| དེང་གི་སྒྱུ་རྩལ་གྱི་རིགས་ལ་དབྱེ་ན་ཟློས་གར་དང་རྩོམ་རིག རོལ་མོ་དང་རི་མོ། གར་དང་བརྙན་འཕྲིན་ཟློས་གར་སོགས་ཡོད། དེ་ནི་དུས་ཀྱི་དགོས་དབང་གིས་གོ་བ་གསར་པ་ཞིག་ཆགས་པ་ལས། སྤྱིར་བོད་ཀྱི་སྒྱུ་རྩལ་གྱི་རིགས་དག་བཟོ་རིག་པའི་ཁོངས་སུ་བསྡུ་སྲོལ་ཡོད་དེ། བཟོ་རིག་པའི་ཁོངས་སུ་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཞེས་གྲགས་པ་དེ་ཡོད་དོ། ། སྒྱུ་རྩལ་ཐོག་མ་ཉིད་ནས་རང་རྐྱ་འཕེར་བའི་རིག་ཚན་ཞིག་མིན་ཕྱིར། གནའ་བོའི་ནུབ་ཕྱོགས་ཀྱི་སྒྱུ་རྩལ་བཅུ་བཞི་ཞེས་པའང་རིག་ཚན་སྣ་འཛོམས་ཀྱི་སྤྱི་འདུས་ལྟ་བུ་ཡིན་པ་དེ་བཞིན་དུ། རང་རེའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལས་བཟོར་གཏོགས་པ་སུམ་ཅུ་དང་། རོལ་མོའི་བྱེ་བྲག་བཅོ་བརྒྱད། གླུ་དབྱངས་ཀྱི་ངེས་པ་བདུན། གར་གྱི་ཉམས་དགུ་བཅས་སོ། སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་བྱེ་བྲག་རེ་རེ་དེང་གི་སྒྱུ་རྩལ་ཁོངས་སུ་གཏོགས་མིན་ཅི་རིགས་ཡོད་ཅིང་། རིག་རྩལ་བསྐྱར་དར་རྗེས་ཀྱི་ནུབ་ཕྱོགས་ལྟ་བུར་སྒྱུ་རྩལ་རང་ངོས་ནས་ཞིབ་འཇུག་གནང་མེད་སྟབས། སྒྱུ་རྩལ་དྲུག་ཅུ་རྩ་བཞི་མཐའ་དག་དེང་གི་སྒྱུ་རྩལ་གྱི་གྲས་སུ་བཞག་ན་ནོར་འཁྲུལ་ཆེན་པོ་ཡིན། སྒྱུ་རྩལ་གྱི་རིགས་དབྱེའི་ཐད་ལ་བྱས་རྗེས་མངོན་གསལ་ཅན་ཧེ་ཀེར་ནས། སྒྱུ་རྩལ་ནི་དཔྱོད་ཤེས་ཀྱི་ཕྱི་ཚུལ་མངོན་པའི་འདུ་ཤེས་བཅངས་ནས་རིགས་ཆེན་པོ་གསུམ་དུ་བཀར་ཡོད་དེ། ཚབ་མཚོན་རིང་ལུགས་དང་། གནའ་གཞུང་རིང་ལུགས། འཆར་ཡན་རིང་ལུགས་བཅས་སོ། ། དེ་རྗེས་སྒྱུ་རྩལ་གྱི་རིགས་དགར་ཚུལ་ལ་དོ་སྣང་ཆེན་པོ་བྱས་ནས་སྔ་ཕྱི་ཕྱོགས་གསུམ་གཙོར་བཟུང་ནས་ཞིབ་འཇུག་སྣང་འདུག གཅིག སྒྱུ་རྩལ་སྣང་བརྙན་གྱི་གནས་ཚོད་གཞིར་བཟུང་ནས་བར་སྣང་གི་སྒྱུ་རྩལ་དང་དུས་ཚོད་ཀྱི་སྒྱུ་རྩལ། བར་སྣང་དང་དུས་ཚོད་གཉིས་སྦྲེལ་གྱི་སྒྱུ་རྩལ་བཅས་སུ་དབྱེ་ཡོད། བར་སྣང་གི་སྒྱུ་རྩལ་ལ་བཟོ་སྐྲུན་དང་རི་མོ། འབུར་བརྐོས་སོགས་དང་། དུས་ཚོད་ཀྱི་སྒྱུ་རྩལ་ལ་རོལ་མོ་དང་རྩོམ་རིག་སོགས་དང་། བར་སྣང་དང་དུས་ཚོད་གཉིས་སྦྲེལ་གྱི་སྒྱུ་རྩལ་ལ་གར་དང་ཟློས་གར། བརྙན་འཕྲིན་ཟློས་གར་སོགས་སུ་དབྱེ་ཡོད། གཉིས། སྒྱུ་རྩལ་སྣང་བརྙན་གྱི་ཚོར་ཤེས་གཞིར་བཟུང་ནས་གཟུགས་ཚོར་སྒྱུ་རྩལ་དང་སྒྲ་ཚོར་སྒྱུ་རྩལ། བསམ་པའི་སྒྱུ་རྩལ་བཅས་སུ་དབྱེ་ཡོད། གཟུགས་ཚོར་སྒྱུ་རྩལ་ལ་རི་མོ་དང་འབུར་བརྐོས། བཟོ་སྐྲུན། བཟོ་རྩལ་སོགས་དང་། སྒྲ་ཚོར་སྒྱུ་རྩལ་ལ་རོལ་མོ། བསམ་པའི་སྒྱུ་རྩལ་ལ་རྩོམ་རིག་ཡིན་ནོ། ། གསུམ། སྒྱུ་རྩལ་སྣང་བརྙན་གྱི་མངོན་ཚུལ་གཞིར་བཟུང་ནས་འགུལ་སྐྱོད་ཅན་གྱི་སྒྱུ་རྩལ་དང་འགུལ་མེད་ཀྱི་སྒྱུ་རྩལ་བཅས་སུ་དབྱེ་ཡོད། འགུལ་སྐྱོད་ཅན་གྱི་སྒྱུ་རྩལ་ལ་རོལ་མོ་དང་གར། ཟློས་གར། རྩོམ་རིག་སོགས་དང་། འགུལ་མེད་ཀྱི་སྒྱུ་རྩལ་ལ་རི་མོ་དང་འབུར་བརྐོས་བཅས་ཡིན། གོང་གི་སྒྱུ་རྩལ་གྱི་རིགས་དབྱེ་ལས་གཞན་སྒྱུ་རྩལ་གྱི་ངོས་འཛིན་སྨྲ་བ་གཞིར་བཟུང་ནས་མངོན་མཚོན་སྒྱུ་རྩལ་དང་བསྐྱར་མཚོན་སྒྱུ་རྩལ། ཡང་བསྐྱར་མངོན་མཚོན་སྒྱུ་རྩལ་སོགས་ཡོད་པ་རེད། སྒྱུ་རྩལ་གྱི་རིགས་དག་ལ་མཛེས་དཔྱོད་རང་བཞིན་ལྡན་པས་ན། མཛེས་རིག་ལས་སྒྱུ་རྩལ་གྱི་མཛེས་དཔྱོད་རང་བཞིན་ལ་ཞིབ་འཇུག་བྱེད་པར་གལ་འགངས་ཆེན་པོ་ལྡན། བོད་ཀྱི་སྒྱུ་རྩལ་ཁྲོད་ཀྱི་ཉམས་ཞེས་པ་སྒྱུ་རྩལ་གྱི་མཛེས་དཔྱོད་རང་བཞིན་ལ་འཚོལ་ཞིབ་བྱས་པའི་གྲུབ་འབྲས་ཡིན་པ་དང་། སྒྱུ་རྩལ་ཞིབ་འཇུག་ལས་མཐོང་ཆེན་དུ་བརྩིས་ནས་སྒྱུ་རྩལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཐོབ། གནའ་བོའི་རྒྱ་གར་གྱི་ཟློས་གར་ནས་ཉམས་ལ་ཐོག་མར་ངོས་འཛིན་བྱུང་བ་བརྒྱུད་ནས་ད་ལྟའི་བར་སྒྱུ་རྩལ་སྤྱི་ལ་ཁྱབ་པའི་གོ་རིམ་ཁྲོད་དུ། རྒྱ་བོད་མཁས་པ་མང་པོས་སྒྱུ་རྩལ་ལ་རེ་སྙེག་བཅངས་པའི་འདུན་པ་མ་ལྷོད་པར་ཉམས་ཀྱི་གོ་བ་གཏིང་ཇེ་ཟབ་ཏུ་བཏང་། བོད་ཀྱི་སྤྱི་ཚོགས་སུ་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་སྲོག་རྩར་གྱུར་ཡོད་པས། སྒྱུ་རྩལ་གྱི་ཞིབ་འཇུག་ཀྱང་བསམ་བློ་དེར་ཞབས་འདེགས་ཞུ་བའི་ལག་ཆ་རུ་གྱུར་ཡོད། སྒྱུ་རྩལ་རང་ངོས་དང་དགོས་སུ་ཉམས་ཀྱི་སྐོར་ལ་ཞིབ་འཇུག་དེ་འདྲ་གནང་མེད་ཚོད་འདུག སྔར་བཞིན་གནའ་བོའི་རྒྱ་གར་གྱི་སྒྱུ་རྩལ་གཞུང་ལུགས་ཀྱི་མཛུབ་སྟོན་བྱེད་བཞིན་མཆིས་པའི་ང་ཚོ་ལ་མཚོན་ན། དུས་རབས་གསར་པའི་ནང་མི་རྣམས་ཀྱིས་སྒྱུ་རྩལ་ལ་བཅངས་པའི་འདོད་བློ་སྐོང་ཐུབ་ཐབས་མེད་པས། ང་ཚོས་མིག་སྔའི་སྒྱུ་རྩལ་འཕེལ་རྒྱས་ཡོང་བར་མདུན་ལམ་གསར་པ་ཞིག་འཚོལ་དགོས། དེས་ན་བོད་རང་གི་སྔར་ཡོད་སྒྱུ་རྩལ་གཞུང་ལུགས་ཀྱི་རྒྱགས་ཕྱེ་ལ་བརྟེན་ནས་མི་རིགས་གཞན་གྱི་ལེགས་ཆ་ནང་འདྲེན་བྱ་རྒྱུ་གལ་ཆེའོ། །
གཅིག ཉམས་ཀྱི་གོ་དོན་དང་དབྱེ་བ།
ཉམས་དང་འགྱུར་བ་གཉིས་གཅིག་བརྟེན་གཅིག་འབྲེལ་ཡིན་ཞིང་། དགའ་བ་དང་ཁྲོ་བ་སོགས་ཡིད་ཀྱི་འགྱུར་བ་ནི། ལུས་ངག་ཏུ་མ་ཤར་བའི་ནང་གི་འགྱུར་བ་ཡིན་ལ། དེ་ཉིད་སྟོབས་རྒྱས་ནས་བཞིན་འཛུམ་པའམ་ཁྲོ་གཉེར་བསྡུས་པ་སོགས་ཕྱི་ལུས་ངག་ཏུ་ཤར་བ་ནི་ཉམས་ཡིན། འགྱུར་བ་འཕེལ་བ་ལ་བརྟེན་ནས་ཉམས་ཐོན་པ་ཡིན་ཏེ། སློབ་དཔོན་རཏྣ་ཤྲཱིས། དགའ་བ་རྒོད་བྲོ་མྱ་ངན་དང་། ། ཁྲོ་དང་སྤྲོ་དང་དེ་བཞིན་འཇིགས། ། སྐྱུག་བྲོ་ངོ་མཚར་ཞེས་པ་རྣམས། ། གནས་བྱེད་འགྱུར་བར་རབ་ཏུ་བསྒྲགས། ། སྒེག་དང་རྒོད་དང་སྙིང་རྗེ་དང་། ། དྲག་པོ་དཔའ་བ་འཇིགས་བྱེད་དང་། ། མི་སྡུག་རྨད་བྱུང་མིང་ཅན་ཞེས། ། བརྒྱད་རྣམས་གར་གྱི་ཉམས་སུ་བཤད། ། ཅེས་གསུངས་པ་བཞིན་སྔ་མ་འགྱུར་བ་བརྒྱད་པོ་འཕེལ་བ་ལས་ཕྱི་མ་ཉམས་བརྒྱད་པོ་འབྱུང་བ་ཡིན་ནོ། ། སྒྱུ་རྩལ་གྱི་ཉམས་ལ་མཚོན་ན་སྒྱུ་རྩལ་གྱི་ཕྱིའི་རྣམ་པ་གཙོར་བཟུང་དགོས་པའི་ཁྱད་ཆོས་ལྡན། ཉམས་ཀྱི་གོ་དོན་དེ་ནི་སྙན་ངག་གི་སྟེང་ནས་མཚོན་ཡོད་པ་ཙམ་མིན་པར། བོད་ཀྱི་སྒྱུ་རྩལ་སྤྱི་ལ་ཁྱབ་པའི་མཚན་ཉིད་ཅིག་རེད་སྙམ་མོ། ། སྤྱིར་གནའ་བོའི་རྒྱ་གར་གྱི་ཟློས་གར་གཞུང་ལས་“ཉམས་”ཀྱི་སྐོར་ལ་ཕྲ་ཞིང་ཞིབ་པར་ཞིབ་འཇུག་གནང་ཡོད། ཉམས་ལ་ཕྱིའི་ཤེས་བྱེད་དང་ནང་གི་ཤེས་བྱེད། རྗེས་སུ་ཤེས་པ་བཅས་ཡོད། དེ་དག་ནང་བསམ་པའི་འགྱུར་བ་བརྒྱད་ལ་བརྟེན་ནས་གནས་དགོས། ཉམས་ཐོན་ཚུལ་ལ་ནང་བསམ་པའི་འགྱུར་བ་བརྒྱད་ཐོན་པ་ནི། དགའ་བ་ལས་སྒེག་པའི་ཉམས། དགོད་བྲོ་བ་ལས་བཞད་གད་ཀྱི་ཉམས། མྱ་ངན་ལས་སྙིང་རྗེའི་ཉམས། ཁྲོ་བ་ལས་དྲག་ཤུལ་གྱི་ཉམས། སྤྲོ་བ་ལས་དཔའ་བའི་ཉམས། འཇིགས་པ་ལས་འཇིགས་རུང་གི་ཉམས། སྐྱུག་བྲོ་བ་ལས་མི་སྡུག་པའི་ཉམས། ངོ་མཚར་བ་ལས་རྨད་བྱུང་གི་ཉམས་བྱུང་བ་ཡིན། རྗེས་སུ་ཤེས་པ་ནི་སུམ་ཅུ་སོ་གསུམ་བསྟན་ཞིང་། མིང་གི་རྣམ་གྲངས་རེ་རེ་བཞིན་བཀོད་ན། (༡)ཡིད་རྨོངས་པ། (༢) སྟོབས་ཉམས་པ། (༣) ཐེ་ཚོམ་ཟ་བ། (༤)ཕྲག་དོག་པ། (༥) ར་རོར་གྱུར་པ། (༦) ངལ་དུབ་པ། (༧) ལེ་ལོ་བ། (༨) ཡིད་ཕམ་པ། (༩)སེམས་ཁྲེལ་བ། (༡༠) ཟང་ཟིང་། (༡༡) ཕྱིར་དྲན། (༡༢) ཡིད་ཚིམ་པ། (༡༣)ངོ་ཚ་བ། (༡༩) ཁྲོ་ཐུང་བ། (༡༥)དགའ་བ། (༡༦) སེམས་འཁྲུག་པ། (༡༧) བླུན་པ། (༡༨) ཁེངས་པ། (༡༩) རེ་ཐག་ཆད་པ། (༢༠) སེམས་འཚབ་པ། (༢༡)གཉིད་དུ་ཡུར་བ། (༢༢)སྨྱོ་སྤྱོད། (༢༢)རྨི་ལམ། (༢༤)སངས་པ། (༢༥)ཁྲོ་བ། (༢༦)བརྫུ་བ། (༢༧)དྲག་ཤུལ། (༢༨)རང་རློམ། (༢༩)ན་བ། (༣༠)གཏུམ་དྲག(༣༡)འཆི་བ། (༣༢)སྐྲག་པ། (༣༣)བསམ་བློ་གཏོང་བ་བཅས་སོ། ། ཉམས་ཀྱི་དབྱེ་བ་སྙན་གཞུང་མེ་ལོང་མའི་རྩ་ཉམས་ཀྱི་དབྱེ་བ་སྙན་མེ་ལོང་མའི་རྩ་བར། སྒེ་ཅིང་དཔའ་བ་མི་སྡུག་པ། དགོད་ཅིང་དྲག་ཤུལ་འཇིགས་སུ་རུང་། །སྙེང་རྗེ་རྔམས་དང་ཞི་བ་དགུ། འཆི་མེད་མཛོད་ལས་བརྒྱད་དུ་བསྡུས། ཞེས་དང་། སློབ་དཔོན་ར་བྷ་པས་། སྒེག་པ་དཔའ་བ་མི་སྡུག་པ། དགོད་དང་དྲག་ཤུལ་འཇིགས་སུ་རུང་། སྙིང་རྗེ་རྔམ་དང་ཞི་བ་དང་། མཉེན་གཤིན་པ་སྟེ་ཉམས་བཅུའོ། །ཞེས་དང་། གཞན། དགོད་པ་ནི་སྒེག་པར་གཏོགས་ལ། དྲག་ཤུལ་གྱི་ལས་ལས་སྐྱེས་པ་ནི་སྙིང་རྗེའོ། རྨད་བྱུང་ལས་སྐྱེས་པ་ནི་དཔའ་བ་དང་། མི་སྡུག་པ་དང་འཇིགས་སུ་རུང་བ་སྟེ་ཉམས་བཞིའོ། བཅས་ཉམས་བརྒྱད་དང་དགུ། བཅུ་དང་བཞི་པ་སོགས་དབྱེ་བའི་བཞེད་ཚུལ་བྱུང་ཡོད་། འདི་དག་ལས་ཉམས་བརྒྱད་དང་དགུར་དབྱེ་བ་གྲགས་ཆེའོ།
གཉིས། བོད་ཀྱི་སྒྱུ་རྩལ་ཁྲོད་ཀྱི་“ཉམས་”བྱེ་བྲག་ཏུ་བཤད་པ།
སྒྱུ་རྩལ་ཡིན་ན་མཛེས་དཔྱོད་རང་བཞིན་ལྡན་པ་དང་། སྒྱུ་རྩལ་རིགས་མི་འདྲ་བ་སོ་སོར་རང་གི་ཁྱད་ཆོས་ལྡན་པའི་མཛེས་དཔྱོད་རེ་ཡོད། བོད་ཀྱི་སྒྱུ་རྩལ་ལ་མཛེས་དཔྱོད་རང་བཞིན་མཚོན་གྱིན་ཡོད། དེ་ཡང་བོད་ཀྱི་“སྒྱུ་རྩལ་”ཞེས་པ་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མི་གོ་ཞིང་། དེང་དུས་ཡོངས་གྲགས་ཀྱི་ལུགས་བཞིན་ཟློས་གར་དང་རི་མོ། རོལ་མོ། རྩོམ་རིག གར། བརྙན་འཕྲིན་ཟློས་གར་སོགས་རིགས་གཙོ་བོ་དག་ལ་གོ་བར་བྱེད། བོད་ཀྱི་སྒྱུ་རྩལ་གྱི་འཕེལ་འགྲོས་ལ་ཕྱིར་བལྟ་བྱས་ན། ས་པཎ་རྗེས་ནས་སྒྱུ་རྩལ་གཞུང་ལུགས་དར་ཁྱབ་བྱུང་འགོ་ཚུགས། དེ་ནས་བཟུང་གནའ་བོའི་རྒྱ་གར་གྱི་ཟློས་གར་ནང་དུ་ཉམས་ཞེས་པ་ཐོག་མར་བཏོན་ཞིང་། དེར་ངོས་འཛིན་ཟབ་མོ་ལོན་པ་དང་བསྟུན་ནས་སྒྱུ་རྩལ་སྤྱི་ལ་ཁྱབ་པའི་ལག་རྗེས་རྙེད་ཐུབ། གཤམ་དུ་བོད་ཀྱི་སྒྱུ་རྩལ་གྱི་རིགས་གཙོ་གྲས་སྙན་ངག་དང་ཟློས་གར། གར། རོལ་མོ། རི་མོ་བཅས་ཀྱི་ཉམས་བཤད་པར་བྱའོ། ། ༡.སྙན་ངག་གི་ཉམས་བཤད་པ། སྙན་ངག་ནི་སྒྱུ་རྩལ་གྱི་མཆོག་ཅེས་མིའི་རིགས་ཀྱི་རྩོམ་རིག་ལོ་རྒྱུས་ལས་མངོན་པར་གསལ་ཞིང་། ཆེས་ཐོག་མར་དར་བའི་སྒྱུ་རྩལ་གྱི་རིགས་ཤིག་ཡིན། སྙན་ངག་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གཉིས་སུ་དབྱེ་རྒྱུ་ཡོད་པ་ལས། ཡངས་འཇུག་ལྟར་ན་དེང་དུས་ཡོངས་གྲགས་ཀྱི་རྩོམ་རིག་དང་གཉིས་སུ་མ་མཆིས་ཤིང་། དོག་འཇུག་ལྟར་ན་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་ལུས་བྱེ་བྲག་པ་ཞིག་ལ་གོ། བོད་རྒྱལ་པུ་དེ་གུང་རྒྱལ་གྱི་རིང་ལ་《འ་བ་ཉི་ཉེ་བས་ཉིད་》ཅེས་པའི་སྙན་ངག་ཐོག་མ་བྱུང་ཞིང་། སྙན་ངག་བརྩམས་ཆོས་འདི་ཉིད་ཀྱིས་མཚོན་པའི་མགུར་གླུའི་སྒྲིག་གཞིའི་ཐད་དེའི་འདྲའི་ཚགས་དམ་པོ་མེད་པ་དང་། དཔེ་ཡང་མིའི་རྒྱུན་ལྡན་འཚོ་བའི་བྱ་དངོས་འབའ་ཞིག་ཡིན་ནོ། ། ཕྱིས་སུ་མི་རྣམས་ཀྱི་མཛེས་དཔྱོད་ལྟ་བའི་འགྱུར་བ་དང་བསྟུན་ནས་རིམ་གྱིས་ཆ་ཡ་དང་ཚིག་རྐང་སོགས་བཀོད་སྒྲིག་ཆ་སྙོམས་སུ་འཕེལ་བས་ཚིགས་བཅད་སྙན་ངག་བྱུང་ངོ་། ། མི་རྣམས་ཀྱི་འཚོ་བའི་ཁྲོད་སྒྱུ་རྩལ་ལ་མཐོང་ཆེན་བྱས་པ་དང་བསྟུན། སྙན་གཞུང་《མེ་ལོང་མ་》ནི་སྙན་ངག་གི་གཞུང་ཁོ་ན་ཙམ་ལ་ངོས་འཛིན་བྱས་ན་སྤྱིར་དེང་དུས་ཀྱི་གོ་བ་དང་ཅུང་མི་འཚམས་ཤིང་། རྩོམ་རིག་སྒྱུ་རྩལ་གྱི་གཞུང་ལ་ངོས་འཛིན་བྱེད་དགོས་པར་སྙམ། 《མེ་ལོང་མ་》ལས་ཉམས་ཀྱི་སྐོར་རྒྱ་ཆེར་གསུངས་ཡོད་སྟབས། བོད་ཀྱི་ཉམས་ཀྱི་གོ་བ་ངོས་འཛིན་ཐོག་མའང་འདི་ནས་བྱུང་། དེ་ཡང་ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས་ཞེས་པ་ལྟར་ཚིག་རྒྱན་ལས་ཉམས་ཀྱི་སྐོར་ལ་དོ་སྣང་ཆེན་པོ་གནང་ཡོད་དེ། 《མཁས་འཇུག་》ལས། རང་བཞིན་ཡོན་ཏན་ལས་རྣམས་ལ། །ངོ་བོ་བསྟོད་སྨད་བརྗོད་པའི་ཚུལ། ། དྲང་པོ་ཟུར་མིག་ཚིག་དང་དོན། ། དངོས་ཤུགས་དཔེ་ཡི་སྒོ་ནས་དེ། ། སྒྲོ་བཏགས་ནས་ནི་ཚིག་གི་རྒྱན། ། ཉམས་དགུའི་རོ་དང་སྦྱར་ཏེ་སྤེལ། ། ཞེས་གསུངས། 《མེ་ལོང་མ་》ལས་ཉམས་ཞེས་པ་སྙན་ངག་སྤྱི་ལ་མཁོ་བར་གསུངས་ཡོད་པར་མ་ཟད། དོན་རྒྱན་གྱི་ནང་གསེས་སུའང་བཞག་འདུག སྙན་ངག་གི་རྒྱན་དང་ཉམས་བར་ལ་འབྲེལ་བ་དམ་པོ་ཡོད་དེ། རྗོད་བྱེད་ཚིག་དོན་གྱི་ཉམས་ཕུན་སུམ་ཚོགས་པས་ཚིག་སྦྱོར་སྙན་ཞིང་མཛེས་པར་བྱས་པ་ལ་སྙན་ངག་གི་རྒྱན་ཞེས་བསྟན། གཞན་ཡང་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་རྩོམ་ལུས་རིགས་བདུན་དུ་དབྱེ་སྲོལ་ལྟར་ན། རྣམ་ཐར་སོགས་དྲུག་པོ་སྙན་ངག་དང་བསྡུར་ན་ཉམས་འགྱུར་དེ་འདྲའི་ཤུགས་དྲག་པོ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལས་མངོན་མེད་པར་སྣང་། གཞན་རྩོམ་ལུས་དྲུག་པོ་ལ་ཉམས་འགྱུར་ལྡན་དགོས་པ་སྨོས་མ་དགོས་སོ། ། ༢.ཟློས་གར་གྱི་ཉམས་བཤད་པ། གོང་གི་ཉམས་ཀྱི་ས་བོན་ཐོག་མ་གནའ་བོའི་རྒྱ་གར་གྱི་ཟློས་གར་ལས་རྙེད་ཐུབ་པ་བྱུང་། གནའ་དུས་སུ་བྱུང་བའི་ཟློས་གར་ནི་རོལ་མོ་དང་གར། སྙན་ངག་གསུམ་གའི་སྤྱི་འདུས་ཀྱི་ཕུང་པོ་ལྟ་བུར་གྲུབ་ཡོད། ཟློས་གར་ལ་མཚོན་ན་སྤྱི་འདུས་རང་བཞིན་གྱི་གར་སྟེགས་སྟེང་གི་སྒྱུ་རྩལ་ཞིག་ཡིན་པས། གར་སྟེགས་སྟེང་དུ་འཁྲབ་སྟོན་བྱེད་སྐབས་རོལ་མོའི་རམ་འདེགས་འོག་འཁྲབ་དགོས་ཤིང་། སྐད་ཆའི་སྦྱོར་བ་ལ་བརྟེན་ནས་བསམ་བློ་ཡང་མཚོན་དགོས། བོད་དུ་ས་སྐྱའི་དུས་སྐབས་སུ་ཟློས་གར་ཐོག་མར་དར་བ་དང་། ཤོང་ལོ་ཙཱ་བ་དང་རྒྱ་གར་གྱི་མཁན་པོ་ལཀྵྨི་ཀ་ར་གཉིས་ཀྱིས་བསྒྱུར་བའི་《ཀླུ་ཀུན་ཏུ་དགའ་བའི་ཟློས་གར་》དང་། བོད་ཀྱི་ལོ་ཙཱ་བ་ཡར་ལུངས་པ་གྲགས་པ་རྒྱལ་མཚན་དང་རྒྱ་གར་གྱི་པཎྜི་ཏ་ཀཱིརྟི་ཙནྡྲ་གཉིས་ཀྱིས་བསྒྱུར་བའི་《འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་》གཉིས་ཡོད། དུས་ཕྱིས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་《བྱ་ལེན་མའི་ཟློས་གར་》བསྒྱུར་བ་རེད། སྤྱི་ལོའི་དུས་རབས་བཞི་པའམ་ལྔ་པའི་དུས་སུ་བྱུང་བའི་བྷ་ར་ཏས་བརྩམས་པའི《ཟློས་གར་གྱི་བསྟན་བཅོས་》ལས། ཉམས་དང་བྲལ་ན་ཟློས་གར་ལ་དོན་སྙིང་ཅིའང་ཡོད་པ་མིན། ཉམས་བྱ་བ་ནི་ཕྱིའི་ཤེས་བྱེད་ཀྱི་རྐྱེན་དང་ནང་གི་ཤེས་བྱེད་ཀྱི་རྐྱེན། རྗེས་སུ་ཤེས་བྱེད་པ་སོགས་ལས་ཐོན་པ་ཡིན་ཞེས་གསུངས། དེ་ལ་ནང་བསམ་པའི་འགྱུར་བ་བརྒྱད་དང་། རྗེས་སུ་ཤེས་པ་སོ་གསུམ་ཡོད་ཅེས་བསྟན། ཉམས་བརྒྱད་རེ་རེའང་ཕྱིའི་ཤེས་བྱེད་དང་ནང་གི་ཤེས་བྱེད། རྗེས་སུ་ཤེས་པ་སོགས་ཕྲ་ཞིང་ཞིབ་པར་ཞིབ་འཇུག་གནང་ཡོད་སྟབས། གནའ་བོའི་རྒྱ་གར་གྱི་ཟློས་གར་གྱི་གཞུང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། བོད་དུ་ཟློས་གར་གཞུང་གི་ཕྱི་མོ་འགྱུར་མེད་པ་དང་། 《ཀླུ་ཀུན་ཏུ་དགའ་བའི་ཟློས་གར་》སོགས་གནའ་བོའི་རྒྱ་གར་གྱི་ཟློས་གར་བརྩམས་ཆོས་སོགས་བོད་དུ་འགྱུར་བ་ནས་བཟུང་། བོད་ཀྱི་སྒྱུ་རྩལ་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ཅི་ཐབས་བྱས་ཡོད་ཕྱིར། ཆོས་ཀྱི་དགོངས་པ་དྲིལ་བསྒྲགས་བྱེད་ནུས་གཙོར་བཏོན་པའི་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་སོགས་བྱུང་། བོད་ཀྱི་ཟློས་གར་འཁྲབ་གཞུང་དང་ཕྱི་གླིང་གི་ཟློས་གར་བསྡུར་ན། ཕྱི་གླིང་གི་ཟློས་གར་གྱིས་མི་དང་མིའི་བར་གྱི་འཚོ་བའི་འགལ་འབྲེལ་བརྗོད་པ་དང་། མི་སྣའི་རང་གཤིས་གར་སྟེགས་སྟེང་དུ་མཚོན་པ་ཤས་ཆེ། རང་རེའི་ཟློས་གར་ཁྲོད་དུ་དེ་འདྲའི་བྱེད་ནུས་དང་ཁ་བྲལ་བའི་ཚུལ་ཡང་གདའ། ཡང་བསམ་བློ་ཞིབ་མོར་བཏང་ན། བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་སོགས་ནི་རྣམ་ཐར་བརྒྱད་ལ་བཟོ་བཅོས་ཕྲན་ཙམ་བྱས་པ་ལས། ཟློས་གར་གཞུང་གི་ཁྱད་ཆོས་ཡོངས་སུ་རྫོགས་མེད་པར་སྣང་། ༣.གར་གྱི་ཉམས་བཤད་པ། གར་གྱི་ཉམས་དགུ་ཞེས་ཡོངས་སུ་གྲགས་པའི་གར་དང་ཟློས་གར་གཉིས་ཁྱད་པར་ཡོད་དེ། ཟློས་གར་ལ་རྩ་བའི་རྒྱུ་རྐྱེན་བཞི་སྟེ་གར་མཁན་དང་། འཁྲབ་གཞུང་། འཁྲབ་ར་བཅས་ཚང་དགོས་མོད། གར་ནི་མཚོན་བྱེད་རང་བཞིན་གྱི་སྒྱུ་རྩལ་ཞིག་སྟེ། དེའི་མི་ལུས་ཀྱི་སྟངས་སྟབས་དང་རྣམ་འགྱུར། ལག་བརྡ་སོགས་ཀྱིས་གར་མཁན་གྱི་མཛེས་དཔྱོད་མྱོང་ཚོར་མཚོན་དགོས། དེ་གཉིས་སྒྱུ་རྩལ་གྱི་རིགས་མི་འདྲ་བ་ཡིན་ནའང་མང་པོ་ཞིག་གིས་གཅིག་ཏུ་ངོས་འཛིན་བྱེད་བཞིན་མཆིས། གར་ནི་སྟངས་སྟབས་ཀྱི་ཉམས་གཙོ་བོར་བྱེད་པའི་ལུས་ཀྱི་རྣམ་འགྱུར་མཚོན་པ་ཞིག་ཡིན་པས། སྟངས་སྟབས་མེད་ན་གར་མེད་ཅེས་པའི་གསུང་སྒྲོས་ཀྱང་ཡོད། གར་གྱི་སྟངས་སྟབས་ཀྱིས་རྣམ་འགྱུར་བྱང་ཆུབ་པར་ངེས་ན། ཞི་རྒྱས་དབང་དྲག་གི་གར་སྣ་ཚོགས་འཁྲབ་ཐུབ་པར་མ་ཟད། གར་གྱི་ཉམས་དག་ཀྱང་མཚོན་ནུས་ཏེ། ཞི་བའི་གར་འཁྲབ་ན་ཞི་བའི་ཉམས་དང་ལྡན་པ་དང་། རྒྱས་པའི་གར་འཁྲབ་ན་སྒེག་ཅིང་དཔའ་བའི་ཉམས་དང་ལྡན་པ། དབང་གི་གར་འཁྲབ་ན་ཆགས་ཤིང་མཛེས་པའི་ཉམས་དང་ལྡན་པ། དྲག་པོའི་གར་འཁྲབ་ན་རྩུབ་ཅིང་ཁྲོ་བའི་ཉམས་དང་ལྡན་པ་ཡིན། གར་འཁྲབ་པའི་སྐབས་སུ་རྒྱན་གོས་འཛོམས་པ་དང་རོལ་དབྱངས་ཀྱི་གདངས་ཚིག་གསལ་ན་ཉམས་ཐོན་པར་ནུས་པ་ཆེན་པོ་ལྡན། གར་མཁན་གྱི་ཉམས་འདོན་སྟངས་ལ་སློབ་དཔོན་ཙནྡྲ་གོ་མིས། ལུས་ཀྱི་སྟོད་ལ་སེང་ཆགས་དང་། །རྐེད་པ་ལ་ནི་འཁྲིལ་ཆགས་དང་། ། ཚིགས་བཞི་ལ་ནི་འཕྲུལ་ཆགས་དང་། བཞག་ཤ་ལ་ནི་ལྷོད་ཆགས་དང་། །ཤ་འགྱུར་ལ་ནི་མེར་ཆགས་དང་། །རྣམ་འགྱུར་ལ་ནི་འགྱིང་ཆགས་དང་། །སྤྱོད་པ་ལ་ནི་དལ་ཆགས་དང་། །སྒྱིད་པ་ལ་ནི་ལྡེམ་ཆགས་དང་། །རྐང་མགོ་ལ་ནི་བདེ་ཆགས་དང་། །ཀུན་ཏུ་དཔའ་ཞིང་བརྗིད་ཆགས་པའོ། །ཞེས་གསུངས། དེ་ཡང་གར་འཁྲབ་སྐབས་ཉམས་དགུ་གང་རུང་དང་སྦྱར་ན་ཤིན་ཏུ་ལེགས་ཏེ། དཔེར་ན། ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱིས་ནོར་དང་ཆུང་མ། སྤྱན་སོགས་གཞན་ལ་སྦྱིན་པ་འཁྲབ་སྟོན་བྱས་ན་ཆོས་ཀྱི་དཔའ་བའི་ཉམས་ཐོན་ཞིང་། ཡིད་འཕྲོག་མས་ཆོས་རྒྱལ་ནོར་བཟང་མཐོང་དུས་ཡིད་ལ་དགའ་བ་འཕེལ་བའི་རྣམ་འགྱུར་འཁྲབ་སྟོན་བྱས་ནས་སྒེག་པའི་ཉམས་མཚོན་པ་ལྟ་བུ། གར་གྱི་ཉམས་སྐོར་གྱི་སྐྱོན་སེལ་ལ་སློབ་དཔོན་ཙནྡྲ་གོ་མིས། འཇིགས་ཤིང་རྔམས་པའི་གར་རྣམས་ལ། །ཧ་ཅང་གསོར་ན་སྐྱོན་ཡིན་ནོ། །འགྱིང་ཞིང་སྙེམས་པའི་གར་རྣམས་ལ། །ཧ་ཅང་བཅོས་ཆུང་སྐྱོན་ཡིན་ནོ། །འཁྱུག་ཅིང་བདེ་བའི་གར་རྣམས་ལ། །ཧ་ཅང་ཏབ་ཏོབ་སྐྱོན་ཡིན་ནོ། །དལ་ཞིང་ལྷོད་པའི་གར་རྣམས་ལ། །ཧ་ཅང་སྒྱིད་ལུག་སྐྱོན་ཡིན་ནོ། །སྒེག་ཅིང་ཆགས་པའི་གར་རྣམས་ལ། །ཧ་ཅང་སྐྱུར་ན་སྐྱོརྣ་ཡིན་ནོ། ། ཞེས་གསུངས། གར་ལ་རིགས་མང་ཡང་གཙོ་བོར་འཆམ་གྱི་རིགས་སུ་གྱུར་བའི་གར་དང་། ཨ་ལྕེ་ལྷ་མོའི་རིགས་སུ་གྱུར་བའི་གར། རས་པའི་རིགས་སུ་གྱུར་བའི་གར། སྒོར་གཞས་ཀྱི་རིགས་སུ་གྱུར་བའི་གར། ཤོན་གྱི་རིགས་སུ་གྱུར་བའི་གར། སྒོར་བྲོའི་རིགས་སུ་གྱུར་བའི་གར་སོགས་ཤིན་ཏུ་མང་ངོ་། །སྒྱུ་རྩལ་མཐའ་དག་ཕྱི་ཚུལ་དང་ནང་དོན་གྱི་མཛེས་པ་གཞི་གཅིག་ཏུ་འབྲེལ་ཡོད་པ་བཞིན། གར་གྱི་སྟངས་སྟབས་སྟེང་ནས་ནང་དོན་གྱི་མཛེས་པ་མངོན་པ་དང་། ནང་དོན་གྱི་མཛེས་པ་གར་གྱི་སྟངས་སྟབས་ཀྱི་ལམ་ནས་མཛེས་ཚོར་སྦྱིན་པར་བྱེད། ༩.རོལ་མོའི་ཉམས་བཤད་པ། 《རོལ་མོའི་བསྟན་བཅོས་》ལས། གང་ན་ཐོད་དང་སྐྲ་གསར་དང་། །གར་དང་རོལ་མོའི་སྒྲ་ཡོད་པ། །དེ་ན་མྱ་ངན་ཡོད་མིན་པས། །དེ་ན་རོལ་མོ་བསྔགས་པ་ཡིན། ①ཞེས་གསུངས་པ་ལྟར། རོལ་མོ་ནི་མིའི་འཚོ་བ་དང་ཁ་བྲལ་ཐབས་མེད་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པས། མཛེས་དཔྱོད་མྱོང་ཚོར་ཟམ་མི་ཆད་པ་ཞིག་སྦྱིན་ནོ། །རོལ་མོ་ནི་མཉན་བའི་ཉམས་འགྱུར་གྱི་ཕྱུག་པ་ཞིག་ཡིན་སྟབས། རོལ་མོ་ལའང་ཞི་རྒྱས་དབང་དྲག་མཚོན་པའི་ཉམས་སྣ་ཚོགས་ཀྱི་གྲུབ་པ་གདོན་མི་ཟ། བོད་ཀྱི་མདོ་སྔགས་ཀྱི་ཞི་དྲག་གི་ཆོ་གའི་དབང་གིས་རོལ་མོ་ལ་ཡང་ཞི་རོལ་དང་དྲག་རོལ་གཉིས་སུ་དབྱེ་སྲོལ་བྱུང་། རྒྱ་གླིང་དང་སིལ་སྙན། དྲིལ་བུ་སོགས་ནི་ཞི་རོལ་དང་། སྦུག་དང་རྐང་གླིང་། དུང་ཆེན་སོགས་ནི་དྲག་རོལ་ཏུ་གཏོགས། རོལ་མོ་མཐའ་དག་འབུད་བརྡུང་དཀྲོལ་གསུམ་ལ་མི་འདུས་པ་མེད་པར་གསུངས། བརྡུང་བའི་གྲས་སུ་གཏོགས་པའི་རྔ་ལ་མཚོན་ན། རྔ་བརྡུང་དུས་ཉམས་ཀྱི་སྐོར་ལ་དོ་སྣང་ཆེན་པོ་བྱས་ཡོད་དེ། སློབ་དཔོན་ཙནྡྲ་གོ་མིས། ཞི་བའི་རྔ་བརྡུང་བྱེད་པ་ན། །དེ་ཡི་ཉམས་དང་ལྡན་པར་བྱ། །རྔ་ཐབས་དལ་ལ་ལྷོད་པར་བརྡུང་། ། རྒྱས་པའི་རྔ་བརྡུང་བྱེད་པ་ན། །སྒེག་ཅིང་དཔའ་བོའི་ཉམས་ཀྱིས་བྱ། །རྔ་ཐབས་གསལ་ལ་འཁྲོལ་པར་བརྡུང་། །དབང་གི་རྔ་རྡུང་བྱེད་པ་ན། །ཆགས་ཤིང་མཛེས་པའི་ཉམས་ཀྱིས་བྱ། །རྔ་ཐབས་སྙན་ལ་འཇེབས་པར་བརྡུང་། །དྲག་པོའི་རྔ་རྡུང་བྱེད་པ་ན། །རྩུབ་ཅིང་ཁྲོ་བའི་ཉམས་ཀྱིས་བྱ། །རྔ་ཐབས་དྲག་ལ་མྱུར་བར་བརྡུང་། །དྲག་བརྡུང་རྒྱུན་ཆགས་བྱེད་པ་ན། ། གནམ་ལྕགས་ལྟར་ཡང་དབབ་པར་བྱ། །ཞེས་གསུངས། སངས་རྒྱས་ཆོས་ལུགས་ངོས་ནས་རོལ་མོ་ལ་གནས་སྐབས་དང་ཆོས་ཀྱི་དགོངས་པ་རྒྱ་ཆེན་ཡོད་དེ། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་དབྱངས་ཀྱི་བསྟན་བཅོས་བློ་གསལ་མགུལ་རྒྱན་ལས། ཉམས་ལྡན་ངག་གི་རིག་བྱེད་ཀྱི། །འཕགས་པ་མཆོད་དང་སེམས་ཅན་དོན། །བྱེད་དང་དངོས་གྲུབ་རྣམ་གཉིས་རྒྱུ། །ཞེས་གསུངས། ཡང་གང་ཟག་ཕལ་པ་དང་རྣམ་འབྱོར་བའི་གོ་རྟོགས་ལ་ཁྱད་པར་ཡོད་པས། རོལ་མོ་ཞེས་པ་རྣམ་འབྱོར་བས་སྣང་བ་སེམས་ཀྱི་རོལ་མོ་ཡིན་ལ་གང་ཟག་ཕལ་པ་རྣམས་ནི་སེམས་སྣང་བས་རོལ་མོར་འགྱུར་རོ། །དེང་དུས་རོལ་མོའི་སྒྱུ་རྩལ་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་བྱུང་ཡོད་ལ། རོལ་ཆ་དང་སྒྲའི་འགྱུར་ཁུགས་སོགས་གང་ཅི་ཐད་འགྱུར་ལྡོག་བྱུང་ནས་མིའི་དགའ་སྐྱོ་ཆགས་སྡང་གི་འཚོ་བ་མཚོན་བཞིན་ཡོད། དེ་ཡང་ས་པཎ་གྱིས། འགའ་ཞིག་འགའ་ལ་མི་མཛེས་ཤིང་། ། ལ་ལ་གཞན་ལ་མཛེས་མ་ཡིན། །མཁས་རྨོངས་སྐྱེས་པ་བུད་མེད་སོགས། །ཀུན་ལ་མཛེས་པ་རོལ་མོ་ཡིན། །ཞེས་པ་ལྟར། རོལ་མོ་ནི་མི་རིགས་རང་བཞིན་དང་གྲལ་རིམ་རང་བཞིན་གྱིས་བཀག་རྒྱ་མི་ཐེབས་པར། འཛམ་གླིང་རང་བཞིན་གྱི་སྒྱུ་རྩལ་མཚོན་ཐབས་ཤིག་ཡིན་ནོ། ། ༥.རི་མོའི་ཉམས་བཤད་པ། བོད་དུ་རི་མོའི་སྒྱུ་རྩལ་བྱུང་བ་སྔ་ཞིང་། བོད་ཀྱི་རི་མོའི་ལུགས་ཆེན་བཞིའི་གཙོ་བོ་བྱིའུ་སྒང་ལུགས་ལ་མཚོན་ན། བོད་ཀྱི་རི་མོའི་ལུགས་ཐོག་མ་ལྟ་བུ་ཡིན་པར་མ་ཟད། བོད་རང་ས་རང་ཡུལ་གྱི་རི་མོའི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་དེ། “ལུགས་འདི་ནི་ཞང་ཞུང་བོན་ལས་བྱུང་བའི་བོད་རང་ཉིད་ཀྱི་ལུགས་ཁོ་ན་ཡིན་ཏེ། བོན་ལུགས་ཀྱི་རི་མོ་ཧ་ཅང་རྙིང་པ་རྣམས་ལ་བལྟས་ན་ཁོང་གི་འབྲི་སྟངས་དང་གཅིག་མཚུངས་སུ་འདུག་གོ”②ཞེས་གསུངས་པ་བཞིན་ནོ། །བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ་ཆོས་ལུགས་དར་སྤེལ་གྱི་དགོས་དབང་གིས་རྒྱ་གར་དང་བལ་པོ་སོགས་ཀྱི་རི་མོའི་འབྲི་ལུགས་ནང་འདྲེན་བྱས་པ་དང་། རི་མོའི་ཁྲོད་ཀྱི་ཉམས་ཀྱང་རྒྱ་གར་སོགས་ཀྱི་ཤུགས་རྐྱེན་ཕོག་པ་དང་ཆབས་ཅིག་གོ་བ་དེ་འདྲ་ཆགས་ཐུབ་པ་བྱུང་། བོད་ཀྱི་རི་མོའི་སྒྱུ་རྩལ་ཡང་ཆོས་ལུགས་དང་གཞི་གཅིག་ཏུ་འབྲེལ་ཡོད་ཕྱིར། རི་མོས་ཕྱི་ཚུལ་མཛེས་པ་ཁོ་ནར་སྟོན་པ་མིན་པར། མིའི་ནང་སེམས་མཚོན་པར་བྱེད་པའི་སེམས་ཁམས་སྒྱུ་རྩལ་རིགས་ཤིག་ཡིན་ཞེས་སྨྲ་མཆོག ཐང་ག་དང་འཇིམ་སྐུ་སོགས་ལ་དམིགས་བསལ་གྱི་དགོས་པ་ཁྱད་པར་བ་དང་ཕན་ཡོན་ཁྱད་པར་བ་ལྡན་པ་ཡིན། དེ་ཡང་ལྷ་སྐུ་བཞེངས་དུས་ཤ་ཚུགས་དང་གདོང་དབྱིབས། སྤྱན། ཞལ་དང་རྒྱན་སོགས་ལས་ཉམས་ཀྱི་ཁྱད་པར་མངོན་འདུག དཔེར་ན། ཞལ་གྱི་ཉམས་སྟོན་པ་ལ། ཞི་བའི་རིགས་ཀྱི་ལྷ་སྐུ་ལ་ཞལ་འཛུམ་པའི་ཉམས་ཐོན་པ་དང་། མགུར་དང་དབྱངས་གྱེར་བའམ་བཞད་གད་བྱེད་པའི་རིགས་ལ་ཞལ་གང་བུ་ཕྱེ་བ་བཞད་པའི་ཉམས། ལྷ་མོ་སོགས་ལ་ལུས་ཕྲ་མ་མཛེས་པའི་མཚན་མ་བཅོ་བརྒྱད་ལས་ཞལ་གྱི་མཛེས་པ་མངོན་པའི་མཛེས་པའི་ཉམས། ཁྲོ་བོ་དང་སྲིན་པོ་སོགས་དྲག་ཤུལ་ཅན་རྣམས་ཞལ་ཆེར་གདངས་པ་དང་ལྗགས་འདྲིལ་བ། མཆེ་བ་གཙིགས་པ། ཨག་ཚོམ་འབར་བ་བཅས་ཀྱི་ཉམས་ཐོན། གཞན་སྐྱུར་བོ་འཐུང་བ་ལས་ཐོན་པའི་ཉམས་དང་། དྲང་སྲོང་དང་ནི་དཀའ་ཐུབ་ཅན། ། རིད་ཅིང་རྒས་པའི་ཉམས་སོགས་ལྡན། ལྷ་སྐུའི་རི་མོ་ལས་གར་གྱི་སྟངས་སྟབས་སྣ་ཚོགས་ཇི་སྙེད་པ་ཐམས་ཅད་གར་གྱི་ཉམས་དགུ་དང་ལྡན་པར་བཤད། རི་མོ་ལ་གཞུང་ལས་བསྟན་པའི་གཞི་རྩའི་སྟངས་སྟབས་ལྔ་བཅུ་རྩ་བརྒྱད་དང་། རྒྱ་ཆེར་རོལ་བའི་མདོ་ལས་བསྟན་པའི་བུད་མེད་སྐྱེས་པ་ལ་ཆགས་པའི་སྒྱུའམ་སྟངས་སྟབས་དང་ལུས་ཀྱི་ཉམས་འགྱུར་སུམ་ཅུ་སོ་གཉིས་སུ་གསུངས། ཞི་བ་རྣམས་ལ་ཞི་བའི་སྐུ། ། བཞད་དང་ཏིང་འཛིན་སྙིང་རྗེ་དང་། །སྒེག་ཅིང་ཆགས་ལྡན་འཛུམ་པའི་ཞལ། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། ། ཞི་མ་ཁྲོ་ནི་དཔའ་བོའི་ཉམས། །ཐད་ཀར་གཟིགས་དང་ཐུར་དུ་གཟིགས། །ཞལ་བགྲད་མཆེ་གཙིགས་ཨག་ཚོམ་བསྡམས། ། སྡང་མིག་གཡོ་ཞིང་ཟུར་མིག་ཅན། །ཞེ་སྡང་གཏུམ་ཞིང་རྔམ་པ་ཡིས། །ཡིད་ཅན་ཐམས་ཅད་རབ་འཇིགས་པའི། །དྲག་ཤུལ་ཟིལ་གྱིས་གནོན་པའི་སྐུ། །ཞེས་པ་བཞིན་དུ། ལྷ་སྐུ་བཞེངས་དུས་ཉམས་ལ་དོ་སྣང་བྱེད་དགོས་པ་དང་། ཉམས་གང་ལ་གང་འཚམ་གྱིས་སྦྱར་བ་གནད་ཀྱི་དམ་པའོ། །
མཆན་འགྲེལ།
①《ས་སྐྱ་པའི་གསུང་རབ་པོད་དྲུག་པ་ཟློས་གར་དང་མཁས་འཇུག》ཤོག་ངོས་དང་པོའི་ནང་གསལ།
②གྲ་ཕྱི་འགྱུར་མེད་རབ་རྒྱས་ཀྱི་《བོད་ཀྱི་སྲོལ་རྒྱུན་རི་མོའི་སྐོར་བརྗོད་པའི་ངོ་མཚར་གཏམ་ཕྲེང་》ཤོག་ངོས་༤༤ན་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། |