གནས་ཡུལ། མདུན་ངོས། རི་མོ།
 
 
༄༅།།སྤྲུལ་སྐུ་བྱེའུ་དང་དེའི་མཚན་ཐོགས་ཚུལ།
སྤེལ་དུས།2008-09-25   ཡོང་ཁུངས་།《བཟོ་གནས་སྐྲ་རྩེའི་ཆུ་ཐིགས》   རྩོམ་པ་པོ། དཀོན་མཆོག་བསྟན་འཛིན། འབྲུག་མོས་ཞུ་དག་བྱས།

སྨན་མཁྱེན་རྣམགཉིས་ཀྱི་ཕྱིས་སུ་ཡང་སྐུ་ཚེ་གང་བོར་རི་མོ་སྦྱངས་རྩོམ་སྤེལ་གསུམགྱིདུས་འདའ་བར་མཛད་ཅིང་། སྐུ་གསུམ་ཞིང་ཁམས་མངོན་དུ་འགྱུར་བར་བྱེད་པའི་སྒྱུ་རྩལ་གྱི་ཁོ་ལག་རྫོགས་ཏེ་སྙན་པ་ཕྱོགས་མེད་དུ་ཁྱབ་པའི་སྤྲུལ་སྐུ་བྱེའུ་(མཚན་དངོས་སྤྲུལ་སྐུ་རི་མཁར་བ་ཟེར། )ཞེས་གྲགས་པ་དེ་ཉིད་ཡར་སྟོད་དུ་སྐུ་འཁྲུངས། ཁོང་སྐུ་ན་ཕྲ་མོའི་དུས་ནས་རི་མོ་ལ་ལྷག་པར་མོས་ཤིང་། གཞོན་ནུའི་རོལ་རྩེད་ཐམས་ཅད་ཀྱང་རི་མོ་འབྲི་བ་དང་རྟེན་གསུམ་བཞེངས་པའི་ཚུལ་མཛད། ནར་སོན་པ་དང་སྨན་མཁྱེན་རྣམ་གཉིས་ཀྱི་སློབ་རྒྱུན་ལ་སོགས་པའི་པིར་ཐོགས་མཁས་པའི་དབང་པོ་དུ་མའི་ཞབས་པད་བསྟེན། བཟོ་རྩལ་གྱི་ཁོ་ལག་རྫོགས་ཤིང་བཟོ་གནས་མན་ངག་དང་བཅས་པ་ཁོང་དུ་ཆུད་པར་གྱུར། འོན་ཀྱང་རྒྱ་བལ་ལ་སོགས་པའི་བཟོ་གནས་ནི་ཟབ་ཅིང་རྒྱ་ཆེ་བ། བཟོ་རྒྱུན་ཐམས་ཅད་ལ་རང་རང་གི་ཁྱད་ཆོས་རེ་སྣང་མོད། དེ་ཐམས་ཅད་ལེན་པའི་ཐབས་ནི་བརྩོན་འགྲུས་ཉག་གཅིག་ཡིན་པར་དགོངས་ཏེ། མཁས་པ་ཡོན་ཏན་གྱིས་མི་ངོམས་ཞེས་གསུངས་པ་ལྟར། ཐོག་ཐ་བར་གསུམ་དུ་རི་མོ་སློབ་པ་ལ་འཇུག་པའི་ལས་དང་པོ་བ་ཞིག་གི་ཚུལ་དུ་ཁེངས་པ་མེད་པར་རི་མོའི་སློབ་དཔོན་བསྟེན་པ་དང་། རྒྱབ་ཏུ་རི་མོའི་སྦྱོང་ཤིང་དང་བྲིས་ཆ་སོགས་འབྲལ་མེད་དུ་བཅངས་ཤིང་། དབུས་གཙང་ཐམས་ཅད་གྱི་དགོན་གནས་དང་གཙུག་ལག་ཁང་ཐ་ན་བྲག་ཕུག་དང་གནས་ཪྙིང་ཞིག་རལ་ཚུན་ཕྱོགས་མཐའ་དག་ཏུ་མྱུལ་ནས། གང་མཐོང་བའི་རི་མོ་ཐམས་ཅད་ཞལ་བཤུས་མཛད་དེ་དཔེ་ལེན་པ་དང་། གལ་ཏེ་ཡུལ་གང་ཞིག་ཏུ་རི་མོ་ལེགས་པ་ཞིག་ཡོད་ཚུལ་གསན་ན། ས་དེ་གའི་བར་དུ་ཞབས་ཀྱིས་བཅགས་པ་ལ་འཛེམ་པ་མེད་པ། དགོན་སྡེ་དང་གཙུག་ལག་ཁང་རྣམས་སུ་བྱོན་ཚེ། རྟེན་གསུམ་གྱི་བཟོ་རྩལ་གྱི་དངོས་པོ་ལ་ལྟ་ཅི། ཐ་ན་སྒོའི་སྒོ་རྒྱན་དང་། ཤིང་ཚོན་གྱི་པ་ཏྲ་རི་མོ་ལ་སོགས་པར་ཞིབ་ཏུ་ལྟ་ཞིབ་མཛད་ཅིང་སྒོ་ཞིག་ཡོད་ཚད་ཀྱི་ནང་དུ་མྱུལ་ནས་གཡས་ལྟ་དང་གཡོན་ལྟ་བྱེད་པར། མི་རྣམས་ཀྱིས་མཚར་སྣང་སྐྱེས་ནས་སྤྲུལ་སྐུ་འདི་བྱེའུ་ཞིག་དང་དབྱེར་མ་མཆིས་ཞེས་སྨྲས་པས། འདྲ་དཔེའི་སྒོ་ནས་སྤྲུལ་སྐུ་བྱེའུ་ཞེས་པའི་མཚན་ཐོགས། དེ་ལྟ་བུའི་སྙིང་སྟོབས་དང་བརྩོན་འགྲུལ་ལ་བརྟེན་ནས་འབྲས་བུ་གཡུར་དུ་ཟ་བ་ནི། ཁོང་གི་རྣམ་དཔྱོད་ཀྱི་རིག་པ་དང་སོར་མོ་འདུ་བྱེད་ལས་རི་མོ་སྨན་མཁྱེན་རྣམ་གཉིས་དང་ཅུང་མི་མཐུན་པ། ཁྲི་གདན་དང་རྒྱབ་ཡོལ་ཅུང་ཟད་ཆུང་བ་ཉམས་བཟང་ཞིང་བཀོད་པ་མང་བ། ཚོན་སོགས་སྒར་ལུགས་ལྟར་དྭངས་ལ་ཞིབ་ཆ་ཅན། ལི་ཁྲི་ཤས་ཆེ་བ། རྒྱང་རྔམ་ཆུང་བ། མདངས་ཤིན་ཏུ་ལེགས་པ། གོས་འཁྱུད་དག་ལ་མདངས་མེད་པ། ཁྲོ་བོ་རྣམས་བོངས་ཐུང་ཞིང་གསུས་པ་དང་དབུ་ཆེ་བ། སྐུ་མདོག་མཐིང་ནག་ལ་ཤ་བཅད་དཀར་པོའམ་མཐིང་གསལ་གྱིས་དྲངས་པ་བཅས་ཀྱི་ཁྱད་ཆོས་ཅན་ཞིག་སྟེ། ཁོང་གི་ཕྱག་བྲིས་ས་སྐྱ་དང་། ཤེལ་དཀར། ངམ་རིང་། རྫོང་དགའ། ཁམས་དཔལ་སྤུངས་སོགས་སུ། ཇོ་བོ་ཡབ་སྲས་དང་། ས་པ། ཚེ་དཔག་མེད། ཀུན་རིག མགོན་པོ་བེར། མགོན་པོ་མ་མོ་སོགས་ཀྱི་ཞལ་ཐང་དུ་མ་དང་། རྒྱལ་རྩེ་དཔལ་འཁོར་ཆོས་སྡེར་སྤྱན་རས་གཟིགས་ཀྱི་གོས་སྐུ་དང་སྐུ་འབུམ་ནང་གི་ལྡེབས་བྲིས་ཀུན་ཏུ་བཟང་པོ་གཙོ་འཁོར་སོགས་ཡིན་ཏེ། གཙོ་བོའི་ལྷ་རྣམས་ཆེ་ཞིང་འཁོར་རྣམས་རེའུ་མིག་གམ་སྒོ་ཁྱིམ་ཆུང་ངུའི་ནང་དུ་བྲིས་པས། བཟོ་བཀོད་ཕལ་ཆེར་བལ་བྲིས་དང་མཚུངས་པ་ཞིག་གསར་དུ་སྤེལ། དེའི་རྒྱུན་འཛིན་པ་ཕྱིས་ཀྱི་བོ་དོང་པ་ཕྱོགས་ལས་རྣམ་རྒྱལ་སོགས་མཁས་ཤིང་རི་མོ་ཕུལ་བྱུང་ཅན་མང་དུ་བྱུང་ནས། བོད་གངས་ཅན་གྱི་རི་མོ་ལུགས་གསུམ་དུ་གྱེས་ཏེ། རང་རང་གི་ལག་རྒྱུན་མ་ཉམས་མ་འདྲེས་པར་བོད་རང་ཉིད་ཀྱི་རི་མོ་བ་དང་། རི་མོའི་དངོས་རིགས་དབྱར་གྱི་རྩི་ཏོག་ལྟར་ཕྱོགས་ཀུན་ནས་དར་ཞིང་རྒྱས་པར་གྱུར་ཏོ། ། 

སྤྲུལ་པའི་བཟོ་བོ་འདི་སྨན་མཁྱེན་གཉིས་ཀྱི་རྗེས་སུ་བྱུང་ཚུལ་འདི། སྡེ་སྲིད་དང་། ཐང་བླ་སོགས་མཁས་དབང་དུ་མ་རྗེས་འཇུག་དང་བཅས་པའི་བཞེད་ཚུལ་ལྟར་བྲིས་ཀྱང་། དོན་ལ་སྨན་མཁྱེན་རྣམ་གཉིས་ཀྱི་གོང་དུ་བྱོན་པ་འདྲ་སྟེ། ཅིའི་ཕྱིར་ཞེ་ན། སྨན་མཁྱེན་གཉིས་རྒྱལ་དབང་དགེ་འདུན་གྲུབ་དང་དུས་མཉམ་སྟེ། སྤྱི་ལོ་༡༤༤༧ལོར་བཀྲ་ཤིས་ལྷུན་པོ་བཞེངས་སྐབས་དགོན་པ་འདིའི་ལྡེབས་རིས་བྲིས་ཚུལ་བཤད་ཟིན་པ་ལྟར་ལ། སྤྲུལ་སྐུ་བྱེའུས་དེའི་སྔོན་གྱི་སྤྱི་ལོ་༡༣༨༩ལོར། ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་ཀྱི་རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་བཞེངས་སྐབས་སྐུ་འབུམ་གྱི་ལྡེབས་རིས་གཙོ་བོ་རྣམས་བྲིས་ཚུལ་འཁོད་པ་ལས་རྟོགས་ཤིང་། ཁོང་གི་ཕྱག་བྲིས་ཀྱང་ད་ལྟར་མཇལ་རྒྱུ་ཡོད་པས། གཞི་སྨན་ལུགས་མ་བྱུང་སྔོན་གྱི་བལ་བྲིས་ལ། ཉམས་ཁྱད་པར་ཐོན་པ་ཙམ་སྣང་བས། སྨན་མཁྱེན་གཉིས་ཀྱི་རྗེས་སུ་ཡང་སྐྱར་སྲོལ་དེ་ལྟ་བུ་ཞིག་འབྱུང་དོན་མེད་མོད། རྒྱུ་མཚན་དེ་གཉིས་ཀྱི་སྒོ་ནས་ཡེ་ཤེས་ཤེས་རབ་ཀྱིས་བརྩམས་པའི་ལི་ཁྲིའི་ཐིག་པ་ལས། སྤྲུལ་སྐུ་བྱེའུ་ཞེས་པ་འདི་སྨན་མཁྱེན་གཉིས་ཀྱི་གོང་དུ་བྱུང་བ་འདྲ་ཞེས་བྱུང་བ་དེ་དོན་ལ་གནས་པར་སེམས་ཤིང་། བྱེའུའི་རྗེས་སུ་བོད་ཀྱི་རི་མོ་ལུགས་གསུམ་དུ་གྱེས་ཞེས་པ་དེའང་། དོན་ལ་སྤྲུལ་སྐུ་བྱེའུ་ལུགས་ཀྱི་རྒྱུན་འཛིན་པའང་མ་ཆད་ཅིང་། སྨན་མཁྱེན་གཉིས་ཀྱི་ལུགས་གཉིས་བཅས་ལུགས་གསུམ་གྱི་རྒྱུན་བཞུགས་པར་མིན་ནམ་ཞེས་ཁོ་བོས་སྨྲའོ། ། 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060