| དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ནས་གསར་འགྱུར་ལས་རིགས་དེ་ཡར་ངོའི་ཟླ་བཞིན་གོང་དུ་འཕེལ་བཞིན་ཡོད་པ་དང་། མི་རྣམས་ལ་སྣེ་མང་ཕུན་སུམ་ཚོགས་པའི་བསམ་པའི་རྒྱགས་ཕྱེ་སྦྱིན་བཞིན་ཡོད། ཡུན་རིང་ནང་རླུང་འཕྲིན་གསར་འགྱུར་ལས་རིགས་ཀྱིས་མིའི་རིགས་སྤྱི་ཚོགས་ཀྱི་གོང་འཕེལ་དང་མི་རྣམས་ཀྱི་དགོས་མཁོ་ལྟར་ཕྱོགས་གང་ཅིའི་ཐད་བསྒྱུར་བཅོས་བྱས་ཡོད་པ་དང་། རྣམ་པ་དང་ནང་དོན་གསར་པའི་ཐོག་ནས་དུས་རབས་ཀྱི་རྗེས་སུ་བསྙེགས་མུས་ཡིན་ཞིང་རླུང་འཕྲིན་གསན་པ་པོ་སྔར་བས་མང་པོའི་བློ་ཡིད་འགུགས་བཞིན་ཡོད། རང་རིགས་ཀྱི་བོད་སྐད་རླུང་འཕྲིན་ལས་སྒོ་དེ་ཡང་ལོ་རབས་ལྔ་བཅུ་པར་དོན་ངོ་མའི་ཐོག་ནས་དར་འགོ་ཚུགས་པ་ནས་བཟུང་། ད་བར་ལོ་ལྔ་བཅུ་ལྷག་ཙམ་གྱི་གོང་འཕེལ་གྱི་ལམ་བུ་བརྒྱུད་ཡོད། འདས་སོང་གི་ཉམས་མྱོང་ཕྱོགས་བསྡོམས་དང་དེང་རབས་ཀྱི་རིག་གནས་ལམ་གསར་པའི་ཐོག་ནས་སྤྱི་ཚོགས་ཀྱི་གོང་འཕེལ་ལ་གཞིགས་ཏེ། འཚོ་གནས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་རྒྱུ་དེ་ནི་རླུང་འཕྲིན་ལས་དོན་པ་རྣམས་ཀྱི་གཞན་ལ་དཀྲི་ཐབས་བྲལ་བའི་ཕྲག་སྟེང་གི་འགན་འཁྲིར་གྱུར་བ་དང་། བསྒྱུར་བཅོས་ཀྱི་གོམ་སྟབས་ཡང་དེ་བསྟུན་གྱི་ཇེ་མགྱོགས་སུ་མི་གཏོང་ཀ་མེད་གྱུར་ཡོད། དེར་བརྟེན་དེང་འདིར་བོད་སྐད་རླུང་འཕྲིན་གསར་འགྱུར་གྱི་རྩོམ་སྒྲིག་དང་རྒྱ་བོད་ཡིག་སྒྱུར། སྙན་སྒྲོན་བྱེད་ཐབས་སོགས་ལ་བསྒྱུར་བཅོས་བྱེད་དང་བྱེད་མུས་ཡིན་ལ། རྩོམ་སྒྲིག་པ་དང་ལོ་ཙཱ་བ། སྙན་སྒྲོན་པ་བཅས་ཀྱིས་རང་སོ་སོའི་ཕྱོགས་གང་ཅིའི་ཐད་ཀྱི་བྱང་ཚད་གོང་མཐོར་གཏོང་བཞིན་ཡོད། ཞུ་དག་པའི་ལས་དེ་ནི་ལས་གང་ཞིག་གི་མཐའ་མའི་བདེན་རྫུན་བརྟག་ནས་དག་པར་བྱེད་པའི་ལས་ཤིག་ཡིན་ཞིང་། དེར་ཡིག་ཐོག་གི་བརྩམས་བྱ་དག་ཞུ་བྱེད་པ་དང་བརྙན་འཕྲིན་འཁྲབ་ཚན་དག་ཞུ་བྱེད་པ་སོགས་ཞུ་དག་པའི་ལས་སྣ་ཚོགས་མཆིས། འདིར་སྐབས་དོན་གླེང་བར་བྱ་བའི་ཞུ་དག་པའི་ལས་དེ་ནི། རླུང་འཕྲིན་གསར་འགྱུར་གྱི་རྒྱ་བོད་ཡིག་སྒྱུར་ཞུ་དག་པའི་ལས་དེ་ཡིན་ཞིང་། དེའི་སྐོར་མདོ་ཙམ་བརྗོད་ན། དེང་འདིར་ཡིག་སྒྱུར་གྱི་ལསལ་འཇུག་མཁན་ཅི་རིགས་ཀྱིས་ཞུ་དག་པའི་ལས་ལ་འཇུག་པའི་ངན་ཤན་ཞུགས་བཞིན་ཡོད། རླུང་འཕྲིན་གསར་འགྱུར་གྱི་རྒྱ་བོད་ཡིག་སྒྱུར་ཞུ་དག་པའི་ལས་དེ་ནི་མ་གཞི་རྩོམ་རིག་ཡིག་སྒྱུར་དང་བཀའ་བསྟན་བཅོས་སོགས་ཡིག་སྒྱུར་གྱི་ཞུ་དག་པའི་ལས་བཞིན་དཀའ་ཁག་ཆེན་པོ་དེ་ཙམ་མེད་རུང་། དེ་བལ་བསེད་པ་ལྟར་ལས་སླ་བ་ཞིག་མིན་ལ། ཡིག་སྒྱུར་ཞུ་དག་པའི་མྱོང་ཆ་ཡོད་མེད་ཅི་རིགས་ཀྱིས་རང་སྣང་གང་ཤར་ངང་བགྱི་ཐུབ་པའི་ལས་ཤིག་ནི་རྩ་མ་ནས་མིན། འོན་ཀྱང་མི་ཁ་ཕོ་ཆེ་ཁག་ཅིག་གིས་ཞུ་དག་གི་ལས་དེ་ནི་སྟབས་བདེ་བ་དང་མ་ཡིག་དང་བསྒྱུར་ཡིག་ལ་བལྟ་ཙམ་བྱེད་རྒྱུ་ཙམ་ཡིན་པས། རྒྱ་བོད་ཡིག་རིགས་གཉིས་ཟུར་ཙམ་ཤེས་མཁན་ཞིག་ཡིན་ཕྱིན་ཞུ་དག་གི་ལས་ལ་འཇུག་མི་ཐུབ་པ་མེད་ཅེས་འུད་ཤོབ་ཤོད་ཀྱི་ཡོད། དོམ་དམ་དུ་དེ་འདྲ་ཡེ་ནས་མིན། དཔལ་འབྱོར་བྱ་འཕུར་བ་ལྟར་གོང་འཕེལ་འགྲོ་བ་དང་། ཆ་འཕྲིན་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་འགྲོ་བའི་དུས་རབས་འདིར། རླུང་འཕྲིན་གསར་འགྱུར་གྱི་རྒྱ་བོད་ཡིག་སྒྱུར་ཞུ་དག་པའི་བྱང་ཚད་ཐད་ཀྱི་རེ་བ་ཡང་ཇེ་མཐོར་ཕྱིན་ཡོད། ལྷག་པར་དུ་མིག་སྔར་ཞུ་དག་པའི་ལས་ཀ་དེ་གལ་འགངས་ཆེན་པོར་གྱུར་ཡོད་ཅིང་། ཞུ་དག་པར་ངེས་པར་དུ་ཕྱོགས་གང་ཅིའི་ཤེས་བྱ་འཛོམས་དགོས་པའི་ཕྱོགས་སུ་གོང་འཕེལ་འགྲོ་བཞིན་ཡོད། དེ་ནི་གསར་འགྱུར་ལས་རིགས་གོང་འཕེལ་འགྲོ་བའི་ལྡོག་མེད་ཀྱིའཕེལ་ཕྱོགས་ཤིག་ཡིན། དེར་བརྟེན། དུས་རབས་གསར་པའི་རླུང་འཕྲིན་གསར་འགྱུར་གྱི་རྒྱ་བོད་ཡིག་སྒྱུར་ཞུ་དག་པའི་བྱང་ཚད་ཐད་ཅི་ནས་ཀྱང་རེ་བ་ནན་ཙམ་དང་མཐོ་ཙམ་འདོན་དགོས་པ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་བར་སེམས། གང་ལགས་ཤེ་ན། དེང་སྐབས་བོད་སྐད་རླུང་འཕྲིན་གྱི་ལེ་ཚན་ནང་། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས། དེ་བཞིན་ཆབ་སྲིད་དང་དཔལ་འབྱོར། ཁྲིམས་ལུགས། དམག་དོན། ཚན་རྩལ། རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་སོགས་ཕྱོགས་ཅི་རིགས་དང་འབྲེལ་བ་ཡོད་པ་དང་། ནང་དོན་ཕུན་སུམ་ཚོགས་ལ་ཁྱབ་རྒྱ་ཆེ་བས། གསར་འགྱུར་གྱི་ནང་དོན་སྤྱི་དང་། ནང་དོན་ཕུན་སུམ་ཚོགས་ལ་ཁྱབ་རྒྱ་ཆེ་བས། གསར་འགྱུར་གྱི་ནང་དོན་སྤྱི་དང་། ཐ་ན་མིང་དང་ཚིག་ཙམ་ལ་ཡང་འཁྲུལ་བ་མེད་པར་སྤུས་ཚད་གང་ལེགས་ཐོག་ནས་ཞུ་དག་གཏོང་ཐུབ་པ་བྱ་རྒྱུ་དེ་ནི་ལས་སླ་བོ་ཞིག་རྩ་བ་ནས་མིན།
དང་པོ། རླུང་འཕྲིན་གསར་འགྱུར་གྱི་རྒྱ་བོད་ཡིག་སྒྱུར་ཞུ་དག་པའི་བྱང་ཚད་སྐོར། དང་པོ། རྒྱ་བོད་སྐད་ཡིག་གཉིས་ཀྱི་རྨང་གཞི་བརྟན་པོ་ཡོད་དགོས་པ་ནི་རླུང་འཕྲིན་གསར་འགྱུར་གྱི་རྒྱ་བོད་ཡིག་སྒྱུར་ཞུ་དག་པར་ལྡན་དགོས་ངེས་ཀྱི་བྱང་ཚད་གཙོ་བོ་ཞིག་ཡིན་པ་དང་། དེ་ནི་ལས་དེར་འཇུག་པའི་ཐོག་མའི་ཆ་རྐྱེན་ཞིག་ཀྱང་ཡིན། ཞུ་དག་པ་ཞིག་གི་ངོས་ནས་བཤད་ན། བོད་ཡིག་གི་སུམ་རྟགས་དག་གསུམ་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་སྙན་ངག་དང་མངོན་བརྗོད་སོགས་ཚིག་རྒྱན་སྤྲོས་རྒྱུར་མ་མཁས་ཀྱང་རང་རིགས་ཀྱི་གོམས་འདྲིས་ལྟར་ཉན་པ་པོས་གོ་བདེ་བ་དང་རྟོགས་སླ་བའི་ཚིག་གི་སྦྱོར་བ་སྡེབ་ལེགས་ཤིང་དོན་གསལ་བ་ཞིག་ཏུ་དག་བཅོས་བྱེད་ཐུབ་པ་བྱ་རྒྱུ་དེ་ནི་ཞུ་དག་པའི་ལས་དང་པོ་དེ་ཡིན་སྙམ། མ་གཞི་རླུང་འཕྲིན་གསར་འགྱུར་གྱི་རྒྱ་བོད་ཡིག་སྒྱུར་ནི་རྩོམ་རིག་རིག་སྒྱུར་བཞིན་ཚིག་རྒྱན་སྤྲོས་རྒྱུར་དེ་ཙམ་དང་དོད་བྱ་དགོས་དོན་མེད་རུང་། ངེས་པར་དུ་བསྒྱུར་ཡིག་གི་ཚིག་དོན་གནད་ལ་འཁེལ་བ་དང་ཚིག་སྔ་ཕྱི་འབྲེལ་ཆགས་པ་བྱ་དགོས། དེ་ལྟར་བྱེད་པར་ཞུ་དག་པར་བོད་སྐད་ཡིག་གི་བྱང་ཚད་ངེས་ཅན་ལྡན་དགོས་པའི་རྨང་གཞིའི་ཐོག་རང་རིགས་ཀྱི་ལོ་རྒྱུས་དང་མཛེས་དཔྱོད་ལྟ་བ། སེམས་ཁམས་དང་ཡུལ་སྲོལ་གོམས་གཤིས། སྐད་ཆའི་བརྡ་དག་བཅས་ཀྱི་མ་ལག་དང་སྦྱོར་ལུགས་སོགས་གང་སྤྱིར་ཆ་རྒྱུས་ཡོད་པ་དང་། སྤྱི་ཚོགས་ཀྱི་ཉམས་མྱོང་ཟབ་པ་དང་མང་ཚོགས་ཀྱི་ཁ་རྒྱུན་ལ་ཉམས་ཞིབ་ཆེ་བ། བློ་ངོར་ཐ་སྙད་ཕུན་སུམ་ཚོགས་པོ་ཡོད་དགོས་པ་སོགས་ཧ་ཅང་གལ་ཆེན་པོ་ཡིན། དེས་མ་ཚད་རྒྱ་བོད་མི་རིགས་ཀྱི་སྐད་རིགས་མི་གཅིག་པའི་བར་གྱི་རིག་གནས་ཁྱད་པར་ལ་ཆ་རྒྱུས་ཡོད་དགོས་པ་དང་། རྒྱ་ཡིག་ཐར་ཐོར་ཤེས་པ་ཙམ་གྱིས་ཨ་ན་ཨུ་ཚུགས་བྱེད་ཐབས་བྲལ། ལྷག་དོན་དུ་སྤྱི་ཚོགས་འདི་ཉིད་དུས་བསྟུན་གོང་འཕེལ་འགྲོ་བ་དང་བསྟུན་ནས་ཐ་སྙད་གསར་པ་འབོར་ཆེན་ཞིག་ཐོན་དང་ཐོན་མུས་ཡིན་ཞིང་། ཞུ་དག་པས་མིང་ཚིག་བེད་སྤྱོད་བྱེད་སྐབས་མདོ་དབུས་ཁམས་གསུམ་གྱི་སྐྱེ་བོ་ཚང་མས་གོ་ཐུབ་པ་ཞིག་བྱ་དགོས་པ་ལས་རང་སྣང་གང་དྲན་དང་རང་སྣང་གང་ལེགས་ཀྱི་མིང་ཚིག་གསར་བཟོ་བྱེད་མི་རུང་། གལ་ཏེ་དེ་ལས་ལྡོག་ན། རླུང་འཕྲིན་ཉན་མཁན་མང་པོ་ཞིག་གིས་གོ་མི་ཐུབ་པ་མ་ཟད། བོད་སྐད་གཅིག་གྱུར་བྱ་རྒྱུར་ཡང་འགོག་རྐྱེན་ཆེན་པོ་བཟོ་སྲིད། གཉིས་པ།རླུང་འཕྲིན་གསར་འགྱུར་གྱི་ཡིག་སྒྱུར་ཞུ་དག་པར་ཆབ་སྲིད་དང་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་ངེས་ཅན་ ལྡན་དགོས།
རང་རེའི་གསར་འགྱུར་ལས་དོན་པ་ཞིག་ཡིན་ཕྱིན་དེ་ནི་སྤྱི་ཚོགས་རིང་ལུགས་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་མཁན་དང་དྲིལ་བསྒྲགས་པ་ཞིག་ཡིན་པས། ཕྲག་སྟེང་དུ་མར་ཁེ་སི་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིག་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ་བཅས་དྲིལ་བསྒྲགས་བྱེད་པའི་ལས་འགན་ཡོད། དེར་བརྟེན། སྤྱི་ཚོགས་རིང་ལུགས་ཀྱི་གསར་འགྱུར་ཡིག་སྒྱུར་ཞུ་དག་པའི་ལས་རིགས་ཀྱི་དམིགས་བསལ་རང་བཞིན་དང་ཕྲག་སྟེང་གི་སྤྱི་ཚོགས་ཀྱི་ལས་འགན་ལྕི་པོ་དེ་ལྟ་བུའི་འོག ཁོང་ཚོར་ཆབ་སྲིད་ཀྱི་བྱང་ཚད་ངེས་ཅན་ལྡན་དགོས་པ་སྨོས་མེད་ཡིན། གསར་འགྱུར་ཡིག་སྒྱུར་ཞུ་དག་པའི་ཆབ་སྲིད་ཀྱི་བྱང་ཚད་ཟེར་བ་དེ་ནི་ཆབ་སྲིད་བསམ་བློའི་ཐད་རང་འགུལ་ངང་ཏང་ཀྲུང་དབྱང་དང་གཅིག་མཐུན་ཡོང་བ་བྱེད་པ་དང་། ཏང་གི་བྱེད་ཕྱོགས་སྲིད་ཇུས་ཆ་རྒྱུས་ཡོད་པ། ཆབ་སྲིད་ཀྱི་འགན་སེམས་ཆེན་པོ་ཡོད་དགོས་པར་ཟེར་བ་ཡིན། གསར་འགྱུར་ལས་དོན་པའི་ཆབ་སྲིད་བྱང་ཚད་ཀྱི་འགག་རྩ་ནི་ཆབ་སྲིད་དང་བསམ་བློའི་ཐད་ཏང་ཀྲུང་དབྱང་དང་གཅིག་མཐུན་ཡིན་པའི་རྨང་གཞིའི་ཐོག གསར་འགྱུར་གྱི་དངོས་ཡོད་རང་བཞིན་དང་ཆབ་སྲིད་རང་བཞིན་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། གསར་འགྱུར་ལས་རིགས་དང་སྲིད་གཞུང་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ། མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་དེ་ཡིན། གསུམ་པ། ཁྲིམས་ལུགས་དང་དཔལ་འབྱོར་རིག་པར་ཆ་རྒྱུས་ངེས་ཅན་ཡོད་དགོས།
རང་རེའི་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་དང་དཔལ་འབྱོར་འཛུགས་སྐྲུན་ལྟེ་བ་བྱེད་པའི་འཐབ་ཇུས་བཏོན་ཡོད་ཅིང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་གསར་འགྱུར་ནང་ཁྲིམས་ལུགས་དང་དཔལ་འབྱོར་རིག་པའི་མིང་ཚིག་གམ་ཚིག་གྲུབ་དེ་གསོ་རིག་དང་དམག་དོན་སོགས་ལས་བེད་སྤྱོད་མང་བ་ཡོད་པས། གལ་ཏེ་དེ་རྣམས་ལ་རྒྱུས་མངའ་མེད་ན་ནང་དོན་གནད་ལ་འཁེལ་བ་ཞིག་བསྒྱུར་ཐུབ་པར་དཀའ། བཞི་པ། དེང་རབས་ཚན་རྩལ་ཆ་འཕྲིན་གྱི་ཤེས་བྱ་འདང་ངེས་ཡོད་དགོས།
ཆ་འཕྲིན་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བ་དང་བསྟུན་ནས་ལག་བྲིས་བྱེད་པའི་གོམས་སྲོལ་རྙིང་པར་འགྱུར་བ་འགྲོ་བཞིན་ཡོད་པ་དང་། ལྷག་དོན་དུ་རླུང་འཕྲིན་གསར་འགྱུར་གྱི་རྒྱ་བོད་ཡིག་སྒྱུར་ཞུ་དག་པ་ཞིག་གི་ངོས་ནས་བཤད་ན། གློག་ཀླད་བྱང་བར་སྤྱོད་ཐུབ་པ་བྱེད་རྒྱུ་དེ་ནི་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོ་ཞིག་ཡིན་ལ་རྙོག་རྫོབ་ཆེ་བའི་བརྒྱུད་རིམ་སྟབས་བདེར་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། དཔེར་ན། ཞུ་དག་གི་ལས་ལ་འཇུག་སྐབས་རྒྱ་ཡིག་མིང་ཚིག་ཅིག་གི་དོན་རྟོགས་དཀའ་བར་གྱུར་ཚེ། གློག་ཀླད་དྲ་སྦྲེལ་བརྒྱུད་འཚོལ་ཞིབ་བྱས་ན་འཕྲལ་དུ་གསལ་བོ་ཤེས་ཐུབ་པ་དང་། ཡིག་སྒྱུར་བའི་སྒྱུར་ཡིག་དེ་གློག་ཀླད་ཐོག་དག་བཅོས་བྱས་ནས་སྙན་སྒྲོན་པའི་ལག་ཏུ་སྤྲད་ཚེ་ནག་ནོག་ཟང་ཟིང་དང་། ཀློག་དཀའ་བའི་སྣང་ཚུལ་བཀག་འགོག་བྱེད་ཐུབ་པ་སོགས་ཕན་ཆ་ཆེ་བས་ངེས་པར་དུ་དེའི་ཐད་བྱང་པོ་ཡོད་དགོས་པ་གལ་ཆེ་སྙམ། ལྔ་པ། དབྱིན་ཡིག་གི་རྒྱུན་སྤྱོད་ཐ་སྙད་ཤེས་དགོས་པ་གལ་ཆེ།
དབྱིན་ཡིག་ནི་འཛམ་གླིང་ཡོངས་ཀྱི་ཀུན་སྤྱོད་ཡེ་གེར་གྱུར་དང་འགྱུར་མུས་ཡིན་པ་སྐྱེ་བོ་ཀུན་གྱིས་མཐོང་ཆོས་སུ་གྱུར་ཡོད། ལྷག་དོན་དུ་དེང་གི་རྒྱ་ཡིག་གསར་འགྱུར་ནང་དབྱིན་ཡིག་ཚིག་འབྲུ་མང་དུ་འགྲོ་བ་དང་ཚིག་འབྲུ་ཁག་ཅིག་རྒྱུན་དུ་སྤྱོད་ཀྱི་ཡོད་པ་དཔེར་ན། “GDP’’ “IT’’ “SARS’’ “WTO’’ “FAO’ “WHO’’ཟེར་བ་སོགས་གལ་ཏེ་དེ་དོན་རྟོགས་མ་ཐུབ་པ་དང་། དེ་རང་སོར་བཞག་ཚེ་རང་རེའི་སྐད་དེ་ར་མ་ལུག་ཏུ་འགྱུར་སྲིད་ཅིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ཡང་རིམ་བཞིན་བརླག་པར་འགྱུར་སྙམ།
གཉིས་པ། རླུང་འཕྲིན་གསར་འགྱུར་གྱི་རྒྱ་བོད་ཡིག་སྒྱུར་ཞུ་དག་པའི་གལ་ཆེའི་རང་བཞིན་དང་དགེ་སྐྱོན་སྐོར། རླུང་འཕྲིན་ནི་བརྙན་འཕྲིན་དང་ཚགས་པར་སོགས་གསར་འགྱུར་ལས་རིགས་གཞན་དང་འདྲ་བར་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་མགྲིན་ཚབ་པ་ཞིག་ཡིན་ལ་ཡང་དག་པའི་གླེང་ཕྱོགས་ཀྱི་ཕྱོགས་སྟོན་འཁོར་ལོ་ལྟ་བུའང་ཡིན། རླུང་འཕྲིན་གྱི་བྱ་བ་བསྒྲུབས་པའི་གསར་འགོད་པ་དང་རྩོམ་སྒྲིག་པ། སྙན་སྒྲོན་པ། ཞུ་དག་པ་སོགས་ཚང་མ་ནི་མེད་དུ་མི་རུ་བའི་གྲུབ་ཆ་ཞིག་ཡིན་ཞིང་། གལ་འགངས་ཤིན་ཏུ་ཆེ་བའི་ལྷུ་ཚིགས་ཤིག་ཡིན། ལྷག་དོན་དུ་རླུང་འཕྲིན་གསར་འགྱུར་གྱི་རྒྱ་བོད་ཡིག་སྒྱུར་ཞུ་དག་པའི་ལས་དེ་ནི་མ་གཞི་རླུང་འཕྲིན་ལས་དོན་པ་ཀུན་གྱིས་སྣང་མེད་དུ་འཇོག་པའམ་ལྷོད་གཡེང་ཤོར་བའི་ལས་ཤིག་ཡིན་རུང་། དེའི་གལ་ཆེའི་གོ་བབ་ནི་མི་རྣམས་ནས་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཞིང་། རྟ་ཁ་གཡས་གཅུན་བྱེད་པའི་སྲབ་མདའ་ལྟ་བུ་དང་། རླུང་འཕྲིན་གསར་འགྱུར་གྱི་མཚམས་སྦྱོར་ལས་དེ་ལེགས་འགྲུབ་ཡོད་མིན་གྱི་རག་ལས་ས་གཙོ་བོའི་གྲས་ཤིག་ཡིན། གལ་ཏེ་ཞུ་དག་པའི་ལས་དེ་ཡག་པོ་བསྒྲུབས་ཚེ། སྤྱིར་བཏང་གི་བྱེད་ཕྱོགས་སྲིད་ཇུས་སམ་རྒྱལ་ཁབ་ཕྱི་ནང་གི་གསར་དུ་ཐོན་པའི་གནས་ཚུལ་སོགས་སྒྲའི་རླབས་རིས་དང་བསྡེབས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྙན་ལམ་དུ་ཡང་དག་སྒྲོན་ཐུབ་པ་དང་། གོང་འཕེལ་དང་བརྟན་ལྷིང་ཆེད་ནུས་པ་བསམ་གྱིས་མི་ཁྱབ་པ་འདོད་ཐུབ་པ་དང་ཆབས་ཅིག སྲིད་དཔལ་རིག་གསུམ་གྱི་གྲོང་འཕེལ་ཆེད་གཞན་གྱིས་ཚབ་བྱེད་ནུས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་ཐུབ། སྒོས་སུ་ཡིག་སྒྱུར་གྱི་ལས་སུ་འཇུག་པའི་གཞོན་སྐྱེས་དང་ལས་དང་པོ་བས་རང་ནུས་གོང་མཐོར་གཏོང་བ་དང་རང་སྐད་གཅིག་གྱུར་ཡོང་བ་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་དེར་དགེ་མཚན་ལྡན་པའི་ནུས་པ་ཆེན་པོ་ཐོན་སྲིད། གལ་ཏེ་དེ་ལས་ལྡོག་སྟེ་རླུང་འཕྲིན་དང་བརྙན་འཕྲིན་ཁྱིམ་ཚང་ཁྲི་སྟོང་མང་པོའི་རྒྱུན་གཏན་འཚོ་བའི་ནང་མེད་ཐབས་མེད་པའི་བསམ་པའི་མཁོ་ཆས་སུ་འགྱུར་མུས་ཡིན་པའི་གོང་འཕེལ་གྱི་དུས་འདིར། རྒྱ་བོད་གསར་འགྱུར་ཡིག་སྒྱུར་ཞུ་དག་པའི་ལས་དེར་གཙིགས་ཆེན་མི་བྱེད་པར་རང་དགར་ཁྲལ་འཁྱོལ་ཐབས་ལྟ་བུ་བྱས་ཚེ་ཆུང་ན་གཞན་གྱིས་འཕྱ་སྨོད་དང་བཞད་གད་བྱ་ཡུལ་དུ་འགྱུར་སྲིད་ལ། ཆེ་ན་ཆབ་སྲིད་དང་རྩ་དོན་གྱི་ནོར་འཁྲུལ་འབྱུང་སྲིད། མདོར་ན། རླུང་འཕྲིན་གསར་འགྱུར་གྱི་རྒྱ་བོད་ཡིག་བསྒྱུར་ཞུ་དག་པའི་ལས་དེར་མཐོང་ཆེན་བྱེད་དགོས་པ་ནི་གལ་ཆེ་བ་དང་ཆབས་ཅིག་ཞུ་དག་པའི་བྱང་ཚད་མཐོར་གཏོང་དང་ཞུ་དག་གི་མ་ཡིག་གཅིག་གྱུར་བྱེད་རྒྱུ་དེ་ཡང་སྲིད་དཔལ་རིག་གསུམ་གོང་འཕེལ་གཏོང་བའི་ལྡོག་མེད་ཀྱི་དགོས་མཁོ་ཞིག་ཡིན། དེར་བརྟེན་ཁོ་བོའི་བསམ་པར་ཡིག་སྒྱུར་དང་ཞུ་དག་པའི་ལས་དེར་ཡང་། དེང་འདིར་དར་ཁྱབ་ཆེ་བའི་ཁྲིམས་རྩོད་པའི་ཐོབ་ཐང་ལག་འཁྱེར་དང་རྩིས་པའི་ཐོབ་ཐང་ལག་འཁྱེར། དེ་བཞིན་དབྱིན་ཡིག་བྱང་ཚད་ཀྱི་ལག་འཁྱེར་སོགས་དང་འདྲ་བར་རང་མཁོའི་ཚད་ལྡན་ནུས་ལྡན་གྱི་ལག་འཁྱེར་ཞིག་བྱུང་ཚེ། སླད་ཀྱི་ཡིག་སྒྱུར་བྱ་གཞག་དང་རང་མི་རིགས་ཀྱི་རིག་གནས་དང་དཔལ་འབྱོར་སོགས་གོང་འཕེལ་གཏོང་རྒྱུར་ནུས་པ་ཆེན་པོ་ཐོན་རྒྱུ་སྨོས་མེད་ཡིན་ལ། རང་སྐད་གཅིག་གྱུར་ཡོང་བ་བྱེད་པའི་རེ་འདུན་བཟང་པོ་འགྲུབ་རྒྱུར་མཐུན་རྐྱེན་བཟང་པོ་བསྐྲུན་ཐུབ་ངེས་ཡིན། རེ་སྨོན་བཟང་པོའི་ཚུལ་དུ་བྲིས་པའི་རྩོམ་ཡིག་དེར་མ་རྟོགས་ལོག་རྟོགས་ཀྱི་ཆ་ཡོད་ངེས་ཡིན་པས་ལྷན་རྒྱས་ནས་སྙིགས་དོར་བཅུད་ལེན་མཛོད།
|