| གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་ཀུན་གསལ་ལྷ་ཁང་གི་གཡས་སུ་ཀུན་དགའ་ར་བ་གཉིས་རིམ་ཅན་གྱི་དབུས་སུ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྣང་བཪྙན་སྐུ་རྒྱུ་ལི་ལས་བསྒྲུབས་པ་སྐུ་སྟོད་རང་བྱོན་དུ་ཕེབས་པའི་འགངས་ཆེན་བྱིན་རླབས་ཀྱི་ཚན་ཁ་འབར་བ་ཞིག་བཞུགས་སུ་གསོལ་བ་དེ་ནི། གུང་རུ་མཁའ་འགྲོ་མ་སྐུ་ཕྲེང་གཉིས་པ་བློ་བཟང་ཆོས་སྒྲོན་གྱི་ཕྱག་བཟོ་ཡིན། །
མཁས་ཤིང་གྲུབ་པའི་རྣལ་འབྱོར་མ་དེ་ནི་དུས་རབ་བཅུ་དྲུག་པར་དབུས་ཕྱོགས་སུ་སྐུ་འཁྲུངས། སྐུ་ན་ཕྲ་མོ་ནས་གུང་རུ་མཁའ་འགྲོ་མ་ལྷ་རྩེའི་དཔོན་མོ་བསོད་ནམས་རྒྱན་གྱི་སྤྲུལ་སྐུར་ངོས་འཛིན་མཛད། དེ་ནས་རྐྱེན་དང་དགོས་པ་སྣ་ཚོགས་ཀྱི་དབང་གིས་ཡུལ་མདོ་ཁམས་སྨད་དུ་ཕེབས་ཏེ་ཤེལ་དགོན་དུ་བཞུགས་རིང་། ཚེ་ཆུ་བུམ་པ་གཏེར་ནས་བཏོན་པ་སོགས་གྲུབ་པའི་རྟགས་དང་རྫུ་འཕྲུལ་མང་དུ་བསྟན། མཁའ་འགྲོ་མ་དེ་ནི་བླུག་གཏོང་བའི་བཟོ་ལ་སོགས་པའི་ལག་རྩལ་ལ་མཆོག་ཏུ་མཁས་པ་ཞིག་བཞུགས་པས། སྐྱབས་རྗེ་ཆུ་བཟང་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་བཀའ་བཀོད་ལྟར་སྐུ་འབུམ་མཆོད་གཞིས་ཆི་ཀྱཱ་ཚོ་བ་ཐུན་མོང་ནས་སྦྱིན་བདག་བྱས་ཏེ། རྣལ་འབྱོར་མས་རྗེ་རིན་པོ་ཆེའི་འདྲ་སྐུའི་ལུགས་ཀོང་ཆེ་ཙམ་བཟོ་ཤིང་ལི་དང་ཟངས་གཉིས་འདྲེས་པའི་རྒྱུ་ཆ་སུམ་གཉིས་ཀྱི་ཆ་ཡང་མི་ལོངས་པ་ཙམ་བསྡུས་ནས་བཞུ་བླུག་གནང་བ་ལ་ངོ་མཚར་བའི་ལྟས་མང་དུ་བྱུང་སྟེ། བླུག་པར་ཞལ་འབྱེད་པའི་ཚེ། སྐུ་བཪྙན་གྱི་སྐུ་སྟོད་ལ་ལི་དང་ཟངས་ཀྱི་ཁ་དོག་ཡུང་འབྲུ་ཙམ་ཡང་མི་མངོན་ལ། ཁ་དོག་རྣམ་པ་ལྔ་ཡི་འཇའ་དང་འོད་ཀྱི་གོང་བུར་གྱུར་པས་སྐུ་སྟོད་རང་བྱུང་དུ་གྲགས་སོ། ། བོད་ཀྱི་གཟུགས་བཟོ་ལ་ལོ་ངོ་གཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་མོད་ཀྱང་། བོད་བཟོའི་ལོ་རྒྱུས་སུ་ཟིན་པའི་བུད་མེད་ཀྱི་བཟོ་བོ་ཕུལ་བྱུང་ཅན་ནི་འདི་གཅིག་པུ་ཙམ་དུ་སྣང་བས། ཁོང་གི་ལོ་རྒྱུས་དང་བཟོ་ཁྱད་བཅས་ཞིབ་ཙམ་ཞིག་མཚམས་སྦྱོར་ཨེ་ཐུབ་ཀྱི་རེ་བ་བྱས་ཤིང་། མཁའ་འགྲོ་མ་འདི་ནི་བཟོ་རྩལ་རིག་གནས་དང་བཅས་རིག་གནས་ཀུན་ལ་མཁས་ཤིང་གྲུབ་པ་ཪྙེད་པ་ཞིག་སྟེ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་རྒྱས་པ་ཡོད་ངེས་ཀྱང་། སྐུ་འབུམ་དགོན་གྱི་རྟེན་བཞེངས་པའི་ལོ་རྒྱུས་སུ་ཟུར་ཙམ་ཞིག་འབྱུང་བ་ལས། དཔྱད་གཞི་ཡིག་རིགས་གཞན་མ་ཪྙེད་པས་རེ་ཞིག་བཞག་གོ། །
|