གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།། སྙན་སྒྲོན་པར་འཛོམ་དགོས་པའི་རྨང་གཞིའི་ཤེས་བྱ།
སྤེལ་དུས།2014-08-01   ཡོང་ཁུངས་།   རྩོམ་པ་པོ། གཅོད་པ་སྐྱབས། རིན་ཆེན་གྱིས་བསྒྲིགས།

        སྤྱིར་བོད་ཡིག་བོད་སྐད་ཤེས་པའི་བོད་མི་རྣལ་མ་ཞིག་ཡིན་ཚེ་རྩོམ་ཡིག་ལྟར་འདོན་ཐུབ་པའི་སྙན་སྒྲོན་པ་ཞིག་བྱ་རྒྱུ་ནི་དེ་འདྲའི་དཀའ་མོ་ཞིག་མ་རེད། འོན་ཀྱང་ལྟ་མཁན་གྱི་ཡིད་སེམས་འགུག་ཐུབ་པའི་སྙན་སྒྲོན་པ་ཞིག་བྱ་རྒྱུ་ནི་ངོ་མ་དཀའ་མོ་ཞིག་རེད། ང་རང2011ལོར་གནས་མཆོག་ལྷ་ས་རུ་ཚོགས་པའི་ཞིང་ལྗོངས་ལྔའི་རྒྱང་སྒྲོག་བརྙན་འཕྲིན་གྱི་ཕུལ་བྱུང་ལེ་ཚན་དཔྱད་འདེམ་ཚོགས་འདུར་ཞུགས། སྐབས་དེར་ད་གཟོད་མདོ་དབུས་ཁམས་གསུམ་ན་བོད་སྐད་ཀྱི་སྙན་སྒྲོན་པའི་ཆེད་ལས་ཀྱི་ལས་བྱེད་མི་སྣ་སྟོང་ཕྲག་ཙམ་ཡོད་པ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་བོད་ཡུལ་དུའང་མེ་འཁོར་གྱི་སྙན་སྒྲོན་པ་དང་གནམ་གྲུའི་སྙན་སྒྲོན་པ། ཁེ་ལས་དང་བཟོ་གྲྭ སློབ་གྲྭའི་སྙན་སྒྲོན་པ་སོགས་རྒྱལ་ཁབ་ཀྱིས་གདེང་འཇོག་ཐོབ་ཅིང་བོད་སྐད་ཀྱི་སྙན་སྒྲོན་བྱ་བ་ཞོར་ལས་ཡིན་པའི་ལས་བྱེད་མི་སྣ་མང་པོ་ཞིག་གིས་བཅོས་བསྒྱུར་སྒོ་འབྱེད་དང་། གསར་གཏོད་མདུན་སྐྱོད་ཀྱི་རླབས་ཆེན་བྱ་གཞག་ཁྲོད་རང་རང་གི་ནུས་པ་མི་དམན་པ་བཏོན་དང་འདོན་བཞིན་ཡོད་ལ། མ་འོངས་པར་འདིའི་ཕྱོགས་ཀྱི་མི་སྣ་སྔར་ལས་མང་པོ་དགོས་པ་གསལ་བོར་ཤེས། འདི་ལྟ་བུའི་བོད་སྐད་སྙན་སྒྲོན་པའི་དཔུང་ཁག་ཆེན་པོ་ཞིག་ཡོད་པས་ང་ཚོའི་ལས་གནས་ཀྱི་གལ་ཆེན་རང་བཞིན་དང་ཕྲག་ཏུ་བབས་པའི་འགན་ཁུར་ལྕི་བ་གསལ་བཤད་བྱས་ཡོད། དེ་བས། ང་ཚོ་ཚང་མ་ལྟ་མཁན་དང་ཉན་མཁན་གྲོགས་པོ་ཚོའི་དགའ་བསུ་ཐོབ་ཅིང་། སྨྲ་ལྕེ་ལ་བརྟེན་ནས་ཁོ་ཚོའི་ཡིད་སེམས་འགུག་ཐུབ་པའི་བོད་སྐད་ཀྱི་ཆེད་ལས་སྙན་སྒྲོན་པ་ཕུལ་བྱུང་ཅན་ཞིག་ཏུ་འགྱུར་བར་འབད་འཐབ་བྱ་དགོས།
       
ང་རང་གཞི་རིམ་དུ་སོང་ཐེངས་རེར་བོད་སྐད་ཀྱི་སྙན་སྒྲོན་ཆེད་ལས་པ་མི་ཉུང་བ་ཞིག་གིས་རང་ཉིད་ཀྱི་ལས་དོན་ལ་གཡག་ལྟོགས་རྩྭ་ལ་རྔམ་པ་ནང་བཞིན་རེ་སྙེག་གིས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱང་ནས་ལེ་ཚན་གྱི་སྤུས་ཀ་ཇེ་བཟང་དུ་གཏོང་བར་འབད་ཀྱིན་ཡོད་པ་དང་། ཞིང་ཆེན་ཕྱི་ནང་གི་གསོ་སྦྱོང་གང་རུང་ལ་འགྲོ་བའི་གོ་སྐབས་བྱུང་བའི་དུས་སུའང་། ང་དང་ང་ལྟ་བུའི་གཞི་རིམ་གྱི་བོད་སྐད་སྙན་སྒྲོན་པ་སྐོར་ཞིག་གིས་ངང་བས་ཆུ་ལས་འོ་མ་ལེན་པ་ལྟར་བཤད་ཐབས་ཕྱོགས་ཀྱི་ཤེས་བྱ་མཐའ་དག་ལ་སློབ་སྦྱོང་བྱེད་བཞིན་ཡོད་ལ། ཆེད་ལས་མ་ཡིན་པའི་བཟོ་གྲྭའི་སྙན་སྒྲོན་པ་དང་། ཁེ་ལས་ཀྱི་སྙན་སྒྲོན་པ་དག་གིས་ཀྱང་འདིའི་ཕྱོགས་སུ་བརྩོན་འགྲུས་ཀྱི་རྟ་ཕོ་ལ་ཤེས་རབ་ཀྱི་ལྕག་གིས་བསྐུལ་ནས་རང་ཉིད་ཀྱི་ཁོར་ཡུག་ཀུན་ཏུ་འཁྱུག་རྩལ་ངོམ་བཞིན་ཡོད།
       
དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར་སྒྱུ་རྩལ་པའི་ཟིལ་ཤུགས་ནི་ཡིད་འགུགས་ཀྱི་ནུས་པ་ལས་ངོམ་པ་ཡིན་རུང་། སྙན་སྒྲོན་པས་རང་ཉིད་ཀྱི་སྨྲ་སྒོ་ཁོ་ནར་བརྟེན་ནས་ལྟ་མཁན་གྲོགས་པོ་དག་གི་སྤྲོ་སྣང་འགུག་པ་ནི་སྒྱུ་རྩལ་གཞན་པ་དང་བསྡུར་ན་ལྷག་ཏུ་དཀའ་བ་ཞིག་ཡིན། རྒྱུ་མཚན་ནི། སྒྱུ་རྩལ་གཞན་པ་ཞབས་བྲོ་ལྟ་བུ་ལ་མཚོན་ན། གར་སྟེགས་སྟེང་དུ་ལྟད་མོ་བའི་ཡིད་སེམས་འགུག་སྲོལ་རྣམ་པ་སྣ་ཚོགས་ཡོད་དེ། གཟུགས་བཟོ་ལྟ།  འཆམ་སྟངས། བཤད་ཞོར་རྩེད་ཞོར། ཐ་ན་རྩེད་མཚར་གཅིག་གིས་ལྟ་མཁན་དག་གི་ཡིད་སེམས་འགུག་ཐུབ། བོད་སྐད་ཀྱི་བརྙན་འཕྲིན་ཆེད་ལས་སྙན་སྒྲོན་པས་རང་ཉིད་ཀྱི་སྨྲ་ལྕེ་ཁོ་ནར་བརྟེན་ནས་ལྟ་མཁན་དག་གི་བློ་ཁ་འགུག་རྒྱུ་ནི་སྒྱུ་རྩལ་ཡོད་ཚད་ཀྱི་ནང་ནས་ཆེས་དཀའ་མོ་ཞིག་ཡིན་པར་འདོད། ཡང་གཅིག་བཤད་ན། ས་གནས་རང་བཞིན་གྱི་རང་སྒྲུབ་བརྙན་འཕྲིན་ལས་ཁུངས་མང་ཆེ་བས་སྐུད་ཡོད་གློག་རླབས་དང་སྐུད་མེད་གློག་རླབས་ལ་བརྟེན་ནས་ལྟ་མཁན་གྲོགས་པོ་ཚོའི་སྤྱན་ལམ་དུ་རང་རང་གི་ལེ་ཚན་བསྒྲགས་གཏོང་བྱེད་བཞིན་ཡོད་པས་བརྡ་རྟགས་སོགས་ཀྱི་རྐྱེན་གྱིས་འཆར་ངོས་ཀྱི་དྭངས་ཆ་དེ་འདྲ་མི་བཟང་བའི་ཁར། བརྙན་རིས་ཀྱིས་ལྟ་མཁན་གྱི་མིག་དབང་ཐོག་མར་དྲངས་པ་རེད། དེ་བས་བརྙན་སྒྲོན་པའི་གསལ་བཤད་དེ་ངང་ངམ་ཤུགས་ཀྱིས་མཉམ་འཇོག་བྱེད་ས་ཕལ་བར་གྱུར་པས་སྨྲ་ལྕེ་ཡིས་ལྟ་མཁན་དག་གི་རྣ་དབང་འགུག་པར་བར་ཆད་ཐེབས་སྲིད་པས་སྙན་སྒྲོན་པའི་ཆུ་ཚད་ཚད་མཐོ་ཤོས་ཤིག་ལ་ཐོན་མེད་ན་ལྟ་མཁན་དག་གི་ཡིད་སེམས་འགུག་ཐུབ་རྒྱུ་ཕར་ཞོག སྟབས་མ་ལེགས་ན་རྒྱང་སྒྲོག་བརྙན་འཕྲིན་འཕྲུལ་ཆས་ཀྱི་སྒོ་རྒྱག་པའི་ཉེན་ཁའང་ཆེ། གནས་ལུགས་འདིས་ང་ཚོར་བསྟན་པ་ནི། རང་ཉིད་ཀྱི་སྨྲ་ལྕེའི་ཆུ་ཚད་དེ། རིག་པ་ནངས་པར་འཆི་ཡང་བསླབ་ཞེས་པ་ལྟར་དུས་དང་རྣམ་པ་ཀུན་ཏུ་སྦྱངས་ནས་བྱང་ཆ་ལྡན་པ་ཞིག་ལ་མཐོར་འདེགས་གཏོང་དགོས་པ་ལས་ལྟག་ཆུ་ཆད་པའི་རྫིང་བུ་ཡི་རྗེས་སུ་འགྲོ་མི་ཉན་པ་གསལ་བཤད་བྱས་པ་རེད། དེ་ལྟར་ཡིན་ཡང་། བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལས་དོན་གྱི་འཐབ་ཕྱོགས་སུ་དུས་རབས་བཅུ་དགུ་པའི་ལོ་རབས་ལྔ་བཅུ་ནས་བཟུང་མཚན་སྙན་གྲགས་ཡོད་པའི་སྙན་སྒྲོན་པའི་དཔུང་ཁག་ཆར་རྗེས་ཀྱི་ཤ་མོ་བཞིན་བྱུང་ནས། ཉན་མཁན་དང་ལྟ་མཁན་གང་མང་གིས་གདེང་འཇོག་བླ་མེད་ཐོབ་དང་ཐོབ་མུས་སུ་མཆིས། དཔེར་ན་རྒན་ཕུར་བ་དང་འཇམ་དབྱངས་བློ་གྲོས། ཀླུ་མོ་དང་དབྱངས་ཅན་སོགས་ལྟ་བུ་རེད། ཁོ་ཚོ་དུས་ཀྱི་འཁོར་འགྲོས་ཀྱི་དབང་གིས་རྒས་ཤིང་འཁོགས་རུང་མང་ཚོགས་ཁྲོད་ཁོ་ཚོའི་བག་ཆགས་དེ་དུས་ནམ་ཡང་རྒས་མི་སྲིད་ལ་སྔོན་ཆད་ཀྱི་ལེ་ཚན་དེ་དག་ལ་ཕྱིར་ཉན་དང་ཕྱིར་ལྟ་རེ་བྱས་ཚེ་ཁོ་ཚོའི་ལང་ཚོ་དེ་ནམ་ཡང་ཉམས་པ་མེད། ང་ཚོ་ལ་ཁོ་ཚོའི་ཁྲིད་སྟོན་དང་རྒྱབ་རྟེན་ཡོད་པས་གཞན་གྱི་རིག་གནས་ལ་ཡིད་སྨོན་སྐྱེ་མི་དགོས་པར་རང་གིས་སྡུག་རུས་བྱེད་ཐུབ་མིན་ལ་ཐུག་ཡོད་པ་ཤེས་ཐུབ། ཁོ་ཚོ་ནི་ང་ཚོའི་གཟི་བརྗིད་དང་འཚོ་རྟེན་ཡིན། རྒན་ཕུར་བ་ལགས་ཀྱིས་བདག་ལ་འདི་ལྟར་བཤད་མྱོང་། རང་ཉིད་ཀྱི་དགའ་ཕྱོགས་ནི་ཆེས་མཆོག་ཏུ་གྱུར་པའི་དགེ་རྒན་ཡིན་ཟེར། ངོ་མ་རེད། ང་ཚོའི་བོད་ཁུལ་དུའང་འདི་ལྟ་བུའི་དགའ་ཕྱོགས་མཐུན་པའི་བོད་སྐད་ཀྱི་སྙན་སྒྲོན་པ་མང་པོས་ཉམས་མྱོང་བརྗེ་རེས་དང་། ཞན་ཆ་གསབ་རེས་སྒོས་རང་རང་གི་འཇོན་ཐང་དེ་ལས་གནས་སོ་སོར་ངོམ་ཐུབ་ན་ང་ཚོའི་བོད་སྐད་བརྙན་འཕྲིན་འདིའང་མ་འོངས་པ་ན་གཞན་ལ་བརྟེན་མི་དགོས་པར་རང་སྐྱ་ཐུབ་པ་ཞིག་ཏུ་འགྱུར་ཐུབ་པར་ཡིད་ཆེས་བྱེད་ཆོག
       
ད་སྐབས་མི་ལ་ལས་ང་ཚོའི་ལས་དོན་ལ་ཁྱད་གསོད་དང་དམའ་འབེབས་བྱས་ནས། ཆེད་ལས་སྙན་སྒྲོན་པའི་བརྙན་འཕྲིན་ནང་དུ་བཤད་རྒྱུ་དེ་ལས་སླ་མོ་ཞིག་ཏུ་བརྩིས་ཏེ། ང་ཚོར་ཀློག་པ་པོ་ཞེས་འབོད། ཕལ་ཆེར་བོད་ཡིག་ཀློག་ཤེས་པ་ཙམ་གྱིས་ཆོག་པར་འདོད་ཡོད་པ་ནི་ངོ་མས་ཧ་མི་གོ་བའི་གནས་ལུགས་ཁུངས་མེད་ཅིག་རེད། ངས་བལྟས་ན་སྙན་སྒྲོན་བྱ་རྒྱུ་ནི་ངོ་མ་ལས་སླ་མོ་ཞིག་མ་རེད། བོད་སྐད་ཀྱི་ཆེད་ལས་སྙན་སྒྲོན་པ་ཞིག་བྱེད་པར་ཡི་གེ་ཀློག་ཤེས་པ་ཙམ་གྱིས་ཆོག་ན། ཁྱེད་ཀྱིས་སློབ་ཆུང་ལོ་རིམ་གསུམ་པའི་སློབ་མ་ཞིག་ལ་སྙན་སྒྲོན་བྱེད་དུ་བཅུག་ཚེ། དེ་ནི་དགོད་སྤྲོ་བའི་གནས་ཤ་སྟག་ཅིག་ཡིན། དོན་ངོ་མར་བོད་སྐད་ཀྱི་ཆེད་ལས་སྙན་སྒྲོན་པས་བརྙན་འཕྲིན་ནང་དུ་བཤད་པ་ནི། རྩོམ་ཡིག་གི་ནང་དོན་ལ་ཡང་བསྐྱར་གསར་གཏོད་ཀྱི་སྐད་ཆའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན། སྙན་སྒྲོན་པར་ཆབ་སྲིད་ཀྱི་གོ་རྟོགས་ངེས་ཅན་ཞིག་འཛོམ་དགོས་ལ། བསམ་བློ་དང་ཤེས་བྱའི་ཆུ་ཚད་ཀྱང་ངེས་ཅན་ཞིག་འཛོམ་དགོས་པར་མ་ཟད། བཤད་པའི་སྐབས་སུའང་གཞན་གྱི་བློ་ངོར་གསོན་པོ་དྲོན་པོར་འཇོག་ཐུབ་པའི་སྨྲ་ལྕེ་འཛོམ་དགོས་ལ། སྤྱི་ཚོགས་ཀྱི་ཉམས་མྱོང་མི་ཉུང་བ་ཞིག་ཡོད་དགོས། གོང་གི་ཆ་རྐྱེན་འདི་བཞི་བོ་ངེས་པར་འཛོམ་དགོས་པ་ལས་གཅིག་ཀྱང་ཆད་མི་རུང་།
       
བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་དཀྲུགས་འོ་མའི་མར་ལོ་ཞེས་པའི་དཔེ་བཞིན། གསར་འགྱུར་ཞིག་བཤད་དུས་བོད་སྐད་ཀྱི་ཆེད་ལས་སྙན་སྒྲོན་པས་ཇི་ལྟར་གྲ་སྒྲིག་བྱེད་དགོས་པ་དང་། མཐར་ལྟ་མཁན་དང་ཉན་མཁན་རྣམ་པའི་སྤྱན་ལམ་དུ་ཇི་ལྟར་བུད་ན་ད་གཟོད་གསར་གཏོད་བྱེད་ཐུབ་པ་དང་བག་ཆགས་འཇོག་ཐུབ་པའི་སྐོར་ཡིན། དེ་ལ་ཐོག་མར་ཤེས་དགོས་པ་ནི། གསར་འགྱུར་ཀྱི་ཁྱད་ཆོས་གཙོ་བོ་ནི་དོན་དངོས་ཞེས་པའི་ཐ་སྙད་འདི་རེད། དེ་ནི་མི་སྣ་ངོ་མ་དང་བྱ་བ་ངོ་མ། ཁོར་ཡུག་ངོ་མ།  བྱ་དངོས་ངོ་མ། དུས་ཚོད་ངོ་མ་སོགས་ཡིན། དེ་བས་བོད་སྐད་ཆེད་ལས་སྙན་སྒྲོན་པས་བཤད་པའི་སྐབས་སུ་ལྟ་མཁན་དང་ཉན་མཁན་རྣམས་ལ་གོ་བརྡ་གསལ་བོ་ཞིག་འཕྲོད་དུ་འཇུག་ཕྱིར་བཤད་སྲོལ་དང་སྐད་ཆའི་མགྱོགས་ཚད། ཚིག་གི་ལྕི་ཡང་སོགས་གང་ལ་གང་འཚམ་དང་དེ་ལ་དེར་བརྟེན་སྒོས་ཡག་བཤད་ཚད་ངེས་ཅན་ཞིག་བྱས་ན་ཆོག་མོད་ཚད་ལས་བརྒལ་མི་རུང་། དེའི་སྟབས་ཀྱིས་སྙན་སྒྲོན་པའི་ལག་ཏུ་གསར་འགྱུར་རྩོམ་ཡིག་ལེགས་ཤོས་ཤིག་བཤད་རྒྱུ་བྱུང་ཡང་། རང་སེམས་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་གཟབ་ནན་སྒོས་རྩོམ་ཡིག་གིས་རང་ཉིད་ལ་ཁ་ལོ་མི་བསྒྱུར་བར་རང་ཉིད་ཀྱིས་རྩོམ་ཡིག་ལ་ཁ་ལོ་བསྒྱུར་ཐུབ་པའི་གདེང་ཚོད་ཡོད་དགོས། འདི་ཙམ་གྱི་གདེང་ཚོད་མེད་ན་ཁྱོད་ཀྱིས་གཞན་གྱི་བློ་ངོར་རྩོམ་པ་པོའི་རྩོམ་གྱི་ནང་དོན་བྲོ་བ་མ་ཡལ་བ་ཞིག་ཇི་ལྟར་འཇོག སྐབས་རེར་དེ་ལས་ལྡོག་སྟེ་ལྟ་མཁན་དང་ཉན་མཁན་ཚོས་ཁྱེད་ཀྱིས་བཤད་པར་ཡིད་མི་ཆེས་པར་མ་ཟད། གནས་ཚུལ་ཡང་དག་ཡིན་མིན་དང་དོན་དངོས་ཡིན་མིན་ལའང་དོགས་པ་ཟ་རྒྱུ་རེད། དེའི་སྟབས་ཀྱིས་ང་ཚོས་ཡང་དག་པའི་བཤད་སྟངས་ཤིག་གསར་གཏོད་བྱ་དགོས། གསར་གཏོད་ཡང་དག་ཅིག་དང་ཚད་ལྡན་ཅིག་བྱེད་པར་རྩོམ་ཡིག་གི་ནང་དོན་ལ་གོ་བ་ལེན་ཐབས་དང་གོ་བ་བླངས་རྗེས་ལྟ་མཁན་ནམ་ཉན་མཁན་གྱི་བློ་ངོར་འཇོག་ཐབས་གཉིས་ལས་མ་འདས། ཐབས་འདི་གཉིས་ལ་བྱང་ཚེ་ཁྱོད་ཀྱིས་བཤད་པ་ནི་ལྗང་མདོག་གི་རྩྭ་ཐང་དུ་རྟ་གོམ་པ་ཅན་ཞིག་ལ་ཞོན་པ་ནང་བཞིན་རང་བྱུང་དུ་འཐིམ་ངེས་ཡིན།
       
གཅིག རྩོམ་ཡིག་གི་ནང་དོན་ལ་གོ་བ་ལེན་ཐབས། རྩོམ་ཡིག་གི་བརྗོད་བྱའི་སྙིང་བོར་གོ་བ་བླངས་ནས་བློ་ངོར་ངེས་དགོས་ཞེས་པའི་རྒྱུན་མཐོང་གི་སྐད་ཆ་འདི་ནི་ང་ཚོར་གསལ་ཆ་ཆེ་ཡང་། དེ་ལྟར་སྒྲུབ་ཐུབ་རྒྱུ་ནི་ལས་སླ་མོ་ཞིག་གཏན་ནས་མིན།  གོ་ཐོས་མང་བའི་སྐད་ཆ་འདི་ནི་སྨྲ་སྒོ་ཁག་ཐེག་བྱེད་པའི་རྩ་བའི་གཞུང་ལུགས་ཀྱི་མཛུབ་སྟོན་ཡིན་པས་གཤམ་གྱི་ནང་དོན་འདི་དག་གལ་ཆེན་ནང་གི་དོན་ཆེན་དུ་བརྩིས་ནས་འབད་དགོས།
       
1.མ་ཡིག་གི་ནང་དོན་བལ་གསེད་གསེད་ཅིག་བྱས་ནས་མགོ་མཇུག་ཚང་མ་རང་ཉིད་ཀྱི་བློ་ངོར་གསལ་བོ་ངེས་དགོས། དེ་ལྟར་ཡོང་བའི་ཆེད་དུ་མི་ཤེས་ན་རྒན་ལ་དྲིས། མི་རིག་ན་སྒང་ལ་བུད་ཅེས་པའི་དཔེ་ལྟར། རྒན་པ་རྣམས་ཀྱི་ཉམས་མྱོང་ལེན་པའི་དུས་མཚུངས་སུ་རང་ཉིད་ཀྱིས་མིང་དང་ཚིག་ལ་གཅིག་གཅིག་གཉིས་གཉིས་སུ་གཟབ་ནན་སྒོས་དཔྱོད་དགོས། ཐ་ན་དོགས་གཞི་ཙམ་ཡང་མེད་པར་བྱ་དགོས། དེ་ལྟར་མ་བྱས་པའི་མཇུག་འབྲས་ང་རང་ཉིད་ཀྱིས་དངོས་སུ་མཐོང་མྱོང་བའི་ཉམས་མྱོང་ཞིག་དཔེར་དྲངས་ནས་གསལ་བཤད་བྱས་ན། ཉིན་ཞིག་ང་ཚོའི་ལས་ཁུངས་ནང་གི་སྙན་སྒྲོན་པ་ག་གེ་མོས་གསར་འགྱུར་རྩོམ་ཡིག་གཅིག་བཤད་པ་རེད། ཁོ་མོ་རྒན་པ་ཡིན་པའི་ཁར་ཉམས་མྱོང་ངེས་ཅན་ལྡན་ལ། ཕོ་ཚོད་དང་རང་རློམ་ཀྱང་ཆེ་བས། དུས་རྒྱུན་པར་གྲ་སྒྲིག་མི་བྱེད་པར། ལག་ཏུ་རྩོམ་ཡིག་འབྱོར་མ་ཐག་ཐད་ཀར་སྒྲ་ལེན་ཁང་དུ་སོང་ནས་བཤད་པའི་གོམས་སྲོལ་ཞིག་ཆགས་ཡོད། གསར་འགྱུར་དེའི་ནང་དུ་སྐབས་དེར་གསར་དུ་བདམས་ཐོན་བྱུང་བའི་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཧོ་ཧུང་ཐའོ(郝洪涛)ཡི་མིང་ཡོད་པར་ཁོ་མོས་རྒྱ་ཡིག་གི་རུས(郝)ལ་གཟུགས་ཕལ་ཆེར་འདྲ་བའི(赤)ཡི་གདངས་ལྟར་བཏོན་པས་གོང་རིམ་ལས་ཁུངས་ཀྱིས་རྩད་གཅོད་ནན་མོ་བྱས་པ་རེད། ང་ཚོའི་སྙན་སྒྲོན་པས་རྩོམ་ཡིག་རྣམ་པ་སྣ་ཚོགས་བཤད་དགོས་པར་མ་ཟད་རྩོམ་པ་པོ་གང་མང་གི་ཕག་བྲིས་སྣ་ཚོགས་ལ་ལྟ་དགོས་པས་རིག་པ་མ་སྒྲིམ་པར་དང་ལྷོད་ཤོར་བའམ་ཡང་ན་མིག་གིས་བལྟས་པར་དང་ལྷོད་ཅུང་ཙམ་ཤོར་ཚེ་གནད་དོན་འབྱུང་བའི་ཉེན་ཁ་ཤིན་ཏུ་ཆེ།  དེ་བས་ཡིག་འབྲུ་རེ་རེར་ཧ་ཅང་གཟབ་ནན་བྱ་དགོས།
       
2.ཚིག་གི་གཅོད་མཚམས་གསལ་བོར་ངེས་དགོས། ཐོག་མར་ཁྱོད་ཀྱིས་རྩོམ་ཡིག་གི་ནང་དོན་ལ་གོ་བ་གསལ་བོ་ཞིག་མ་ལོན་ཚེ་ཚིག་གི་གཅོད་མཚམས་འགྲིག་ཐབས་མེད། ཚིག་གི་གཅོད་མཚམས་མ་འགྲིག་ན་ཁྱོད་ཀྱིས་ལྟ་མཁན་དང་ཉན་མཁན་ལ་རྩོམ་ཡིག་གི་ནང་དོན་རྩམ་དྲི་མ་ཡལ་བ་ཞིག་བཤད་སྲོལ་མེད། དཔེར་ན། ཁྱོད་སྒོ་ཁར་སོང་ནས་རྒྱང་ལྟ་བྱོས་ལྟ་བུའི་ཆེས་རྒྱུན་ལྡན་གྱི་ཚིག་རྐང་གཅིག་དཔེ་རུ་དྲངས་ནས་བཤད་ན། སྙན་སྒྲོན་པས་བཤད་པའི་སྐབས་སུ། ཁྱོད། སྒོ་ཁར་སོང་ནས། རྒྱང་ལྟ་བྱོས། ཞེས་ཚིག་མཚམས་གཅོད་དགོས་པ་ལས། ཁྱོད་སྒོ་ཁར་སོང་། ནས་རྒྱང་ལྟ་བྱོས་ཞེས་བཤད་སྲོལ་མེད་པ་ལྟ་བུ་རེད། འདི་དང་འདི་ལྟ་བུའི་ཚིག་གི་གཅོད་མཚམས་ནོར་བ་ཡིས་གཞན་པར་རྩོམ་ཡིག་གི་ནང་དོན་གོ་བརྡ་སྤྲོད་རྒྱུ་ཕར་ཞོག་ཐ་ན་བཤད་ཚར་རྗེས་ཅི་ཞིག་བཤད་སོང་བ་སྙན་སྒྲོན་པ་རང་གིས་ཀྱང་མི་ཤེས་པ་མང་ཆེ་ཤོས་ཡིན།  མི་རློམ་ན། ནམ་ཞིག་ལ་ཁྱེད་ཀྱིས་རང་གི་ལས་ཁུངས་ནང་ནི་སྙན་སྒྲོན་པར་དེ་རིང་གི་གསར་འགྱུར་ནང་དུ་ནང་དོན་གང་དག་ཡོད་ཅེས་དྲིས་དང་།  སྙན་སྒྲོན་པ་མང་ཆེ་བར་གསལ་བོ་ཞིག་བཤད་རྒྱུ་མེད་པ་ཁོ་ཐག་ཡིན།
       
3.རྩོམ་ཡིག་གི་ནང་དོན་ལ་གོ་བ་བརྡར་ཤ་ཆོད་པ་ཞིག་ལོན་རྗེས། ཚིག་གི་ལྕི་ཡང་ངམ་སྐད་ཆའི་ཆོས་ཉིད་ལྟར་བཤད་དགོས། ཚིག་གི་ལྕི་ཡང་ཞེས་པ་དེ་དོན་ངོ་མར་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་སྐད་ཆ་བཤད་སྲོལ་གྱི་ཆོས་ཉིད་ཡང་དག་པ་དེ་ལ་གོ་དགོས། ང་ཚོར་རང་ཉིད་ཀྱི་ཡི་གེ་འཛམ་གླིང་ལ་ངོམ་ཆོག་ཆོག་ཅིག་ཡོད་ཀྱང་། སྤྱི་སྐད་རྣལ་མ་ཞིག་མེད་པས་ཡི་གེའི་གདངས་བོད་ཁུལ་ཡོངས་རྫོགས་ལ་གཅིག་མཐུན་ཞིག་ཡོང་རྒྱུ་དཀའ་བའི་གནས་ཤིག་ཏུ་ལྷུང་ཡོད་ནའང་། ཕྱོགས་རིས་དང་རྒྱལ་ཕམ་གྱི་ལྟ་བ་རྒྱང་དུ་བསྐྱུར་ནས་ཐུན་མོང་གི་དམིགས་འབེན་གཅིག་ལ་འབད་ན། ནམ་ཞིག་སྤྱི་སྐད་ཀྱི་ཕུང་བོ་གསུམ་པ་ཞིག་འབྱུང་བར་ཡིད་ཆེས་བྱེད་ཆོག དེ་བས་ད་ནས་བཟུང་། བོད་མི་ཞིག་ཡིན་ཕྱིར་དེའི་ཕྱོགས་ལ་བློ་ཁ་ཕྱོགས་དགོས་པ་མ་ཟད། གནའ་བཟང་དེང་སྤྱོད་དང་སྙིགས་དོར་བཅུད་ལེན་བྱ་དགོས། འོ་ན་སྐད་ཆ་བཤད་པའི་ཆོས་ཉིད་ནི་གང་འདྲ་ཞིག་རེད་ཟེར་ན། དེ་ནི་ཉི་མ་བརྒྱ་ལ་བཤད་རྒྱུ་དང་ཉིན་མཚན་བརྒྱ་ལ་འདོན་རྒྱུ་ཡི་དཔེ་ལྟར་ཤིན་ཏུ་མང་མོད།  སྐབས་འདིར་སྐད་ཆ་རིང་ན་ཉོག་འགྲོ སྐུད་པ་རིང་ན་ཆད་འགྲོ་ཞེས་པའི་དཔེ་ལྟར་འགྱུར་ཉེན་ཆེ་བར་དོགས་ནས་མང་པོ་མི་གླེང་བར། ཚིག་ཉུང་ཉུང་ཞིག་གིས་བག་ཆགས་ཙམ་འཇོག་པའམ་བློ་སྒོ་ཙམ་འབྱེད་ཆེད་རང་བློས་དཔག་ཚོད་ཅིག་དཔེ་དང་བཅས་ཏེ་བཤད་ན། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས། ཅེས་པའི་ལས་ཁུངས་ཀྱི་མིང་འདི། ཉིན་རེ་རེའི་ལེ་ཚན་སྔོན་བརྡའི་སྔོན་དུ་ཐེངས་གཉིས་ལ་བཤད་དགོས་པ་དཔེར་བྱས་ན། ཀན་ལྷོ་མི་དམངས་ནི་ཚིག་ལྕི་མོར་འཇོག་དགོས་པ་དང་རླུང་འཕྲིན་ལས་ཁུངས་ནི་ཚིག་ཡང་མོར་འཇོག་དགོས་པ་ཡིན། དེ་ལྟར་མ་ཡིན་པར། ཀན་ལྷོ་དང་ཀུན་ཁྱབ་གཉིས་ཚིག་ལྕི་མོར་འཇོག་པ་དང་མི་དམངས་དང་རླུང་འཕྲིན་གཉིས་ཚིག་ཡང་མོར་བཞག་ནས་བཤད་ན་ངོ་མས་ཉན་ན་མི་བདེ་བའི་ཚོར་བ་ཞིག་སྟེར་བ་འདིས་ཁྱོད་ཀྱི་བཤད་སྲོལ་དེ་སྐད་ཆའི་ཆོས་ཉིད་དང་འགལ་ཡོད་པ་གསལ་བཤད་བྱས་པ་རེད།
       
གཉིས། རྩོམ་ཡིག་གི་ནང་དོན་གསོན་པོ་གཞན་གྱི་བློ་ངོར་འཇོག་ཐབས། རྩོམ་ཡིག་གི་ནང་དོན་ལ་གོ་བ་ལེན་པ་ནི་གཞན་གྱི་བློ་ངོར་འཇོག་པའི་རྨང་གཞིའམ་སྔོན་འགྲོའི་ཆ་རྐྱེན་ཡིན་མོད། གོ་བ་ལོན་པ་ནས་རྩོམ་ཡིག་གི་ནང་དོན་ཇི་བཞིན་དུ་ལྟ་མཁན་ནམ་ཉན་མཁན་གྱི་བློ་ངོར་འཇོག་པའི་བར་དུ་བརྒྱུད་རིམ་ངེས་ཅན་ཞིག་བརྒྱུད་དགོས། བརྒྱུད་རིམ་དེ་ནི་སྐད་ཆའི་སྒྱུ་རྩལ་གྱི་གསར་གཏོད་རེད། སྐད་ཆའི་སྒྱུ་རྩལ་གྱི་གསར་གཏོད་འདིའི་ཆེད་དུ་སྙན་སྒྲོན་པ་མི་ཉུང་བ་ཞིག་གིས་རྩོམ་ཡིག་གི་ནང་དོན་ལ་གོ་བ་ཟབ་མོ་ཞིག་བླངས་པར་མ་ཟད་བློ་ལ་བཟུང་ཡང་། བཤད་པའི་དུས་སུ་གསལ་བོ་དང་གསོན་ཉམས་ལྡན་པ་ཞིག་བཤད་མི་ཤེས།  ཡང་ལ་ལ་ཞིག་གིས་བཤད་པའི་མགོ་ཚུགས་མ་ཐག་རང་ཉིད་ལ་ལྷན་སྐྱེས་སུ་ཡོད་པའི་སྐད་གདངས་ངོ་མ་དེ་འགྱུར་ནས་བཙུར་སྐད་ཅིག་ཐོན་པར་མ་ཟད། དབུགས་ཁ་ཡང་ལེན་མི་བདེ་བའི་སྣང་བ་ཞིག་སྟེར་ལ། དབུགས་ཁམ་གང་བོ་དེ་ཚར་རག་བར་དུ་བཤད་པའི་ཚིག་ཐོག་མ་དེ་མཐོ་ལ།  ཆེས་རྗེས་མ་དེ་དམའ་དྲགས་པས་ཉན་ན་རྣར་མི་བདེ། ཡང་འགའ་རེ་དབྱངས་རྟ་ཞིག་གིས་བཅིངས་ནས་སྐད་ཆའི་ཆོས་ཉིད་ལྟར་བཤད་པར་ཚད་མི་འདྲ་བའི་བར་ཆད་ཐེབས་ཀྱིན་ཡོད། གནད་དོན་འདི་དག་ནི་ཐག་གཅོད་མི་ཐུབ་པ་ཞིག་མིན་ཏེ། དེ་ནི་གཞན་གྱི་རིག་གནས་ཀྱི་ཤན་ཤུགས་མ་ཐེབས་པའི་བོད་སྐད་གཙང་མ་ཞིག་བཤད་པའི་བཤད་ཐབས་ལ་མཁས་པས་ཆོག མིའི་རིགས་བྱུང་བ་ནས་བཟུང་། ཕན་ཚུན་ལ་བརྡ་སྤྲོད་པའི་ཆེད་དུ་ཐོག་མར་སྐད་ཆ་བཤད་པ་དང་དེ་ནས་ཡི་གེ་བྱུང་བ་རེད། རྩོམ་ཡིག་དང་རྩོམ་རིག་བརྩམས་ཆོས་ཚང་མ་ནི་མི་རྣམས་ཀྱིས་བཤད་འདོད་པའི་སྐད་ཆ་དེ་ཡི་གེའི་གཟུགས་ཤོག་སྟེང་དུ་བྲིས་ཏེ། རང་ཉིད་ཀྱི་བསམ་བློ་དང་ཉམས་མྱོང་སོགས་མི་གཞན་པ་དང་ཕྱི་རབས་པར་བརྗེ་རེས་བྱེད་སྤྱད་བྱས་པའི་ཡིག་སྐད་རེད།  དེའི་སྟབས་ཀྱིས་སྙན་སྒྲོན་པ་ནི། རང་ཉིད་ཀྱིས་བཤད་འདོད་པའི་སྐད་ཆ་བཤད་མཁན་དེ་མིན་པར། རྩོམ་པ་པོ་ཞིག་གི་བསམ་བློ་དེ་སྙན་སྒྲོན་པས་རང་ཉིད་ཀྱི་སྐད་ཆའི་ལམ་ནས། ལྟ་མཁན་ནམ་ཉན་མཁན་ཚོར་བཤད་དེ་ཤེས་སུ་འཇུག་པའི་སྐད་བསྐུར་མཁན་ལྟ་བུ་རེད། དེ་བས། གཤམ་གྱི་ཆ་རྐྱེན་འདི་དག་ནི་སྐད་བསྐུར་བཤད་པའི་ཐབས་དམ་པ་ཡིན།
       
1.སྙན་སྒྲོན་པ་ཞིག་ཡིན་པའི་ཆ་ནས་ངེས་པར་སྤྱི་ཚོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་འཛོམ་དགོས། དེ་ལྟར་ཡིན་ན་ད་གཟོད་རང་ཉིད་ཀྱིས་བཤད་དགོས་པའི་རྩོམ་པ་པོའི་བསམ་བློ་དེ་རང་ཉིད་ཀྱིས་དངོས་སུ་མཐོང་བ་ལྟ་བུ་ཞིག་བློ་ངོར་ལེན་ཐུབ། རང་ཉིད་ཀྱི་བློ་ངོར་དེ་འདྲའི་གསལ་བོ་ཞིག་བླངས་རྗེས། ད་གཟོད་ལྟ་མཁན་ནམ་ཉན་མཁན་ཚོར་རང་ཉིད་ཀྱི་སྐད་ཆའི་ངོས་ནས་དམར་བཤད་བྱེད་ཐུབ། དེ་ལྟར་བཤད་ཐུབ་ཚེ། ཁོ་ཚོའི་བློ་ངོར་ཡང་རང་ཉིད་ཀྱིས་དངོས་སུ་མཐོང་བ་ལྟ་བུའི་བག་ཆགས་འཇོག་ཐུབ། དེ་ནི་སྤྱི་ཚོགས་ཀྱི་ཉམས་མྱོང་གིས་སྙན་སྒྲོན་པར་སྐད་ཆ་བཤད་ཤེས་སུ་བཅུག་པའི་མཐོང་མི་ཐུབ་པའི་སྟོབས་ཤུགས་རེད།
       
2.བཤད་འདོད་དྲག་པོ་སྐྱེ་དགོས། བཤད་འདོད་སྐྱེ་མི་སྐྱེ་དེ་ནི་ནང་སེམས་ཀྱི་འགྱུར་བ་དེ་ཕྱིའི་རྣམ་འགྱུར་ལས་མངོན་པའི་ཚུལ་ཞིག་ཡིན་པ་ང་ཚོས་ཤེས་པ་ལྟར་ཡིན། ཁྱོད་ལ་བཤད་འདོད་ཡོད་ཚེ་ད་གཟོད་སྐུལ་སློང་དེ་སྒུལ་ཤུགས་སུ་འགྱུར་ངེས།  སྒུལ་ཤུགས་དེ་ལ་བརྟེན་ནས་རྩོམ་གྱི་ནང་དོན་ལྟར་སྐད་ཆའི་གདངས་ལ་ངང་ངམ་ཤུགས་ཀྱིས་འགྱུར་བ་ཡོད་ངེས་ཡིན། དེ་འདྲ་ཡིན་ན་ད་གཟོད་རང་ཉིད་ཀྱིས་བཤད་ཤེས་ལ་ལྟ་མཁན་དང་ཉན་མཁན་དག་གིས་ཀྱང་གོ་སླ།
       
3.སྐད་ཆར་གསོན་ཉམས་ལྡན་དགོས། ཚིག་འདིའི་ནང་དོན་ནི་གསོན་ཉམས་ལྡན་དུ་འཇུག་ཆེད་སྐད་གསེང་མཐོན་པོས་བཤད་དགོས་པའམ། ངག་འཇམ་པོས་བཤད་དགོས་པ། ཡང་ན་མགྱོགས་པོར་བཤད་དགོས་པའམ་དལ་མོར་བཤད་དགོས་པ་ཞིག་མིན་པས། སྐད་ཆ་བཤད་པའི་སྐབས་སུ་ནང་དོན་དང་སྐད་གདངས་གཉིས་གང་ལ་གང་མཁོ་དང་དེ་ལ་དེ་བསྟུན་བྱས་ཏེ་ཚད་གཞི་ཞིག་ཡོད་དགོས་པའི་དོན་ཡིན།
       
4.ཚིག་གི་མཚམས་གཅོད་ཤེས་པ་དང་འབྲེལ་ཤེས་དགོས། ང་ཚོས་རྒྱུན་ལྡན་འཚོ་བའི་ཁྲོད་བཤད་བཞིན་པའི་སྐད་ཆའི་གཅོད་མཚམས་ནི། སེམས་ཁམས་ཀྱི་འགྱུར་བ་ལྟར་བཅད་པ་ཡིན་པས་སྐབས་ལ་ལར་བཤད་མཚམས་བཞག་ནས་ཡུན་ཙམ་འདུག་པ་དང་། མཚམས་ལན་རེར་གཅིག་འཕྲོར་གཅིག་མཐུད་ནས་རྔམ་བཤད་བྱེད་ཀྱིན་ཡོད་པ་ལས། དབུགས་ཁམ་གང་གི་རིང་ལ་བཤད་འདོད་པ་ཚང་མ་བཤད་ནས་ཚར་དུ་བཅུག་པ་མིན། དེ་བས་སྙན་སྒྲོན་པས་བཤད་པའི་སྐབས་སུ། རང་ཉིད་ཀྱིས་ཚོད་འཛིན་བྱེད་མི་ཤེས་པའི་སྐད་ཆའམ་ནང་དོན་དེ། རང་ཉིད་ཀྱི་ཁོར་ཡུག་གི་མང་ཚོགས་ཚོས་ཇི་ལྟར་བཤད་པར་བསམ་བློ་རེ་བཏང་ན། དེས་ཁྱེད་ལ་ཕན་ཐོགས་པར་མ་ཟད་བློ་རྒྱ་ཆེན་པོ་བསྐྱེད་ངེས་ཡིན། མང་ཚོགས་ཁྲོད་ཀྱི་བཤད་སྟངས་དེ་དག་ནི་ཁྱེད་རང་ལ་དམར་ཁྲིད་བྱེད་པའི་མ་དཔེ་ངོ་མར་བརྩི་ཆོག འོ་ན་ཚིག་གི་གཅོད་མཚམས་ཇི་ལྟར་གཏན་ལ་འབེབས་རྒྱུ་ཡིན་ཟེར་ན། དེ་ལ་མཚམས་གཅོད་སྲོལ་གཉིས་ཡོད་དེ། གཅིག་ནི་གཙོ་བོ་ཤད་དང་ཕྲད་ཀྱི་དགོས་དབང་ལྟར་བཅད་པ་དེ་ཡིན་པས། གཞུང་ལུགས་དང་གཏན་ནས་འགལ་མི་རུང་། གཅིག་ཤོས་ནི་ཚིག་གི་ནང་དོན་དང་སྐད་ཆའི་འགྱུར་བ་ལྟར་གཅོད་ཀྱིན་ཡོད་པས་སེམས་ཁམས་དང་འབྲེལ་བ་རེད། གནས་ལུགས་འདི་གཉིས་ངེས་པར་བརྩི་དགོས་པར་མ་ཟད་བརྩི་ཡང་ཤེས་དགོས།
       
5.སྐད་གདངས་ཀྱི་མཐོ་དམའ། དེ་ནི་སྐད་ཆ་ཚིག་གཅིག་གི་མཐོ་དམའ་དང་། རྩོམ་ཡིག་གཅིག་གི་ནང་དོན་ཡོངས་རྫོགས་བཤད་ནས་ཚར་རག་བར་གྱི་མཐོ་དམའ་གཉིས་ལ་གོ་དགོས། དུས་རྒྱུན་དུ་སྐད་ཆ་བཤད་སྐབས་གྲྭ་བ་ཚོས་ཆོས་གསུངས་པ་ལྟར་མཐོ་དམའ་གཅིག་གི་སྟེང་ན་མེད་པར། དགའ་སྡུག་སྐྱོ་གསུམ་གྱི་སེམས་ཁམས་དང་བསྒྲགས་ནས་མཐོ་དམའ་རབ་འབྲིང་སོགས་འགྱུར་ལྡོག་སྣ་ཚོགས་ཀྱི་སྒོ་ནས་བཤད་པ་ནི། སྐད་ཆ་ཚིག་རེ་རེའི་གདངས་ཀྱི་མཐོ་དམའ་རེད། འོ་ན་རྩོམ་ཡིག་ཡོངས་རྫོགས་ཀྱི་མཐོ་དམའ་ཇི་ལྟར་ཚོད་འཛིན་བྱེད་པ་ཡིན་ཟེར་ན། དེ་ནི་རྩོམ་ཡིག་དེའི་ནང་དོན་སྤྱིའི་ཆ་ལ་རག་ལས་ཡོད། དཔེ་སླ་མོ་ཞིག་བླངས་ནས་བཤད་ན། དུས་ཆེན་ཞིག་གི་སྤྲོ་དགའི་རྣམ་པ་བཀོད་པའི་རྩོམ་ཡིག་ཅིག་དང་མི་ཞིག་མྱ་ངན་ལས་འདས་པའི་གནས་ཚུལ་བཀོད་པའི་རྩོམ་ཡིག་གཉིས། བཤད་པའི་སྐབས་ཀྱི་སྐད་ཆའི་སྒྱུ་རྩལ་བཀོལ་སྟངས་གོ་ལྡོག་པའི་སྟབས་ཀྱིས། སྐད་གདངས་ལའང་ཁྱད་པར་ཆེན་པོ་འབྱུང་ངེས་པ་ལྟ་བུ་རེད། མདོར་བསྡུས་ན་མཐོ་དམའ་ཡི་ཚད་ཐིག་དེ་རྩོམ་ཡིག་གང་དེའི་མགོ་མཇུག་བར་གསུམ་དུ་བརྙས་དགོས་པ་རེད།
       
6.སྐད་ཆའི་འགྱུར་བག་སྐད་གདངས་ཀྱི་དྲག་ཞན་དང་དབྱངས་རྟའི་འགྱུར་ལྡོག་དེ་བཀོལ་སྤྱོད་བྱེད་ཤེས་ན་ད་གཟོད་ཕ་རོལ་བོས་ཁྱེད་ལ་བཤད་མཁན་ཞེས་ཁས་ལེན་པར་མ་ཟད་སྨྲ་ལྕེ་བདེ་ལ་དག་པའི་བསྔགས་བརྗོད་བྱེད་ངེས་ཡིན།  ཡང་གཅིག་བཤད་ན། བོད་སྐད་ཆེད་ལས་སྙན་སྒྲོན་པའི་ལག་ཏུ་རྩོམ་ཡིག་ཅིག་འབྱོར་བ་ནས་བཟུང་རྩོམ་ཡིག་གི་ནང་དོན་ལ་གོ་བ་ལེན་པ་དང་། གོ་བ་ལོན་པའི་ཆེད་དུ་དུམ་མཚམས་དང་རིམ་པ་དགར་བ། ཚིག་དང་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་ཤེས་སུ་འཇུག་པ།  དེ་ནས་བཤད་པའི་མགོ་ཚུགས་པ་ནས་བཟུང་། ཚིག་གི་གཅོད་མཚམས་དང་སྒྲའི་ལྕི་ཡང་སྟེ་བོད་སྐད་ཀྱི་ཆོས་ཉིད་དང་མཐུན་ཅི་ཐུབ་ལ་འབད་པ། སྐད་ཀྱི་མཐོ་དམའ་དང་དྲག་ཞན་སྐབས་བསྟུན་གྱིས་ཚོད་འཛིན་བྱེད་པ་སོགས་ནི་སྐད་ཆའི་འགྱུར་བག་ལ་རམ་འདེགས་བྱེད་པའི་ཆ་ཡིན། གོང་གི་གོ་བ་ལེན་ཐབས་དང་བློ་ངོར་འཇོག་ཐབས་གཉིས་ལ་གོམས་ནས་བྱང་ཆ་ཡོད་ཚེ། ལྟ་མཁན་དང་ཉན་མཁན་ཚོའི་ཡིད་དབང་ཅིག་ཅར་དུ་འགུག་ཐུབ་པའི་བོད་སྐད་ཀྱི་ཆེད་ལས་སྙན་སྒྲོན་པ་ཞིག་བྱ་ཐུབ་རྒྱུ་ནི་ངོ་མས་སླ་མོར་འགྱུར་ངེས། མི་རློམ་ན་ངས་ཁྱོད་ལ་གོང་གི་ཆ་རྐྱེན་འདི་དག་ཡོངས་སུ་ཚང་བའི་སྙན་སྒྲོན་པ་ཞིག་གིས་བཤད་པའི་བརྩམས་ཆོས་ཤིག་ངོ་སྤྲོད་བྱེད་ལ། དེ་ནི་སྤྱི་ལོ2000ལོར་བོད་ལྗོངས་བརྙན་འཕྲིན་ཁང་དང་མཚོ་སྔོན་བརྙན་འཕྲིན་ཁང་གིས་པར་སྐྲུན་སྒྲིག་སྦྱོར་བྱས་པའི་རྩོམ་པ་པོ་རྡོ་གྲགས་ཀྱི་བརྩམས་ཆོས། ཀུན་གཟིགས་པཎ་ཆེན་གངས་ཅན་དཔལ་དུ་དགེ་ཞེས་པའི་བོད་སྐད་ཀྱི་ཆེད་སྒྲིག་ལེན་ཚན་ལ། བོད་སྐད་ཀྱི་ཆེད་ལས་སྙན་སྒྲོན་པ་རྒན་ཕུར་བ་ལགས་ཀྱིས་གསལ་བཤད་བྱས་པ་དེ་ཡིན། བརྙན་ཐག་འདི་ཐོག་དང་པོར་འཁོར་སྐར་འཕྲིན་ལམ་ནས་བཏང་མ་ཐག་ལྟ་མཁན་གྲོགས་པོ་གང་མང་ཞིག་གིས་འཕྲིན་ཡིག་བསྐུར་བ་དང་སྐད་བསྐུར་བ་སོགས་ཀྱི་ལམ་ནས་སྤུས་ལེགས་པའི་རྩོམ་ཡིག་ལ་སྙན་སྒྲོན་པས་གསོན་ཤུགས་བསྣན་ཡོད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་མྱོང་བར་མ་ཟད་། ད་རུང་ལྟ་མཁན་སྐོར་ཞིག་གིས་གདེང་འཇོག་འདི་ལྟར་བྱས་ཡོད་དེ། བོད་སྐད་ཆེད་ལས་སྙན་སྒྲོན་པས་གསལ་བཤད་བྱས་པའི་བརྙན་ཐག་འདིར། མིག་གིས་བལྟས་པ་ལས་རྣ་བས་ཉན་ན་བག་ཆགས་དེ་ལས་ཀྱང་གཏིང་ཟབ་མོ་ཞིག་འཇོག་ཐུབ་ཅེས་ཟེར། འདི་ནི་གོང་དུ་བཤད་པའི་ཐབས་དེ་དག་ཡོངས་སུ་བཀོལ་སྤྱོད་བྱས་ནས་བཤད་པའི་མ་དཔེ་གསོན་པོ་ཞིག་ཡིན་ཕྱིར། ཁྱེད་ཅག་སྙན་སྒྲོན་པ་དག་གིས་ངེས་པར་ཚད་མར་འཛིན་འོས། གདེང་འཇོག་འདི་རིགས་ནི་ཤིན་ཏུ་རྟོགས་སླ་བའི་གནས་ལུགས་ཤིག་སྟེ། མི་ཚེ་གང་བོའི་གཅེས་ཕྲུག་འཆི་ཁའི་ཉིན་མོའི་མགོ་སྐྱོར་ཡིན་ཞེས་པའི་དཔེ་ལྟར། ང་ཚོ་སྙན་སྒྲོན་པར་ཡང་བོད་ཡིག་ཤེས་པ་ཙམ་དང་འདོན་ཤེས་པ་ཙམ་གྱིས་མི་ཆོག་པར། གོང་སྨྲས་ཀྱི་ཐབས་དམ་པ་འདི་གཉིས་ལ་འབད་དགོས་པ་གསལ་བོར་བསྟན་པ་ཡིན། བློ་དམན་བདག་གིས་མི་ཤེས་ཤེས་ཁུལ་དང་ཤེས་པ་ཁོག་རུལ་མ་བྱས་པར་རང་ཉིད་ཀྱི་ལོ་ངོ་ཉི་ཤུའི་རིང་གི་ཉམས་མྱོང་དང་སྦྲགས་ནས་རང་བློས་ཐེག་ཚོད་ཙམ་བྲིས་པ་ནི་རང་ཉིད་ཆེ་འདོད་ཀྱི་མགོ་འཕང་མཐོ་བ་མིན་པར་གཞན་ཕན་གྱི་ལྷག་བསམ་དཀར་པོ་མཚོན་ཕྱིར་དང་། ཐོག་མར་ལས་གནས་སུ་ཞུགས་པའི་བོད་སྐད་ཆེད་ལས་སྙན་སྒྲོན་པ་དག་ལ་བློ་སྒོ་རེ་འབྱེད་ཨེ་ཐུབ་འདོད་ནས་བྲིས་པ་ཡིན། རྒན་རབས་པ་དང་ཉམས་མྱོང་གི་བདག་པོ་ཚོས་ནོར་འཁྲུལ་ཡོད་ས་དག་སྦ་གསང་མེད་པར་ཐེར་འདོན་དང་ལེགས་ཆ་ཡོད་ཚད་ཀྱིས་བདག་ལ་སྐུལ་ལྕག་རེ་གནང་རྒྱུ་མཁྱེན་མཁྱེན། །

རྩོམ་པ་པོ་ནི་ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཡིན།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005