གནས་ཡུལ། མདུན་ངོས། རི་མོ།
 
 
༄༅།།ཆེ་ཤེས་ལྷ་བཟོ་བློ་བཟང་བཤེས་མཉེན།
སྤེལ་དུས།2008-09-25   ཡོང་ཁུངས་།《བཟོ་གནས་སྐྲ་རྩེའི་ཆུ་ཐིགས》   རྩོམ་པ་པོ། དཀོན་མཆོག་བསྟན་འཛིན། འབྲུག་མོས་ཞུ་དག་བྱས།

ཆེ་ཤེས་ལྷ་བཟོ་བློ་བཟང་བཤེས་མཉེན་ནི། དུས་རབས་བཅུ་དྲུག་པའི་མཇུག་ཙམ་དུ་བྱུང་བའི་ཨ་མདོ་ཕྱོགས་ཀྱི་ལྷ་པ་ཕུལ་དུ་བྱུང་བ་ཞིག་ཡིན་ལ། ཁོང་ནི་བཟོ་རིག་པའི་བསྟན་བཅོས་སྤྱི་དང་། ཁྱད་པར་བྲིས་འབུར་གཉིས་ཀྱི་ལག་ལེན་ལ་མཁས་ཤིང་དེ་ཉིད་ཀྱི་སོར་མོ་འདུ་བྱེད་ལ་བྱུང་བའི་བྲིས་འབུར་གྱི་སྣང་བཪྙན་ཕལ་མོ་ཆེ་ཞིག་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་བཞུགས། བཟོ་བོ་དེའི་ཐུན་མོང་མ་ཡིན་པའི་རྣམ་ཐར་འགའ་ཡང་སྣང་པ་ནི་འདི་ལྟ་སྟེ། སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་ཞེས་པ་ལས་ཡར་ནང་ཆོས་གྲྭའི་ལྟག་གི་འཇམ་དབྱངས་ཀུན་གཟིགས་ཀྱི་ལྷ་ཁང་ནང་དུ། དབུས་ཀྱི་རྟེན་གྱི་གཙོ་བོར་བཟོ་བོ་བི་ཤྭ་ཀརྨའི་རྣམ་འཕྲུལ་ཆེ་ཤེས་ལྷ་བཟོ་བློ་བཟང་བཤེས་གཉེན་ཀྱིས་བཞེངས་པའི་འཇམ་དབྱངས་ཀུན་གཟིགས་སྨན་སྐུ་ཆེ་བ། ནད་གཞུག་ཏུ་བདེ་བར་གཤེགས་པའི་འཕེལ་གདུང་བྱ་སྒོང་མ། རྗེ་བླ་མས་ཨ་ཅེ་ལ་གནང་བའི་རྗེའི་འདྲ་ཐང་གསུང་འབྱོན་མ་སོགས་དང་། རིང་བསྲེལ་འཁྲུལ་མེད་རྣམ་བཞིས་བྱུ་བུར་གཏམས་པ་ལ་བྱིན་རླབས་ཀྱི་གཟི་འོད་འབར་བ། སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གིས་ཕུལ་བའི་མུ་ཏིག་གི་མཛོད་སྤུ་བཅས་བཞུགས་ཞེས་དང་། ཡང་འདི་བཞེངས་སྐབས་བཟོ་བོས་སྨན་འདམ་ལུག་མགོའི་ཚད་ཙམ་རེ་དགེ་འདུན་མང་ལ་བྱིན་ནས་ཨ་ར་པ་ཙ་འབུམ་ཕྲག་རེ་བཟླས་ལ་ཁྱེར་ཤོག་གསུངས་པ་ལ། ལེ་ལོ་ཅན་མང་བས་སྔགས་གྲངས་ཚུལུ་མཐུན་སོང་མ་སོང་ངེས་བཞག་མེད་པ་རྣམས་ཞག་བདུན་གྱི་ཉིན་བསྡུས་པ་ན་ཉིད་ཀྱི་ལྗགས་ཀྱིས་མྱངས་ནས་ཕྱོགས་གཉིས་སུ་བཞག་པས། སྔགས་གྲངས་ཐེམས་པ་དབུ་ཚད་ཙམ་བྱུང་བས་དབུ་དང་། བྱིངས་རྣམས་མ་ཐེམས་པ་བཞིན་གྱིས་སྐུ་བྱིངས་བཞེངས་པའི་ལོ་རྒྱུས་ཡོད། ཅེས་འཁོད་པ་དང་། ཁོང་གིས་བཞེངས་པའི་རྟེན་གཞན་ཡང་ཤིན་ཏུ་མང་སྟེ། མགོན་ཁང་ནང་དུ་མགོན་པོ་ཕྱག་དྲུག་པའི་རྟེན་ཐང་བྱིན་རླབས་ཅན། རབ་གསལ་ནང་དུ་འཇམ་དབྱངས་དམར་སེར་གྱི་སྐུ་སྨན་འདམ་ལས་བཞེངས་པ། དབུས་ཀྱི་གསེར་སྡོང་ཆེན་མོ་སྒོ་ཁྱིམ་ནང་དུ་རྗེ་རིན་པོ་ཆེའི་སྨན་སྐུ་གངས་ཅན་མདོག་འགྱུར་མ། ཆོས་རྒྱལ་ཕོ་བྲང་ན་རྗེ་རིན་པོ་ཆེ་ནང་ངོས་དང་དམ་ཅན་ཆོས་རྒྱལ་རྔུལ་བྱུང་མ་ཕྱི་ངོས་སུ་བཞུགས་པ་བྱིན་རླབས་ཅན། འདུ་ཁང་སྟེང་གི་ཀུན་དགའ་ར་བ་དང་བཅས་པ། དེའི་གཡོན་གྱི་ཀུན་དགའ་ར་བ་སྒོ་ཁྱིམ་དགུ་པའི་སྟེང་གི་ཀུན་དགའ་ར་བའི་ནང་འཇམ་དབྱངས་དམར་སེར་གྱི་སྨན་སྐུ་འགངས་ཅན། ཀུན་དགའ་ར་བ་སྒོ་ཁྱིམ་ལྔ་པའི་དབུས་སུ། རས་རིས་མཐོང་པ་དོན་ལྡན་གྱི་ཞལ་ཐང་ཁྱད་འཕགས་གཅིག གཡོན་གྱི་ཀུན་དགའ་ར་བ་སྒོ་ཁྱིམ་ལྔའི་དབུས་སུ་ཆེ་ཤེས་ལྷ་བཟོ་ཉིད་ཀྱིས་ཐུགས་དམ་རྟེན་དུ་ཕྱག་བཟོ་གནང་བའི་མགོན་པོ་ཕྱག་དྲུག་པའི་སྐུ་བྱིན་ཅན། ཀུན་དགའ་ར་བ་སྒོ་ཁྱིམ་ལྔ་རེ་ཡོད་པའི་གཡོན་ཟུར་ལོགས་ཀྱི་ཀུན་དགའ་ར་བ་བདུན་པའི་ནང་། རས་རིས་མཐོང་བ་དོན་ལྡན་གྱི་ཞལ་ཐང་ཁྱད་མཚར་ཅན། ཇོ་བོ་རྗེ་ཨ་ཏི་ཤ། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་ཐང་ཁྱད་འཕགས་གཉིས་དང་། དམ་ཅན་ཆོས་རྒྱལ་གྱི་ཞལ་ཐང་དྲག་རྩལ་བྱིན་རླབས་རྣོ་མྱུར་ཅན། སྨན་བླའི་ཕོ་བྲང་གི་ཞལ་ཐང་བཅས་ལྷ་བཟོ་དེ་ཉིད་ཀྱིས་བཞེངས་པའི་རྟེན་གཙོ་བྱིན་ཅན་ཕལ་མོ་ཆེ་བཞུགས་ཚུལ་འཁོད་དོ། ། 

བཟོ་བོ་འདི་ཉིད་ཀྱིས་བཟོ་རྩལ་གྱི་ཁོ་ལག་རྫོགས་པའི་སློབ་བུ་ཡང་མང་དུ་བསྐྱངས་ངེས་ལ། འདི་དང་འདིའོ་ཞེས་པའི་དཔྱད་གཞིའི་ཡིག་ཆ་མ་ཪྙེད་ཀྱང་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་ནང་གི་འཇམ་དབྱངས་ཀུན་གཟིགས་འདམ་སྐུའི་མདུན་ལོགས་གཡས་གཡོན་དུ་སྤྱན་རསགཟིགས་དང་མཐུ་ཆེན་ཐོབ་གཉིས་ཀྱི་སྐུ་བཪྙན་དེ་དག་སྤྲུལ་པའི་ལྷ་བཟོ་དེ་ཉིད་ཀྱི་སློབ་བུ་ཐུགས་སྲས་ལྷ་བཟོས་བཞེངས་ཞེས་སྐུ་འབུམ་གྱི་གདན་རབས་སུ་གསལ་བ་ལས་ཤུགས་ཀྱིས་རྟོགས་སོ། ། 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060