲོའི་ཆ་རྐྱེན་རེད། རྒྱུན་དུ་རང་གི་མཚན་སྙན་གྲགས་དང་ཁེ་ཕན་བསམ་སྟེ་ཕ་རོལ་པོར་ལྷག་བསམ་རྣམ་དག་བྱེད་མཁན་ཞིག་མིན་ཚེ་དེ་ནི་ཁོག་པ་རུལ་བའི་ལྗོན་ཤིང་ཞིག་དང་འདྲ་བར་དོན་དངོས་འཚོ་བའི་ནང་གི་ཆར་རླུང་ཁྲོད་ཡུན་རིང་གནས་མི་ཐུབ། ང་ཚོའི་ལེ་ཚན་གཙོ་སྐྱོང་དང་སྙན་སྒྲོན་པའི་བྱ་གཞག་ནི་བླ་ན་མེད་པ་ཞིག་ཡིན་པས། ངེས་པར་དུ་ལེ་ཚན་གཙོ་སྐྱོང་པར་ལྷག་བསམ་ཟོལ་མེད་ཀྱི་གཤིས་རྒྱུད་དེ་འདྲ་ཞིག་ཡོད་དགོས། ལེ་ཚན་གཙོ་སྐྱོང་པའམ་སྙན་སྒྲོན་པ་ཞིག་གི་ལྷད་མེད་ཀྱི་གཤིས་ཀའམ་བསམ་པ་དེ་དོར་བ་ཡིན་ན། དེ་ནི་རང་ཉིད་ཀྱི་བྱ་གཞག་དོར་བ་དང་གཉིས་སུ་མེད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གྲགས་ཅན་ལེ་ཚན་གཙོ་སྐྱོང་པ་ཅིང་ཡིད་ཏན་ཐེངས་ཤིག་གྲོང་གསེབ་ཏུ་བཅར་འདྲི་ཞུ་བར་ཕེབས་སྐབས། ཞིང་པ་བགྲེས་སོང་ཞིག་དང་མཉམ་དུ་ཞིང་ཁའི་ནང་དུ་གླེང་མོལ་ཆུ་ཚོད་བྱེད་ཀ་ཙམ་གནང་ཞིང་ཁོང་གི་བབ་ཆགས་པའི་གྱོན་ཆས་དང་། སེམས་རྩ་འཁོལ་ཞིང་ཡ་རབས་གུས་ཞབས་ལྡན་པའི་སྤྱོད་ཚུལ་དེར་མཐའ་འཁོར་གྱི་སྐྱེ་བོ་ཚང་མ་སེམས་འགུལ་ཐེབས་ཡོད། དེ་ནི་ཁོང་གི་ཕྱི་ཚུལ་གྱི་རྣམ་པ་ཙམ་ཞིག་མ་ཡིན་པར་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཁོང་སེམས་རྒྱུད་དྲང་བ་དང་། ལས་ཀར་སེམས་རྩ་འཁོལ་བ། བློ་མཐུན་ལ་མཐུན་སྒྲིལ་བྱེད་ཐུབ་པ། མཐའ་འཁོར་གྱི་གནས་ཚུལ་ལ་དོ་སྣང་གནང་མཁན་ཞིག་ཡིན་པ་དེ་ནི་སྒྲ་དུང་མདུན་དུ་རང་བཞིན་ཟོལ་མེད་ཀྱི་གཤིས་བཟང་ཐོན་པའི་འབྱུང་རྩ་དང་། ཁོང་གི་བྱ་གཞག་ལེགས་འགྲུབ་བྱུང་བའི་རྒྱུ་རྐྱེན་ཞིག་ཀྱང་ཞིན། ཡིད་ཆེས་ནི་གྲོགས་པོའི་བར་གྱི་ལ་རྒྱ་ཡུན་རིང་གནས་ཐུབ་པ་བྱེད་པའི་རྩ་བ་ཡིན་པ། དཔེར་ན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་གཙོ་སྐྱོང་པ་ཧྲེན་ལི་ལ་དྭ་ཕྲུག་ཤིག་ནས་ཨ་མ་ལགས་ཞེས་འབོད་པ་དང་། ལོ་ན་ཁོང་དང་མཉམ་པའི་བུད་མེད་ཅིག་གིས་སེམས་ནང་གི་སྐད་ཆ་ཚང་མ་བཤད་ནས་གྲོགས་མོ་འགྲིག་རྒྱུའི་རེ་བ་འདོན་མྱོང་ཡོད། ཁོང་ཚོའི་ཡིད་ཆེས་དང་དགའ་ཞེན་ཐོབ་པ་ནི་ཁོང་གི་ཡ་རབས་གཤིས་བཟང་དེ་ལས་བྱུང་བ་ཡིན་པ་ནི་སྨོས་མི་དགོས། (༣)གསར་འགྱུར་རམ་མཚམས་སྦྱོར་ནང་མངོན་པའི་ལེ་ཚན་གཙོ་སྐྱོང་པ་དང་སྙན་སྒྲོན་པའི་གཤིས་ཀ་སྟེ་རང་གཙོ་བོར་འཛིན་ཚུལ་དང་ཕྱོགས་ཡོངས་གཙོ་བོར་འཛིན་ཚུལ་ཐད་ནས་བཤད་ན། བོད་ལྗོངས་སུ་བཅའ་སྡོད་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པའི་ས་ཚུགས་ཀྱི་གསར་འགོད་པ་ཆེན་མོ་དབང་འདུས་ལགས་ནས། ལེ་ཚན་གཙོ་སྐྱོང་དང་སྙན་སྒྲོན་པ་ཚད་དང་མཐུན་པ་ཞིག་ཆགས་བྱེད་ལ་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཡོད་དགོས་པའི་ཁར་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་བྱང་ཚད་མཐོ་པོ་དགོས་པ། དེ་བཞིན་རྒྱུན་དུ་མི་རིགས་ཀྱི་སྲིད་ཇུས་ལ་དོ་སྣང་དང་མང་ཚོགས་ཀྱི་འཚོ་བའི་ནང་དངོས་སུ་བསྐྱོད་དགོས་ཞེས་གསུངས་པ་ལྟར། ལེ་ཚན་གཙོ་སྐྱོང་པའམ་སྙན་སྒྲོན་པ་ནི་མཚམས་སྦྱོར་ལས་རིགས་ཀྱི་མགྲིན་ཚབ་ཅིག་ཡིན་པ་ཤེས་དགོས་པ་མ་ཟད། རང་ཉིད་ནས་གསར་འགྱུར་དང་མཚམས་སྦྱོར་ལས་རིགས་ཀྱི་གཟུགས་བརྙན་གྱི་ཚབ་བྱེད་ཅིང་། གླེང་ཕྱོགས་ཀྱི་དྲིལ་བསྒྲགས་དང་སྣེ་ཁྲིད་པའི་འགན་འཁྲི་ལྕི་པོ་འཁུར་གྱི་ཡོད་པ་གསལ་པོར་རྟོགས་པ་བྱ་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་ཏང་དང་། རྒྱལ་ཁབ། རང་ཉིད་བཅས་ཀྱི་ལས་དབང་གཅིག་ཏུ་འབྲེལ་དགོས། གཞན་ཡང་ཀྲུང་གོའི་སྙན་སྒྲོན་སྒྱུ་རྩལ་པ་རྒན་རབས་ཐ་ཆིང་གིས་སྙན་སྒྲོན་གནང་བའི་སྲིད་དོན་དཔྱད་གཏམ་རྩོམ་ཡིག་ལ་གོ་རིམ་ལྡན་ཞིང་། གཏན་ཚིགས་དང་མཐུན་པ་མ་ཟད། ཁོང་ལ་ཆབ་སྲིད་མཁས་ཅན་ཞིག་གི་ཁོག་རྒྱ་དང་ཤེས་རབ་ལྡན་པའི་དབང་གིས་རྒྱ་ཆེའི་གསན་མཁན་ཚོའི་དགའ་ཞེན་དང་བསྔགས་བརྗོད་ཐོབ་ཡོད། དོན་དངོས་ཀྱི་གཙོ་སྐྱོང་དང་སྙན་སྒྲོན་ནང་རང་སོ་སོ་དང་ཕྱོགས་ཡོངས་འབྲེལ་བའི་ཐད་གཙོ་སྐྱོང་པ་འགའ་རེས་རང་གི་གནས་བབ་གསལ་པོ་མ་རྟོགས་པར་རང་ཉིད་ཀྱི་འཁོར་རྒྱ་ཆུང་ཆུང་ཡིན་པར་ངོས་འཛིན་གྱི་ཡོད། དཔེར་ན། ལེ་ཚན་གཙོ་སྐྱོང་ཁ་འགའ་རེས་ལེ་ཚན་ནང་དེ་རིང་ནི་ངའི་སྐྱེ་སྐར་ཡིན་ཞེས་ཤོད་པ་ལྟ་བུ་དང་། ད་དུང་ཁག་གཅིག་གིས་རང་གི་དགའ་བའི་གླུ་གཞས་ཞིག་ཡིན་ཚེ་དེ་རིགས་མི་འདྲ་བའི་ལེ་ཚན་ནང་ཡང་ཡང་གཏོང་བ་དང་དེས་མ་ཚད་གླུ་གཞས་དེར་བསྔགས་བརྗོད་ཡང་ཡང་བྱེད་པ་སོགས་ནི་རང་ཉིད་གཙོ་བོར་འཛིན་པའི་སྣང་ཚུལ་ཞིག་ཡིན་པས་དེ་ཚོ་ཚང་མ་ནི་ལེ་ཚན་གཙོ་སྐྱོང་པ་དང་སྙན་སྒྲོན་པ་ཞིག་གི་རང་དོན་གཙོ་བོར་བཟུང་བའི་རང་ཤེད་ཙ་བའི་གཤིས་ཀ་རེད། ལེ་ཚན་ཞིག་གཙོ་སྐྱོང་དང་སྙན་སྒྲོན་བྱེད་པའི་བརྒྱུད་རིམ་ནང་སྐད་ཆ་དང་བྱ་བ་ཆུང་ཆུང་ཚང་མ་ནི་ཕྱི་ལ་བརྡ་སྤྲོད་པ་དང་ཕྱི་ལ་མངོན་པ་ཞིག་ཡིན་པ་རྟོགས་དགོས། དཔེར་ན། ལེ་ཚན་གཙོ་སྐྱོང་པ་ཞིག་གིས་གར་སྟེགས་ཐོག་ཞབས་མི་བདེ་བའི་རྒན་འཁོག་ལ་ཕྱག་རོགས་བྱེད་པའམ་ཡང་ན་སེམས་ཆུང་ངང་སྐུ་མགྲོན་དང་གླེང་མོལ་བྱེད་པ་སོགས་ནས་ཁོ་ཚོའི་གཤིས་རྒྱུད་བཟང་པོ་མཐོང་ཐུབ། ད་དུང་དཔེར་ན། སློབ་གྲྭར་བསྐྱོད་མི་ཐུབ་པའི་ཕྲུ་གུ་ཚོར་ཞལ་འདེབས་འབུལ་བའི་མཚན་ཚོགས་ཆེ་གྲས་ཤིག་གི་ཐོག་ལེ་ཚན་གཙོ་སྐྱོང་པས་སློབ་གྲྭར་བསྐྱོད་མ་ཐུབ་པའི་ཕྲུ་གུའི་ཚབ་གཅིག་གར་སྟེགས་ཐོག་བོས་ནས་སྐད་ཆ་ཤོད་དུ་འཇུག་སྐབས་མི་ཧ་ཅང་མང་བའི་རྐྱེན་གྱིས་ཕྲུ་གུ་དེ་དངངས་སྐྲག་སྐྱེས་ནས་ག་བྱེད་འདི་བྱེད་མེད་པར་གྱུར་བའི་སྐབས་སུ་གཙོ་སྐྱོང་པ་དེས་ལག་ཏུ་སྒྲ་དུང་བཟུང་ནས་གཞོགས་གཅིག་ལ་ཀྲོང་ངེར་ལངས་བསྡད་པའི་གནས་ཚུལ་ཐོན་པ་དེས་གར་སྟེགས་འོག་གི་གཟིགས་མོ་བ་ཚོའི་མདུན་དུ་འཆར་བ་ནི་ཁོ་མོའི་ཕྱི་རོལ་གྱི་སྒེག་ཉམས་མ་གཏོགས་གཞན་ལ་བསམ་བློ་གཏོང་ཐུབ་མཁན་ཞིག་མིན་པ་དེ་རེད། མཚམས་སྦྱོར་ལས་རིགས་ནང་ཞུགས་པའི་སྐབས་སུ་ཐོན་པའི་ཕྱི་ཚུལ་གྱི་རྣམ་པ་མངོན་པ་ནི་གཤིས་རྒྱུད་དེ་གཉིས་བར་གྱི་ཧེ་བག་རེད། ཡང་དཔེར་ན། སྐད་གྲགས་ཅུང་ཡོད་པའི་ལེ་ཚན་གཙོ་སྐྱོང་པ་ཞིག་གིས་བྱིས་པའི་ལེ་ཚན་ལེགས་པར་གཙོ་སྐྱོང་བྱས་ཟིན་རྗེས་བྱིས་པ་ཚོས་དགའ་སྣང་ཆེན་པོས་ཁོ་མོའི་པང་དུ་བསྐྱོད་སྐབས་གཙོ་སྐྱོང་པ་དེས་སུན་སྣང་སྐྱེས་པའི་རྣམ་པའི་ཐོག་ནས། དེ་འདྲའི་སུན་པ་ལ་ཨང་ཞེས་ཟེར་ཞིང་གཡོལ་གང་ཐུབ་བྱས་ན། དེའི་རྐྱེན་པས་ཕྲུ་གུ་ཚོའི་བློ་ཕམ་སྲིད། ད་དུང་ང་ཚོས་མཐོང་དགོས་པ་ཞིག་ལ་གཙོ་སྐྱོང་པ་དང་། སྙན་སྒྲོན་པ་མང་པོ་ཞིག་ལ་གྲུབ་འབྲས་ཅུང་ཟད་ཐོབ་སྐབས་གྲགས་ཅན་གཙོ་སྐྱོང་པ་ཞིག་ཡིན་སྙམ་སྟེ་ཁེངས་དྲེགས་བྱེད་པའི་སྣང་ཚུལ་མཐོང་རྒྱུ་ཡོད། དེར་བརྟེན་ཚུལ་དང་ལྡན་པའི་གཤིས་རྒྱུད་ཅིག་མེད་ན། བྱ་གཞག་དེའི་ཐོག་མཐའ་མའི་འབྲས་བཟང་ཐོབ་མི་སྲིད། གཞན་ཡང་ལེ་ཚན་གཙོ་སྐྱོང་པ་དང་སྙན་སྒྲོན་པ་ཞིག་གི་གཤིས་སྤྱོད་ཀྱི་རིན་ཐང་ལ་ནོར་འཁྲུལ་གྱི་གདེང་འཇོག་བྱེད་མི་རུང་། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་ལེ་ཚན་གཙོ་སྐྱོང་པ་པའེ་ཡན་སུང་གིས། རང་གཤིས་དང་མཚམས་སྦྱོར་ལས་རིགས་ནང་གི་གཤིས་ཀ་གཉིས་ཡང་དག་ངང་གཅིག་བསྡུས་ཐུབ་པ་བྱ་རྒྱུ་ནི་ལེ་ཚན་གཙོ་སྐྱོང་པའི་མཐར་ཐུག་གི་དམུགས་ཡུལ་རེད་ཅེས་གསུངས་པ་ལྟར། ང་ཚོ་ལེ་ཚན་གཙོ་སྐྱོང་པའམ་སྙན་སྒྲོན་པ་ཞིག་གིས་རང་ཉིད་ཀྱི་དོན་དངོས་འཚོ་བའི་ནང་གི་གཤིས་རྒྱུད་དེས་རྨང་གཞི་བྱས་པའི་ཐོག་གཟི་བརྗིད་ལྡན་པའི་གར་སྟེགས་དེའི་ཐོག་ནམ་རྒྱུད་འཚོ་བར་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། ཏང་དང་མི་དམངས་ལ་དགའ་ཞེན། ཚན་རིག་ལ་དགའ་ཞེན། མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན། རང་འཁྲིའི་ལས་གནས་ལ་དགའ་ཞེན་ཆེ་བ་བཅས་ཀྱི་ལས་རིགས་གཤིས་སྤྱོད་ཅིག་གྲུབ་པ་བྱས་ནས་ཚད་ལྡན་གྱི་ལེ་ཚན་སྙན་སྒྲོན་པ་དང་གཙོ་སྐྱོང་པ་ཞིག་ཏུ་འགྱུར་བ་བྱ་དགོས།
བོད་སྐད་རླུང་འཕྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས་ལས་བདམས་པ་ཡིན།
|