གནས་ཡུལ། མདུན་ངོས། ཞབས་བྲོ།
 
 
༄༅།།བྲོ།
སྤེལ་དུས།2008-06-26   ཡོང་ཁུངས་།བོད་མིའི་ཡུལ་སྲོལ་གོམས་གཤིས།    རྩོམ་པ་པོ། ས་གོང་དབང་འདུས་ཀྱིས་བརྩམས།

   བྲོ་ནི་ཞབས་བྲོའི་གར་སྟབས་བག་ཕེབས་ལ་རོལ་དབྱངས་ཀྱི་འགྱུར་ཁུག་མྱུར་བ་ཞིག་ཡིན་ཞིང་། དེ་ཡང་ཆབ་མདོ་ཁུལ་གྱི་རལ་པ། (རམ་འདེགས་ཀྱི་རོལ་མོ་རྔ་གཤང་གིས་བྱེད་)དང་དབུས་གཙང་ཁུལ་གྱི་བྲོ་གཞས་སོགས་ཡིན།  རྔ་གཤང་དཀྲོལ་ནས་འཁྲབ་པའི་བྲོ་ནི་བྲོའི་ནང་གི་གར་སྟབས་འཁྲུག་ཤོས་ཤིག་ཡིན།   དེ་ཡང་སྐྱེས་པ་རྣམས་ཀྱིས་ལག་ཏུ་གཤང་ལང་ཁྱེར་བ་དང་བུད་མེད་རྣམས་ཀྱིས་ལག་ཏུ་རྔ་ཁྱེར་ཏེ་དལ་བ་ནས་འཁྲུག་པའི་ཕྱོགས་སུ་རིམ་བསྐྱོད་ཀྱིས་འཁྲབ་པའི་གར་སྟེགས་ཀྱི་རྣམ་པ་ཤིན་ཏུ་སྤྲོ་སྣང་འཕེལ་བ་ཞིག་ཡིན།

    ཞབས་བྲོའི་འཁྲབ་མཚམས་འཁྲུག་ཏུ་འགྲོ་དུས་སྐྱེས་པ་རྣམས་ཀྱིས་ལག་གཡས་ཀྱིས་གཤང་ལང་དཀྲོལ་བ་དང་བུད་མེད་རྣམས་ཀྱིས་ལག་གི་རྔ་བོ་རྡུང་བཞིན་ལུས་ཀྱི་སྟངས་སྟབས་ཀྱི་བདེ་རྩལ་སྣ་ཚོགས་འདོན་པ་ཡིན།  རྔ་དང་གཤང་ལང་གི་བྲོ་ནི་སྟངས་སྟབས་འགྱུར་ལྡོག་ཆེ་ལ་འཁྲུག་ཆ་དོད་པས་ལྟད་མོ་བའི་ཚོགས་ལ་ངོ་མཚར་དང་སྤྲོ་སྣང་། བག་ཕེབས་བཅས་ཀྱི་ཚོར་བ་འགོག་མེད་དུ་ཡོང་བ་ཡིན།  གཙང་གི་བྲོ་གཞས་ནི་ཤས་ཆེ་བ་དུམ་མཚམས་དབྱེ་ནས་འཁྲབ་པ་དང་། དུམ་མཚམས་སོའི་དབར་རྔ་བོའི་བཤད་པ་བརྗོད་དེ་རྔ་བོ་དབྱུག་པས་སྣུམ་བཞིན་གླུ་བླངས་ཏེ་ལུས་ཀྱི་སྟངས་སྟབས་ཐད་ཤ་བ་ཐང་ལ་རྒྱུག་པ་དང་བྱིའུ་ཆུང་ཟས་རིགས་འཚོལ་བའི་ཚུལ་ལ་ལད་མོ་བྱེད་པ་སོགས་ཀྱི་རྣམ་པས་རྒྱུན་ཡོད།  ལྷ་ས་དང་ལྷ་ཁོའི་བྲོ་གཞས་ནི་གླུ་མཚམས་རེ་ལ་ཞབས་བྲོ་རེ་རྒྱག་པ་དང་བསམ་ཡས་གཙུག་ལག་ཁང་བཞེངས་ཚུལ་གྱི་རྣམ་པའང་ཡོད་པའི་གར་སྟབས་ལྟ་ན་སྡུག་ལ་བག་ཡངས་པ། ངལ་རྩོལ་གྱི་སྣང་ཚུལ་ཟབ་པ་བཅས་ཀྱི་ཁྱད་ཆོས་དང་ལྡན་པ་ཞིག་ཡོད།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060