གནས་ཡུལ། མདུན་ངོས། བརྙན་འཕྲིན།
 
 
༄༅། །སྙན་སྒྲོན་པ་དང་ལེ་ཚན་གཙོ་སྐྱོང་པའི་བར་གྱི་ཁྱད་པར་སྐོར་རགས་ཙམ་གླེང་བ།
སྤེལ་དུས།2009-09-29   ཡོང་ཁུངས་།《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》   རྩོམ་པ་པོ། ཟླ་བ་གཡུ་སྒྲོན། འབྲུག་མོས་ཞུ་དག་བྱས།

     མཚམས་སྦྱོར་ལས་རིགས་ཀྱི་ཆ་འཕྲིན་ཁྱབ་སྤེལ་བྱེད་ཐབས་གཙོ་བོ་གསུམ་ཡིན་པའི་ཆ་ནས་ཚགས་པར་དང་།   བརྙན་འཕྲིན།   རླུང་འཕྲིན་བཅས་གསུམ་པོས་དེང་རབས་མི་རྣམས་ཀྱི་འཚོ་བའི་ནང་གནས་བབ་གལ་ཆེན་བཟུང་ཡོད་པ་དང་།   ཡང་སྒོས་རླུང་འཕྲིན་དང་བརྙན་འཕྲིན་གྱིས་ཆ་འཕྲིན་ཁྱབ་སྤེལ་བྱེད་པའི་ནང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད།   སྙན་སྒྲོན་པ་དང་ལེ་ཚན་གཙོ་སྐྱོང་པ་ནི་བརྙན་འཕྲིན་དང་རླུང་འཕྲིན་ལས་རིམ་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།   རླུང་འཕྲིན་བརྙན་འཕྲིན་དང་གསན་པ་པོ་དང་གཟིགས་མོ་བའི་བར་གྱི་འབྲེལ་ཐག་ལྟ་བུ་ཞིག་ཡིན།   འོན་ཀྱང་དུས་ཡུན་རིང་པོའི་ནང་མི་མི་ཉུང་བ་ཞིག་གིས་སྙན་སྒྲོན་པ་དང་ལེ་ཚན་གཙོ་སྐྱོང་པ་གཉིས་ཀྱི་ཐ་སྙད་ལ་ངོས་འཛིན་ཡག་པོ་བྱུང་མེད་ལ།   ཐ་ན་ལེ་ཚན་གཙོ་སྐྱོང་པ་དང་སྙན་སྒྲོན་པ་ནི་དོན་གཅིག་མི་གི་རྣམ་གྲངས་སམ་ཁྱད་པར་དེ་ཙམ་མེད་པའི་ལྟ་བ་འཛིན་གྱི་ཡོད།   དོན་དངོས་ཐོག་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་སྙན་སྒྲོན་པ་གྲགས་ཅན་ལོ་ཅིང་གིས་ནན་ཏན་ངང་བརྗོད་ན་སྙན་སྒྲོན་དང་ལེ་ཚན་གཙོ་སྐྱོང་ནི་ཐ་སྙད་མི་འདྲ་བ་གཉིས་རེད།   སྙན་སྒྲོན་ནི་ཆེད་ལས་ཤིག་གི་ངོ་བོ་མངོན་པ་ཞིག་སྟེ།   གོ་བདེ་ཙམ་གྱི་སྒོ་ནས་ཞུས་ན་རང་ཉིད་ཀྱི་སྐད་ལ་བརྟེན་ནས་ནང་དོན་མངོན་པར་བྱས་པ་ལ་སྙན་སྒྲོན་ཟེར་བ་དང་།   ལེ་ཚན་གཙོ་སྐྱོང་ཞེས་པ་ནི་རང་ཉིད་བྱ་དངོས་གཅིག་ནང་གནས་པའི་གནས་བབ་མངོན་པ་ཞིག་ལས་ཆེད་ལས་གང་དེའི་རང་བཞིན་བརྗོད་པ་ཞིག་མིན།   དེར་བརྟེན་ལེ་ཚན་གཙོ་སྐྱོང་པ་ནི་སྙན་སྒྲོན་པ་དང་།   གསར་འགོད་པ།   འཁྲབ་སྟོན་པ།   ཐ་ན་རིགས་གཅིག་མཁས་པ་དང་མཁས་དབང་སོགས་ཀྱིས་བྱེད་ཆོག་ཅིང་།   དེར་གཟབ་ནན་དང་།   ཞིབ་ཕྲ།   གཅིག་གྱུར་གྱི་ཆེད་ལས་བླང་བྱ་མེད་ལ།   རང་ཉིད་ཀྱི་བློ་གྲོས་དང་སྤྱང་གྲུང་འདོན་སྤེལ་གང་ལེགས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ།   སྙན་སྒྲོན་དང་ལེ་ཚན་གཙོ་སྐྱོང་གཉིས་ཐ་སྙད་ཀྱི་ཐོག་ནས་བརྗོད་ནའང་འདྲ་བའི་ཆ་ཉུང་ཉུང་ཡིན་ཞེས་གསུངས་པ་ལྟར།   སྙན་སྒྲོན་པ་དང་ལེ་ཚན་གཙོ་སྐྱོང་པས་གསར་འགྱུར་ཁྱབ་སྤེལ་དང་ལེ་ཚན་གཙོ་སྐྱོང་ནང་ཁུར་བའི་ལས་ཀའི་འགན་འཁྲི་དང་བླང་བྱ་མི་གཅིག་པའི་རྐྱེན་གྱིས་སྐད་ཆའི་བརྗོད་ཕྱོགས་དང་།   ཆ་འཕྲིན་ཁྱབ་སྤེལ་བྱེད་སྟངས་སོགས་ཀྱི་ཐད་ལ་ཁྱད་པར་ཆེན་པོ་ཡོད།   དེ་གཉིས་ཀྱི་ཁྱད་པར་ངོས་འཛིན་ཡག་པོ་ཐུབ་ཚེ་ཚད་ལྡན་གྱི་སྙན་སྒྲོན་པ་དང་ལེ་ཚན་གཙོ་སྐྱོང་པ་ཞིག་ཆགས་པར་ཕན་ཐོགས་ཡོད་ལ་དེ་བས་ཡག་པའི་སྒོ་ནས་ཏང་དང་མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ།   དེར་བརྟེན་ཕྲན་གྱིས་རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་སྙན་སྒྲོན་པ་དང་ལེ་ཚན་གཙོ་སྐྱོང་པའི་བར་གྱི་ཁྱད་པར་གཙོ་བོའི་སྐོར་མདོ་ཙམ་གླེང་ན། 

       དང་པོ།   སྐད་ཆའི་བརྗོད་ཕྱོགས་ཐད་ལ་ཚན་ལྡན་རང་བཞིན་དང་བབ་བསྟུན་རང་བཞིན་གྱི་ཁྱད་པར་ལྡན་པ།  

སྤྱིར་ན་གསར་འགྱུར་སྙན་སྒྲོན་པས་གསར་འགྱུར་སྙན་སྒྲོན་ཞུ་སྐབས་རང་མི་སྒེར་གྱི་ངོས་ནས་སྙན་སྒྲོན་བྱེད་ཀྱི་མེད་པར་གསར་འགྱུར་ཚན་པ་དང་ཏང་གི་དྲིལ་བསྒྲགས་མཁན་ཞིག་གི་མིང་ཐོག་ནས་གསན་པ་པོ་དང་གཟིགས་མོ་བའི་བར་ཆ་འཕྲིན་ཁྱབ་སྤེལ་བྱེད་པ་དང་།   སྙན་སྒྲོན་པས་ཉིན་ལྟར་ཆབ་སྲིད་དང་།   དཔལ་འབྱོར།   རིག་གནས་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་བརྩམ་བྱ་སྙན་སྒྲོན་ཞུ་དགོས་ཀྱི་ཡོད་པ་དང་།   ལྷག་པར་དུ་ཏང་དང་སྲིད་གཞུང་གི་དགོངས་དོན་དང་མཛད་ཕྱོགས་སྲིད་ཇུས་ཁག་དྲིལ་བསྒྲགས་བྱེད་ཀྱི་ཡོད་པས།   གསར་འགྱུར་སྙན་སྒྲོན་ཞུ་སྐབས་ངེས་པར་དུ་གོ་བ་གཏིང་ཟབ་ལེན་པའི་རྨང་གཞིའི་ཐོག་ནོར་འཛོལ་དང་ཆད་འགྱང་སྤུ་ཙམ་མེད་པའི་སྒོ་ནས་སྙན་དག་རྒྱུགས་གསུམ་གྱི་ངང་སྙན་སྒྲོན་ཞུ་དགོས་གཤིས།   སྙན་སྒྲོན་པའི་སྐད་ཆའི་བརྗོད་ཕྱོགས་ཐད་ལ་ཚད་ལྡན་རང་བཞིན་ཆེན་པོ་ལྡན་པ་དང་རང་གཤིས་མངོན་པའི་སྐད་ཆ་གཏན་ནས་བརྗོད་མི་རུང་།   སྙན་སྒྲོན་པས་སྙན་སྒྲོན་ཞུ་བའི་ནང་དོན་ནི་སྤྱིར་བཏང་གཏན་འཁེལ་བྱས་ཟིན་པ་ཤ་སྟག་ཡིན་ཞིང་།   སྙན་སྒྲོན་ཞུ་སྟངས་ཀྱང་ཡིག་སྐད་ཀྱི་ཚད་ལྡན་ཁྱབ་ཁོངས་ནང་སྙན་སྒྲོན་ཞུ་བ་ལས་ཁ་སྐད་སོགས་གཏན་ནས་བེད་སྤྱོད་བྱ་མི་རུང་།   ལེ་ཚན་གཙོ་སྐྱོང་པའི་ལས་ཀའི་ཁྱབ་ཁོངས་དེ་བསཆེ་ཞིང་།   གསར་འགྱུར་རང་བཞིན་དང་།   ཁྲིམས་ལུགས་རང་བཞིན།   རོལ་རྩེད་རང་བཞིན།   ཤེས་བྱའི་རང་བཞིན།   དཔྱད་གླེང་རང་བཞིན་སོགས་རིགས་མི་འདྲ་བའི་ལེ་ཚན་སྣ་ཚོགས་གཙོ་སྐྱོང་བྱེད་དགོས་པ་དང་།   ལེ་ཚན་གཙོ་སྐྱོང་བྱེད་སྐབས་རང་གཤིས་མངོན་པའི་བར་ཁམས་ཡང་ཅུང་ཆེ་བ་དང་།   སྐད་ཆའི་བརྗོད་ཕྱོགས་ཐད་ལ་བབ་བསྟུན་རང་བཞིན་ཆེན་པོ་ལྡན་ལ།   སྤྱིར་བཏང་ཁ་སྐད་ཀྱི་ལམ་ནས་ལས་ཡུལ་དངོས་ཀྱི་གནས་ཚུལ་ལ་གཞིགས་ཏེ་ལེ་ཚན་དེ་དག་གཙོ་སྐྱོང་བྱེད་སྐབས་རང་ཉིད་ཀྱིས་གཙོ་སྐྱོང་བྱེད་པའི་ལེ་ཚན་གྱི་སྤྱིའི་བླང་བྱ་དང་ཁ་མི་འབྲལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་གཙོ་སྐྱོང་བྱེད་པའི་ལེ་ཚན་ནང་འཛུལ་ཐུབ་པར་བྱས་ནས་རང་སྒེར་དང་།   རྩོམ་སྒྲིག་པ།   གསར་འགོད་པ་བཅས་གསུམ་པོ་གཞི་གཅིག་ཏུ་སྦྲེལ་བའི་རྣམ་པའི་ཐོག་ནས་རང་ཉིད་དང་ལེ་ཚན་གསན་གཟིགས་གནང་མཁན་བར་གྲོགས་པོ་ཡིན་སྙམ་པའི་ངང་ནས་བབ་བསྟུན་གྱི་ཁ་སྐད་སྤྱད་ནས་ལེ་ཚན་གསན་གཟིགས་གནང་མཁན་དང་བརྩེ་དུང་ཟབ་ཅིང་ལྷག་བསམ་དག་པའི་ངང་བགྲོ་གླེང་དང་སྤེལ་རེས་བྱེད་དགོས་པ་ལས།   སྒྲོ་འདོགས་དང་འཁྱོག་བཤད་རྩ་བ་ནས་བྱེད་མི་རུང་།   དེ་བཞིན་ལེ་ཚན་གྱི་ནང་དོན་རང་ཉིད་ཀྱི་མྱོང་བ་དངོས་ཀྱི་ཐོག་ནས་འཚེར་སྣང་མེད་པ་དང་སྦ་གསང་མེད་པ།   སྐབས་རེ་ད་དུང་ཀུ་རེ་རྣམ་པའི་ཐོག་ནས་གོ་བདེ་ཁ་གསལ་ངང་ངོ་སྤྲོད་ཞུ་དགོས།   དེ་ལྟར་བྱས་ཚེ་གཟིགས་མོ་བར་བློ་ཐག་ཉེ་བ་དང་ཡིད་རྟོན་རུང་བའི་ཚོར་སྣང་ཞིག་སྦྱིན་ཐུབ།
    
དེར་བརྟེན་ལེ་ཚན་གཙོ་སྐྱོང་པའི་སྐད་ཆའི་བརྗོད་ཕྱོགས་ཐད་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ནི་ལེ་ཚན་གཙོ་སྐྱོང་བྱེད་སྐབས་བབ་བསྟུན་གྱི་ཁ་སྐད་འཆད་དགོས་པ་དེ་ཡིན་པ་དང་།   ལེ་ཚན་གཙོ་སྐྱོང་པས་ལེ་ཚན་གཙོ་སྐྱོང་བྱེད་སྐབས་སྙན་སྒྲོན་པ་ལྟར་སྐད་ཆའི་བརྗོད་ཕྱོགས་ཐད་ལ་བཀག་རྒྱ་དེ་ཙམ་མེད་པ་དང་།   ལེ་ཚན་གྱི་ནང་དོན་གཙོ་བོ་ཁ་གསལ་གོ་བདེ་དང་།   ལེ་ཚན་གསན་གཟིགས་གནང་མཁན་ཚོའི་དགོས་མཁོ་དང་བསྟུན་ནས་ཤོད་ཐུབ་པར་བྱེད་ཆེད་ཡིག་སྐད་མ་སྤྱད་པར་བབ་བསྟུན་གྱི་ཁ་སྐད་སྤྱད་དགོས་ཀྱི་ཡོད་པས།   ལེ་ཚན་གཙོ་སྐྱོང་པའི་ངོས་ནས་བཤད་ན་ལེ་ཚན་གཙོ་སྐྱོང་བྱེད་སྐབས་གང་འདྲ་བྱས་ནས་འོས་མཚམས་ངང་ཁ་སྐད་སྤྱད་དགོས་མིན་དེ་ཡང་ཤིན་ཏུ་གལ་ཆེ།   ད་ལྟ་རྒྱལ་ནང་གི་བརྙན་འཕྲིན་དང་རླུང་འཕྲིན་ལེ་ཚན་མི་ཉུང་བ་ཞིག་གི་ནང་མང་ཚོགས་ནས་དགའ་པོ་བྱེད་པའི་གཙོ་སྐྱོང་པ་མི་ཉུང་བ་ཞིག་ཡོད་པ་དང་།   ཕུལ་བྱུང་གི་ལེ་ཚན་གཙོ་སྐྱོང་པ་དེ་དག་གིས་ལེ་ཚན་གཙོ་སྐྱོང་བྱེད་སྐབས་ལས་ཡུལ་དངོས་ཀྱི་རྣམ་པ་དང་ལེ་ཚན་གསན་གཟིགས་གནང་མཁན་ཚོའི་བསམ་པའི་དགོས་མཁོ།   ལེ་ཚན་རང་གི་སྤྱིའི་བླང་བྱ།   ལེ་ཚན་གྱི་བརྗོད་བྱ་གཙོ་བོ་བཅས་ཚང་མར་གཞིགས་ཏེ་བབ་བསྟུན་གྱི་ཁ་སྐད་སྤྱད་ནས་གཙོ་སྐྱོང་བྱེད་ཐུབ་པ་མ་ཟད།   རང་གཤིས་ཁྱད་ཆོས་ལྡན་ཞིང་བབ་བསྟུན་གྱི་ཁ་སྐད་སྤྱད་པའི་རྐྱེན་གྱིས་ལེ་ཚན་གསན་གཟིགས་གནང་མཁན་བར་འབྲེལ་བ་ཟབ་མོ་འཛུགས་ཐུབ་པ་བྱུང་ཡོད།   བབ་བསྟུན་གྱི་ཁ་སྐད་སྤྱད་ནས་གཟིགས་མོ་བ་དང་སྤེལ་རེས་དང་། གཟིགས་མོ་བ་དང་གཅིག་ལ་གཅིག་བརྟེན་དང་དཔུང་པ་མཉམ་གཤིབ་ཀྱི་བགྲོ་གླེང་བྱེད་ཆོག་པ་དེ་ནི་ལེ་ཚན་གཙོ་སྐྱོང་མཁན་གྱི་སྐད་ཆའི་བརྗོད་ཕྱོགས་ཐད་ཀྱི་ཁྱད་ཆོས་ཡིན།
     
སྤྱིར་ན་ལེ་ཚན་གཙོ་སྐྱོང་པ་ནི་ལེ་ཚན་གྱི་ཇུས་འགོད་པ་དང་ཐེ་ཞུགས་བྱེད་མཁན་ཡིན་ལ།   སྙན་སྒྲོན་པ་ནི་བརྩམ་བྱའི་ནང་དོན་དང་ཆ་འཕྲིན་བརྒྱུད་སྤེལ་བྱེད་མཁན་ཞིག་ཡིན་པས།   སྙན་སྒྲོན་པ་དང་ལེ་ཚན་གཙོ་སྐྱོང་པའི་སྐད་ཆའི་བརྗོད་ཕྱོགས་ཐད་ལ་ཚད་ལྡན་རང་བཞིན་དང་བབ་བསྟུན་རང་བཞིན་གྱི་ཁྱད་པར་ཆེན་པོ་ལྡན་ཡོད།
      
གཉིས་པ།   བརྩམ་བྱའི་བེད་སྤྱོད་ཐད་གཏན་འཁེལ་རང་བཞིན་དང་གསར་གཏོད་རང་བཞིན་གྱི་ཁྱད་པར་ལྡན་པ།

     གསར་འགྱུར་སྙན་སྒྲོན་པར་སྤྱི་སྐད་ཁྱབ་གདལ་གཏོང་བའི་འགན་འཁྲི་ཡོད་པ་དང་།   ཚད་ལྡན་གྱི་སྙན་སྒྲོན་པ་ཞིག་གི་ངོས་ནས་ཞུས་ན་སྙན་འཇེབས་ཡིད་དབང་འཕྲོག་པའི་གསུང་སྐད་ལྡན་པའི་རྨང་གཞིའི་ཐོག་སྙན་སྒྲོན་ཞུ་སྐབས་ད་དུང་སྒྲ་དག་ཚིག་གསལ་དང་།   གནད་ལ་འཁེལ་བ།   འཁོན་ཐོགས་མེད་པ།   ཚིག་གི་གཅོད་མཚམས་གསལ་བ།   མགྱོགས་དལ་སྙོམས་པ།   བརྗོད་བྱའི་དོན་དང་བསྟུན་ནས་ཉམས་གྱུར་སྣ་ཚོགས་མངོན་ཐུབ་པ་བཅས་ཀྱི་ཁྱད་ཆོས་ལྡན་དགོས་པ་དང་།   སྒྲ་མི་དག་པ་དང་དོན་མི་གསལ་བ།   མགྱོགས་དྲགས་པའམ་དལ་དྲགས་པ།   ཀློག་སྟངས་ནོར་བ་སོགས་ཀྱི་གནད་དོན་ཐོན་མི་ཆོག དེར་བརྟེན་གསར་འགྱུར་སྙན་སྒྲོན་པས་བརྩམ་བྱའི་ནང་དོན་ལ་གཞིགས་ནས་ཆ་འཕྲིན་དང་ནང་དོན་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་ལས་བརྩམ་བྱར་བཟོ་བཅོས་བརྒྱབ་ཀྱི་མེད།   དེ་ཡང་གསལ་པོ་ཤེས་དགོས་པ་ཞིག་ལ་གསར་འགྱུར་སྙན་སྒྲོན་པས་སྐད་བརྡའི་ཉམས་འགྱུར་སྣ་ཚོགས་སྤྱད་ནས་བརྩམ་བྱ་མཚོན་ཐབས་བྱེད་པ་ལས་བརྩམ་བྱ་རང་ལ་ལེགས་སྒྲིག་བྱེད་མི་ཆོག    གསར་འགྱུར་སྙན་སྒྲོན་པའི་ལས་ཀའི་གསར་གཏོད་རང་བཞིན་ནི་བརྩམ་བྱར་འགྱུར་བ་མ་བཏང་བའི་རྨང་གཞིའི་སྟེང་སྙན་སྒྲོན་ཞུ་སྐབས་སྙན་དག་རྒྱུགས་གསུམ་གྱི་སྒོ་ནས་བརྗོད་བྱའི་དོན་དེ་རྗོད་བྱེད་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཁ་གསལ་ཞིང་གནད་ལ་འཕིགས་པའི་སྒོ་ནས་མཚོན་པར་བྱེད་པའི་སྐད་བརྡའི་སྒྱུ་རྩལ་ཐོག་མངོན་གྱི་ཡོད།   སྙན་སྒྲོན་པར་བརྩམ་བྱར་བཅོས་སྒྲིག་བྱས་ནས་སྙན་སྒྲོན་ཞུ་བའི་དབང་ཆ་མེད།   གཞན་ཡང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་སྐབས་རེ་སྙན་སྒྲོན་པ་དང་གཟིགས་མོ་བ་ཕན་ཚུན་སྤེལ་རེས་བྱས་པ་མཐོང་ཐུབ།   འོན་ཀྱང་ངེས་པར་དུ་ཤེས་དགོས་པ་ཞིག་ལ་དེ་ནི་ལེ་ཚན་དང་གཟིགས་མོ་བའི་བར་གྱི་སྤེལ་རེས་ཡིན་པ་ལས་།   སྙན་སྒྲོན་པ་མི་སྒེར་དང་གཟིགས་མོ་བ་སྤེལ་རེས་བྱས་པ་ཞིག་མིན།   སྙན་སྒྲོན་པས་སྙན་སྒྲོན་ཞུ་སྐབས་སྔར་བཞིན་བརྩམ་བྱ་དང་ཕྲན་ཙམ་ཡང་ཁ་བྲལ་མི་རུང་།   དེར་བརྟེན་སྙན་སྒྲོན་པས་བརྩམ་བྱ་བེད་སྤྱོད་བྱེད་སྐབས་གཏན་འཁེལ་རང་བཞིན་ཆེན་པོ་མཆིས།
    
ལེ་ཚན་གཙོ་སྐྱོང་པས་ལེ་ཚན་གཙོ་སྐྱོང་བྱེད་སྐབས་ཁག་གཅིག་གིས་བརྩམ་བྱ་བེད་སྤྱོད་ལ་ཡང་ཁག་གཅིག་གིས་བརྩམ་བྱ་བེད་སྤྱོད་ཀྱི་མེད།   དེ་ཡང་ལེ་ཚན་གཙོ་སྐྱོང་བས་བརྩམ་བྱ་བེད་སྤྱོད་སྐབས་བརྩམ་བྱའི་གཏན་འཁེལ་ནང་དོན་ལ་བརྩི་སྲུང་ཞུ་བའི་རྨང་གཞིའི་སྟེང་སྐད་ཆའི་འགོ་མཇུག་དང་གཙོ་ཕལ་ལེགས་སྒྲིག་བྱས་ནས་ལེ་ཚན་གཙོ་སྐྱོང་བྱེད་ཀྱི་ཡོད་པས་སྤྱིར་གསར་གཏོད་རང་བཞིན་ཆེན་པོ་ལྡན།   དཔེར་ན།   ཨ་རིའི་དུས་སྐབས་མི་གཅིག་པའི་གསར་འགྱུར་ལེ་ཚན་གྱི་གཙོ་སྐྱོང་པ་གྲགས་ཅན་ཁེ་ལང་ཁེ་ཐེ་དང་།   ཏན་ལ་སེ།   དེ་བཞིན་ཨེ་ཏེ་ཧོ་་མོ་ལོ་བཅས་ཚང་མ་ནི་ལེ་ཚན་གཙོ་སྐྱོང་པའི་ལས་ལ་དངོས་སུ་མ་ཞུགས་གོང་གསར་འགོད་པའི་ལས་ཀ་ལོ་བཅུ་ལྷག་ཙམ་བྱེད་མྱོང་བ་ཤ་སྟག་ཡིན་པ་དང་།   ཁོང་ཚོར་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་ལ་སྐད་ཡིག་གི་བྱང་ཚད་ཡང་མཐོ་པོ་ལྡན།   ཁོང་ཚོས་ལེ་ཚན་གཙོ་སྐྱོང་གནང་སྐབས་གནས་ཚུལ་གྱི་ཕྱིའི་རྣམ་པ་ཙམ་མ་ཡིན་པར་གནས་ཚུལ་གྱི་ངོ་བོ་གསལ་པོར་མཁྱེན་རྟོགས་བྱེད་ཐུབ་ལ་གནས་ཚུལ་གྱི་ངོ་བོར་དབྱེ་ཞིབ་བྱེད་རྒྱུར་ཤིན་ཏུ་མཁས།   གཞན་ཡང་ཁོ་ཚོར་གཞན་དང་འབྲེལ་གཏུགས་དང་སྤེལ་རེས་བྱེད་པའི་ནུས་པ་ལྡན་ཞིང་གླེང་མོལ་བྱེད་རྒྱུར་མཁས་པས།   ཁོང་ཚོས་གསར་འགྱུར་སྙན་སྒྲོན་ཞུ་སྐབས་རང་ཉིད་གསར་འགྱུར་བརྒྱུད་སྤེལ་དང་       དྲིལ་བསྒྲགས་བྱེད་རིམ་ནང་མི་སྣ་གཙོ་བོ་དང་འགན་འཁུར་མཁན་ཞིག་ཏུ་གྱུར་བར་བྱས་ཏེ།   བརྩམ་བྱའི་རྩ་དོན་དང་མཐུན་པའི་རྨང་གཞིའི་ཐོག་ཚིག་འབྲུའི་བཀག་རྒྱ་ལས་གྲོལ་ཏེ་བརྩམ་བྱའི་ནང་དོན་སྙན་འཇེབས་གོ་བདེ་དང་།   རང་གཤིས་མངོན་པ།   གསར་གཏོད་ཀྱི་རྣམ་པ་ལྡན་པ་སོགས་ཀྱི་ཐད་ནས་སྙན་སྒྲོན་བྱེད་ཅིང་།   དགོས་ངེས་སྐབས་ད་དུང་གནད་དོན་འགའ་ཤས་ཐད་དཔྱད་བསྡུར་གནང་གི་ཡོད་པས་ལེ་ཚན་གསན་གཟིགས་གནང་མཁན་ལ་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་ཀྱི་ཡོད།
    
སྤྱིར་ལེ་ཚན་གཙོ་སྐྱོང་པས་ལེ་ཚན་གཙོ་སྐྱོང་བྱེད་སྐབས་ལེ་ཚན་གསན་གཟིགས་གནང་མཁན་དང་ཐད་ཀར་འབྲེལ་གཏུགས་བྱེད་ཀྱི་ཡོད་པའི་དབང་གིས་སྤྱིར་བཏང་ཁ་སྐད་བེད་སྤྱོད་ལ།   སྙན་སྒྲོན་པ་ལྟར་སྒྲ་གདངས་མཐོ་དམན་སོགས་ཀྱི་ཉམས་འགྱུར་འདོན་སྟངས་ལ་དང་དོད་དེ་ཙམ་གནང་གི་མེད་པ་དང་།   བརྩམ་བྱའི་ནང་དོན་ནམ་སྙིང་པོ་ཁོང་དུ་ཆུད་པར་བྱས་རྗེས་རང་ཉིད་ཀྱི་བློ་རིག་དང་ལེ་ཚན་གཙོ་སྐྱོང་གི་ཉམས་མྱོང་།   ལས་ཡུལ་དངོས་ཀྱི་རྣམ་པ་སོགས་རྒྱུ་རྐྱེན་སྣ་ཚོགས་དང་བསྟུན་ནས་འཁྲུག་ཆ་འདོད་ཅིང་རང་གཤིས་ལེགས་པར་མངོན་པའི་ངང་ལེ་ཚན་གཙོ་སྐྱོང་གནང་གི་ཡོད།   དེར་བརྟེན་བརྩམ་བྱ་སྤྱད་པའི་ཐད་ལ་སྙན་སྒྲོན་པས་གཏན་འཁེལ་རང་བཞིན་ལ་བརྩི་སྲུང་ཞུ་བ་དང་དང་ལེ་ཚན་གཙོ་སྐྱོང་པས་གསར་གཏོད་རང་བཞིན་ལ་བརྩི་སྲུང་ཞུ་བའི་བར་ཁྱད་པར་ཡོད།

                                                གསུམ་པ།   བྱང་ཚད་ཐད་ཀྱི་ཁྱད་པར།

     སྤྱིར་བྱང་ཚད་ཐོག་ནས་བརྗོད་ན་ཆབ་སྲིད་བྱང་ཚད་དང་ལས་ཀའི་བྱང་ཚད་གཉིས་སུ་དབྱེ་ཆོག་པ་དང་།   ཆབ་སྲིད་བྱང་ཚད་ཐོག་ནས་བརྗོད་ན་སྙན་སྒྲོན་པ་དང་ལེ་ཚན་གཙོ་སྐྱོང་པ་གཉིས་ཀས་ཏང་གཤིས་རྩ་དོན་ལ་བརྩི་སྲུང་ཞུ་དགོས་ལ།   སྙན་སྒྲོན་པས་ཉིན་ལྟར་སྲིད་ཇུས་རང་བཞིན་ཆེ་བའི་བརྩམ་བྱ་སྙན་སྒྲོན་ཞུ་དགོས་སྟབས།   ངེས་པར་དུ་ཏང་དང་སྲིད་གཞུང་གི་དགོངས་དོན་དང་མཛད་ཕྱོགས་སྲིད་ཇུས་ལ་གོ་བ་གཏིང་ཟབ་ལེན་ནས་རང་ཉིད་ཀྱི་ཆབ་སྲིད་བྱང་ཚད་མཐོ་རུ་གཏོང་རྒྱུ་ཤིན་ཏུ་གལ་ཆེ་བར་མ་ཟད།   གཞན་ཡང་སྙན་འཇེབས་ལྡན་པའི་གསུང་སྐད་ལྡན་པའི་རྨང་གཞིའི་སྟེང་སྙན་དག་རྒྱུགས་གསུམ་གྱི་སྙན་སྒྲོན་ཞུ་ཐབས་སྦྱོང་རྒྱུ་ནི་ཤིན་ཏུ་གལ་ཆེ།   ལེ་ཚན་གཙོ་སྐྱོང་པའི་ངོས་ནས་བརྗོད་ན་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་ཁར།   ལས་ཀའི་བྱང་ཚད་ཐོག་ལེ་ཚན་གཙོ་སྐྱོང་ཞུ་སྐབས་བབ་བསྟུན་གྱི་ཁ་སྐད་ལེགས་པར་སྤྱོད་ཤེས་པ་ཁོ་ནས་མ་འགྲིག་པར་ད་དུང་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་ཤེས་རྒྱ་མཐོང་རྒྱ་ཆེ་རུ་བཏང་ནས་ལེ་ཚན་གཙོ་སྐྱོང་ཞུ་སྐབས།   གཅིག་ནས་ལེ་ཚན་གྱི་ནང་དོན་གསོན་ཉམས་ལྡན་ཞིང་གནད་ལ་འཕིགས་པའི་ངང་ངོ་སྤྲོད་ཞུ་དགོས་པ་དང་།   གཉིས་ནས་འོས་མཚམས་ངང་རང་གཤིས་མངོན་པའི་གཙོ་སྐྱོང་བྱ་ཐབས་སྤྱད་ནས་ལེ་ཚན་གསན་གཟིགས་གནང་མཁན་དང་སྤེལ་རེས་བྱེད་རྒྱུ་དེ་ཡང་ཤིན་ཏུ་གལ་ཆེ།
    
གོང་གསལ་གྱི་ཁྱད་པར་དེ་དག་ཕུད་གསར་འགྱུར་སྙན་སྒྲོན་པ་དང་ལེ་ཚན་གཙོ་སྐྱོང་པའི་བར་ད་དུང་ཁྱད་པར་ཁ་ཤས་ཡོད་དེ།   དཔེར་ན་གོང་གསལ་ཞུས་པ་ལྟར་ལེ་ཚན་གཙོ་སྐྱོང་པ་ནི་མི་སྒེར་གྱི་མིང་ཐོག་ནས་གཟིགས་མོ་བ་དང་སྤེལ་རེས་བྱེད་མཁན་ཞིག་ཡིན་པ་དང་།   སྙན་སྒྲོན་པ་ནི་བརྙན་འཕྲིན་དང་རླུང་འཕྲིན་གྱི་མགྲིན་ཚབ་པ་ཞིག་ཡིན་པས་ལེ་ཚན་གསན་གཟིགས་གནང་མཁན་དང་ཐད་ཀར་འབྲེལ་གཏུགས་བྱེད་ཀྱི་མེད།   སྙན་སྒྲོན་པས་བརྩམ་བྱ་འབྱོར་རྗེས་བསྟུད་མར་དབྱེ་ཞིབ་བྱས་ནས་གནད་ལ་འཕིགས་པ་དང་ནོར་འཁྲུལ་མེད་པའི་སྒོ་ནས་བརྩམ་བྱའི་ནང་དོན་བརྒྱུད་སྤེལ་བྱེད་དགོས་པ་དང་།   ལེ་ཚན་གཙོ་སྐྱོང་པས་སྤྱིར་བཅར་འདྲི་དང་།   རྩོམ་སྒྲིག སྙན་སྒྲོན་བཅས་གསུམ་པོ་ཚང་མའི་ནང་ཞུགས་པ་དང་།   ལེ་ཚན་གཙོ་སྐྱོང་བྱེད་སྐབས་བརྗོད་བྱའི་སྙིང་པོ་བབ་བསྟུན་གྱི་ཁ་སྐད་ཀྱི་ཐོག་ནས་གོ་བདེ་ཁ་གསལ་དང་གསོན་ཉམས་ལྡན་པའི་ངང་ལེ་ཚན་གསན་གཟིགས་གནང་མཁན་ལ་ངོ་སྤྲོད་བྱེད་དགོས་པ་མ་ཟད།   ད་དུང་ལེ་ཚན་གསན་གཟིགས་གནང་མཁན་དང་དུས་ཐོག་ཏུ་བགྲོ་གླེང་དང་སྤེལ་རེས་ཀྱང་བྱེད་དགོས་པ་ཡིན།
    
མདོར་བསྡུས་ནས་ཞུས་ན་གསར་འགྱུར་སྙན་སྒྲོན་དང་ལེ་ཚན་གཙོ་སྐྱོང་བར་སྐད་ཆའི་བརྗོད་ཕྱོགས་དང་།   བརྩམ་བྱ་བེད་སྤྱོད་བྱེད་ཐབས།   ལས་ཀའི་བྱང་ཚད་ཀྱི་བླང་བྱ།   རང་གཤིས་མངོན་མིན།   ལས་ཀའི་འགན་འཁྲི་དང་ཁྱབ་ཁོངས་སོགས་མི་འདྲ་བའི་ཆ་མང་པོ་ཡོད་པ་དང་།   གང་འདྲ་བྱས་ཏེ་སྐྱོན་སྤོང་དགེ་སྒྲུབ་དང་།   བཟང་ཆ་གསབ་རེས་བྱེད་དགོས་པ་སོགས་ནི་ང་ཚོས་བསམ་གཞིགས་བྱ་དགོས་པའི་གནད་དོན་ལ་འགྱུར་ཡོད་པའོ། །

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060