གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅། །སྒྱུ་རྩལ་གྱི་རྩ་བའི་རྣམ་པ་གཉིས་ཏེ་ནིས་ཁྲེ་ཡི་“ཉི་མའི་ལྷ་”དང་“ཆང་ལྷའི་”སྐོར་ཅུང་ཙམ་གླེང་བ།
སྤེལ་དུས།2009-09-28   ཡོང་ཁུངས་།《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》   རྩོམ་པ་པོ། སྐལ་བཟང་རྡོ་རྗེ། འབྲུག་མོས་ཞུ་དག་བྱས།
     ནིས་ཁྲེ་ནི་དུས་རབས་བཅུ་དགུ་པའི་ནང་གི་ནུབ་གླིང་མཚན་ཉིད་རིག་པའི་ཁྱབ་ཁོངས་ཀྱི་ཏོག་ལྟ་བུར་གྱུར་བའི་མཚན་ཉིད་རིག་པ་བ་ཆེན་པོ་ཞིག་ཡིན།   སྤྱི་ལོ་༡༨༧༢ལོར་ནིས་ཁྲེ་ཡིས་ཁོང་གི་བརྩམས་ཆོས་ཐོག་མ་སྐྱོ་གར་གྱི་བྱུང་བ་དཔར་དུ་བསྐྲུན།   བརྩམས་ཆོས་འདིར་ཁོང་གིས་སྐྱོ་གར་གྱི་འབྱུང་ཁུངས་དང་ངོ་བོ་ལ་རྩད་ཞིབ་གྱིས་ཐེངས་དང་པོར་ཀེ་རི་སིའིཉི་མའི་ལྷ་(阿波罗精神)དང་ཆང་ལྷ་(狄奥尼索斯精神)གཉིས་ནི་ཕན་ཚུན་འགལ་བས་གྲུབ་པའི་ཕྱོགས་གཉིས་ཡིན་པའི་ངེས་བཟུང་བྱས་ཏེ།   གནའ་བོའི་ཀེ་རི་སིའི་སྐྱོ་གར་ནི་སྙིང་སྟོབས་རིགས་འདི་གཉིས་ཀྱི་འགལ་འདུ་ལས་བྱུང་བར་བསྟན་པ་སྟེ།   གཅིག་ནི་རེ་བ་དང་ཕུགས་བསམ་མཚོན་པའི་ཉི་མའི་ལྷ་ཨ་ཕོ་ལོའུ་ཡི་སྙིང་སྟོབས་དང་།   ཅིག་ཤོས་ནི་དངོས་ཡོད་དང་བདེན་པ་མཚོན་པའི་ཆང་ལྷ་ཏིས་ཨོ་ནིས་སོ་སི་ཡི་སྙིང་སྟོབས་ཡིན།  སྙིང་སྟོབས་རིགས་འདི་གཉིས་ཀྱི་བར་ལ་གྲུབ་པའི་འགལ་འདུ་ཡིས་གནའ་བོའི་ཀེ་རི་སིའི་སྒྱུ་རྩལ་འཕེལ་རྒྱས་འབྱུང་བའི་རྨང་གཞི་གྲུབ་ཅིང་།   སྐྱོ་གར་གྱི་བྱུང་བའང་རྨང་གཞི་འདི་ལ་བརྟེན་ནས་བྱུང་བ་སྟེ།   སྙིང་སྟོབས་རིགས་འདི་གཉིས་གཞི་གཅིག་ཏུ་བསྲེས་པ་ལས་ཀེ་རི་སིའི་སྐྱོ་གར་བྱུང་བར་བསྟན།
    
ནིས་ཁྲེ་ཡི་སྐྱོ་གར་གྱི་གཞུང་ལུགས་ནི་ཁོང་གི་གཞུང་ལུགས་ཧྲིལ་པོའི་རྨང་རྡོ་ལྟ་བུ་ཡིན་ལ།   དེ་ལས་ཀྱང་ཉི་མའི་ལྷ་དང་ཆང་ལྷའི་སྐོར་ནི་ནིས་ཁྲེ་ཡི་བསམ་བློ་དང་ལྟ་བ་ཧྲིལ་པོའི་སྡོམ་ལྟ་བུ་ཡིན་ཅིང་།   ཉི་ཁྲེ་ཡི་བསམ་བློ་ཡོངས་རྫོགས་ཀྱང་རྩ་བའི་ཐ་སྙད་འདི་གཉིས་ལས་འཕྲོས་པ་ཡིན་ཏེ།   སྐྱོ་གར་གྱི་བྱུང་བའི་བརྗོད་བྱའི་སྙིང་པོའང་མཐར་གཏུགས་ན་ཉི་མའི་ལྷ་དང་ཆང་ལྷ་གཉིས་ཀྱི་རྩོད་སྒྲུབ་འབྲེལ་བ་ཡིན།   ང་ཚོས་ནིས་ཁྲེ་ཡི་སྒྱུ་རྩལ་ལྟ་བ་ལ་ཆ་ཡོངས་ནས་རྒྱུས་ལོན་ཟབ་མོ་ཞིག་བྱེད་ན།   ངེས་པར་དུ་ཉི་མའི་ལྷ་དང་ཆང་ལྷ་ལས་འཕྲོས་པའི་ལྟ་བ་དག་ནས་ཐོག་མར་ལག་འཇོག་དགོས་ཕྱིར།   གཤམ་དུ་ཁོ་བོས་གཞི་རྩའི་ཐ་སྙད་འདི་གཉིས་ཀྱི་གོ་དོན་ཐད་ནས་རང་ལ་གོ་བ་ཆགས་སྟངས་ལྟར་ཅུང་ཙམ་ཞིག་འགོད་ཁུལ་བྱ་རྒྱུ་ཡིན་ཀྱང་།   རྩོམ་རིག་ལ་འཇུག་པའི་ལས་དང་པོ་བ་ཞིག་ལ་མཚོན་ན་འདི་ལྟའི་བརྗོད་གཞི་ཆེན་པོ་ཞིག་ལ་འཇུ་རྒྱུ་ནི་ཅི་ནས་ཀྱང་མི་འོས་པ་ཞིག་ཡིན་ལ།   དེར་མ་ཟད་ནིས་ཁྲེ་ཡི་ཉི་མའི་ལྷ་དང་ཆང་ལྷའི་སྐོར་གྱི་ལྟ་བ་ནི་གཏིང་ཟབ་ཅིང་རྒྱ་ཆེ་བར་མ་ཟད།   ནུབ་གླིང་གི་མཚན་ཉིད་རིག་པའི་ཁྱབ་ཁོངས་སུ་རྩོད་གཞི་ཧ་ཅང་ཆེ་བའི་རྙོག་འཛིང་ཅན་གྱི་བརྗོད་གཞི་ཞིག་ཡིན་པས་གོ་དོན་ལེགས་པོ་ཞིག་ཞིབ་ཏུ་འགྲེལ་རྒྱུ་ནི་བདག་ལྟ་བུའི་འོས་སུ་ནི་ཅི་ནས་ཀྱང་མ་མཆིས་མོད།   རང་གི་བློ་སྦྱོང་ཙམ་གྱི་དོན་དུ་ཅུང་ཙམ་ཞིག་བཀོད་ན་འདི་ལྟ་སྟེ།
    
.“ཉི་མའི་ལྷ་ཨ་ཕོ་ལོའུ་ཡི་སྙིང་སྟོབས་རང་བཞིན་གྱི་སྒྱུ་རྩལ།
    
ནིས་ཁྲེ་ཡིས་སྐྱོ་གར་གྱི་བྱུང་བ་བརྗོད་པའི་སྐབས་སུ་སྐྱོ་གར་ནི་ཉི་མའི་ལྷ་ཨ་ཕོ་ལོའུ་ཡི་སྙིང་སྟོབས་དང་ཆང་ལྷ་ཏིས་ཨོ་ནིས་སོ་སི་ཡི་སྙིང་སྟོབས་གཉིས་གཞི་གཅིག་ཏུ་འདྲེས་པ་ལས་བྱུང་བར་བརྗོད་ཅིང་།   སྙིང་སྟོབས་དེ་གཉིས་ནི་སྒྱུ་རྩལ་གྱི་རྣམ་པ་རིགས་གཉིས་ཏེ།   ཉི་མའི་ལྷ་ཨ་ཕོ་ལོའུ་ཡི་སྙིང་སྟོབས་རང་བཞིན་གྱི་སྒྱུ་རྩལ་དང་ཆང་ལྷ་ཏིས་ཨོ་ནིས་སོ་སི་ཡི་སྙིང་སྟོབས་རང་བཞིན་གྱི་སྒྱུ་རྩལ་གཉིས་ཡིན།   ཉི་མའི་ལྷ་ཨ་ཕོ་ལོའུ་ཡི་སྙིང་སྟོབས་རང་བཞིན་གྱི་སྒྱུ་རྩལ་ནི་ནིས་ཁྲེ་ཡི་ལྟ་བར།   མི་ཚེ་ནི་མ་གཞི་ནས་སྐྱོ་གར་ཞིག་ཡིན་ལ།   མིའི་འགྲོ་འཆག་ཉལ་འདུག་གྱི་བྱ་བྱེད་ཐམས་ཅད་ཀྱང་སྐྱོ་གར་གྱི་ངོ་བོ་ཞིག་གིས་གྲུབ་ཅིང་།   མི་རྣམས་ཀྱིས་བདེ་སྐྱིད་དང་རང་དབང་གི་ལོངས་སྤྱོད་ཅིག་འཚོལ་ཅིང་སྙེག་པའང་དོན་གྱིས་དུས་དང་རྣམ་པ་ཀུན་ཏུ་སྡུག་བསྔལ་གྱི་ངོ་བོར་གནས་ཡོད་པ་ཡིན་པས།   མི་རྣམས་ཀྱི་དུས་རྒྱུན་གྱི་བསམ་པ་དང་སྦྱོར་བ་གང་ཡིན་ཀྱང་།   བདེ་སྐྱིད་དང་མཛེས་སྡུག་གི་ཞིང་ཁམས་ཤིག་ལ་རེ་འབོད་ཉག་གཅིག་བྱེད་པ་ལས་མ་འདས་པར་འདོད།   དེ་བས་མི་རྣམས་ཀྱི་རྒྱུད་ལ་རང་ཤུགས་ཀྱིས་མཛེས་སྡུག་གི་ཞིང་ཁམས་ཤིག་ལ་རེ་སྙེག་བྱེད་པའི་སེམས་ཁམས་སམ་བག་ཆགས་ཤིག་ལྷུན་གྱིས་གྲུབ་ཡོད།   དེ་ལྟ་བུའི་སེམས་ཁམས་དེ་ནི་སྒྱུ་རྩལ་གྱི་འབྱུང་ཁུངས་སྟེ།   མི་རྣམས་ཀྱིས་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་གིས་གྲུབ་པའི་དུས་རྒྱུན་གྱི་འཚོ་བའི་ཁྲོད་ནས་རང་གི་རྟོག་ངོར་རྨི་ལམ་ལྟ་བུའི་ཡུལ་ལྗོངས་ཤིག་བསྒོམས་ནས་དེའི་བདེ་སྣང་ལ་ལོངས་སྤྱོད་པ་ཡིན་ལ།   འཕྲུལ་སྣང་དེ་ལས་རང་གི་རྒྱུད་ལ་རང་བཞིན་གྱིས་གྲུབ་ཅིང་བག་ལ་ཉལ་ཡོད་པའི་མཛེས་སྡུག་གི་རེ་འབོད་དེ་ཕྱི་ལ་མངོན་པར་ཕུད་དེ་རང་གི་འདོད་པ་ཡོངས་སུ་རྫོགས་པ་སྟོང་བའི་ངང་དུ་ཚིམས་པར་བྱེད་པ་ཡིན།   བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཀྱི་རྡོ་སེང་གེའི་ཁ་ནས་གསེར་ལེན་པ་དང་དགོས་འདོད་འབྱུང་བའི་དཀར་ཡོལ་ཡིན།
    
.ཆང་ལྷཏིས་ཨོ་ནིས་སོ་སིའི་སྙིང་སྟོབས་རང་བཞིན་གྱི་སྒྱུ་རྩལ།
    
གོང་ནས་སྨྲས་ཟིན་པ་ལྟར།   ནིས་ཁྲེ་ཡི་ལྟ་བར་ཉི་མའི་ལྷ་ཨ་ཕོ་ལོའུ་ཡི་སྙིང་སྟོབས་རང་བཞིན་གྱི་སྒྱུ་རྩལ་ནི་རེ་བ་དང་ཕུགས་བསམ་གྱིས་གྲུབ་པའི་འཕྲུལ་སྣང་དང་རྨི་ལམ་ལྟ་བུ་ཞིག་ཡིན་ན་ཡང་།   འཕྲུལ་སྣང་ནི་ནམ་ཡང་འཕྲུལ་སྣང་ཡིན་ལ།   སྟོང་བསམ་ནི་ནམ་ཡང་སྟོང་བསམ་ཡིན།   དེས་སྐབས་འཕྲལ་རེ་ལ་དོན་དངོས་སྟོང་པ་ཡིན་པའི་བདེ་སྐྱིད་དང་མཛེས་སྡུག་ཅིག་སྟེར་སྲིད་ན་ཡང་།   མཐར་གཏུགས་ན་དེ་ནི་སྟོང་པ་འབའ་ཞིག་ཡིན་ལ།   རང་ཉིད་རང་ཉིད་ཀྱི་རྨི་ལམ་གྱི་ཞིང་ན་འཚོས་ཡོད་པ་ཙམ་ཡིན་པས།   ནམ་ཞིག་མི་རྣམས་སྟོང་བསམ་དང་འཕྲུལ་སྣང་གི་འཇིག་རྟེན་དེ་ལས་ཐར་ནས།   དངོས་ཡོད་ཀྱི་འཇིག་རྟེན་ཞིག་ལ་འཚོ་འདོད་པའི་ངེས་ཤེས་དང་འདུན་པ་དྲག་པོ་ཞིག་སྐྱེས་པར་བརྟེན་རང་ཉིད་དང་རང་ཉིད་ཀྱི་སེམས་ཁམས།   ཡིད་ཀྱི་འགྱུར་བ།   ལུས་ཀྱི་བྱ་བྱེད་བཅས་རྣམ་པ་དང་ངང་ཚུལ་གཞན་པ་ཞིག་ཏུ་ཞུགས་པ་སྟེ།   བཟི་ཞིང་མྱོས་པའི་ངང་ཚུལ་ཅིག་ཏུ་ཞུགས།   ངང་ཚུལ་འདིའི་ཁྲོད་དུ་མི་དང་མིའི་བར་ལ་བཀག་རྒྱ་ཅི་ཡང་མེད་ཅིང་།   ཉི་མའི་ལྷ་ཨ་ཕོ་ལོའུ་ཡི་སྒྱུ་རྩལ་ལྟར་གྱི་མི་རང་ཉིད་མ་གཞི་དང་གཙོ་བོར་འཛིན་པའི་ངང་ཚུལ་དེ་ཡང་མེད་པར་མ་ཟད།   མི་རང་གིས་རང་གནས་པ་རྩ་བ་ནས་བརྗེད་ཅིང་བདག་འཛིན་གྱི་བློ་རྨང་ནས་ཞིག་སྟེ།   རང་ཚུགས་ལ་ཚོད་འཛིན་ཅི་ཡང་མེད་པར་རང་ཉིད་ཆ་ཡོངས་སུ་ཚོགས་སྤྱི་ཞིག་གམ་རང་བྱུང་ཁམས་ཆེན་པོའི་ཁྲོད་དུ་འཐིམ་ཞིང་དེ་དང་གཞི་གཅིག་ཏུ་འདྲེས་པར་གྱུར་ཏེ།   དེ་ལས་རང་ཉིད་ལ་ཁྱད་པར་བའི་བདེ་སྣང་ཞིག་འཐོབ་སྟེ་བདེ་སྣང་དེའི་ཁྲོད་ནས་རང་གི་ལུས་སེམས་དང་བཅས་པའི་ཆ་ཡོངས་སུ་རྫོགས་པ་མྱོས་ཤིང་བཟི་བར་གྱུར།   རྣམ་པའམ་ངང་ཚུལ་དེ་ལ་ཆང་ལྷ་ཏིས་ཨོ་ནིས་སོ་སིའི་སྙིང་སྟོབས་ཟེར་ཞིང་།   སྙིང་སྟོབས་རིགས་དེ་ལས་རང་ཅག་ལ་སྒྱུ་རྩལ་གྱི་རྣམ་པ་གཞན་ཞིག་བྱུང་བ་སྟེ།   དེ་ནི་ཆང་ལྷ་ཏིས་ཨོ་ནིས་སོ་སིའི་སྙིང་སྟོབས་རང་བཞིན་གྱི་སྒྱུ་རྩལ་ཡིན་ཅིང་།   ཞབས་བྲོའི་སྒྱུ་རྩལ་དང་རོལ་དབྱངས་སྒྱུ་རྩལ་སོགས་ནི་སྒྱུ་རྩལ་རིགས་དེའི་ཁོངས་སུ་གཏོགས།   གོང་དུ་བཀོད་པ་ནི་ཉི་མའི་ལྷཨ་ཕོ་ལོའུ་ཡི་སྙིང་སྟོབས་དང་ཆང་ལྷ་ཏིས་ཨོ་ནིས་སོ་སིའི་སྙིང་སྟོབས་ཏེ།   དེ་གཉིས་ལས་འཕེལ་ཞིང་རྒྱས་པའི་སྒྱུ་རྩལ་སོགས་ཡིན་ལ།   སྙིང་སྟོབས་རིགས་དེ་གཉིས་ལས་སྔ་མ་ནི་རེ་སྨོན་དང་ཕུགས་འདུན་ཞིག་གིས་གྲུབ་པའི་འཕྲུལ་སྣང་དང་རྨི་ལམ་གྱི་འཇིག་རྟེན་ཞིག་ཡིན་ལ།   ཕྱི་མ་ནི་དངོས་ཡོད་གྱིས་མྱོས་ཤིང་བཟི་བའི་ངང་ཚུལ་ཞིག་ཡིན།   རྣམ་པའམ་ངང་ཚུལ་དེ་གཉིས་ཀྱིས་སྒྱུ་རྩལ་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་བླ་ན་མེད་པ་ཞིག་སྟེར་གྱི་ཡོད་ལ།   སྒུལ་ཤུགས་དེས་རྐྱེན་པས་སྒྱུ་རྩལ་པ་གང་ཡང་རུང་བ་ཞིག་ཀྱང་ཉི་མའི་ལྷའི་རང་བཞིན་གྱི་འཕྲུལ་སྣང་སྒྱུ་རྩལ་པ་ཞིག་གམ་ཡང་ན་ཆང་ལྷའི་རང་བཞིན་གྱི་མྱོས་ཤིང་བཟི་བའི་སྒྱུ་རྩལ་པ་ཞིག    ཡང་ན་དེ་གཉིས་གཞི་གཅིག་ཏུ་འདྲེས་པའི་སྒྱུ་རྩལ་པ་ཞིག་ཡིན་སྲིད་པ་དེའོ།།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060