གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།། རྩེ་དྲུག་དགོན་པའི་བུ་ཆུང་དཀར་ནག་གི་གར།
སྤེལ་དུས།2015-08-19   ཡོང་ཁུངས་།   རྩོམ་པ་པོ། ཉི་མ་འཕགས་མོ།
         རྩེ་དྲུག་དགོན་ནི་བོད་ལྗོངས་ཤར་རྒྱུད་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་རྩེ་དྲུག་ལའི་སྟེང་ཆགས་ཡོད། ས་བབ་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་མུས4800ལྷག་ཡོད་པས། བོད་ལྗོངས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཤོས་སུ་ཆགས་པའི་དགོན་པའི་གྲས་སུ་གཏོགས་ལ། གཡུང་དྲུང་བོན་གྱི་དགོན་པ་སྔ་གྲས་ཤིག་ཀྱང་ཡིན་ལ། དེར་ལོ་ངོ་སྟོང་ཕྲག་གསུམ་ལྷག་ཙམ་གྱི་ལོ་རྒྱུས་ཡོད།
         དགོན་པ་འདི་ནི་རི་མཐོ་གཡང་གཟར་སྟེང་ཆགས་ཤིང་འཇིག་རྟེན་པའི་སྤྱི་ཚོགས་དང་ཐག་རིང་དུ་བྲལ་བས། རྩེ་དྲུག་དགོན་དུ་སྔ་ཕྱི་བར་གསུམ་དུ་ཆོས་སྤྱོད་དྭངས་གཙང་གནང་ཚུལ་རྒྱུན་འཁྱོངས་བྱས་ཡོད། ལོ་ངོ་སུམ་སྟོང་ལྷག་ཙམ་གྱི་རིང་ལ་མུ་གེའི་ཉམས་ཉེས་དང་ཆོས་བོན་གཉིས་བར་འཁོན་འཐབ་དྲག་པོ་སོགས་བྱུང་སྟེ་གཏོར་བཤིག་ཚབས་ཆེན་ཐེབས་ནའང་བོན་ལུགས་ཀྱི་ཕག་རྒྱུན་ཆད་མྱོང་མེད། བོན་ལུགས་ཀྱི་གསུང་རབ་དང་ཆོ་ག་མང་པོ་རྩེ་དྲུག་དགོན་དུ་ཆ་ཚང་བ་སྲུང་འཛིན་དང་རྒྱུན་འཛིན་ཐུབ་ཡོད། ལོ་འཁོར་བཅུ་གཉིས་ནང་འཁྲབ་སྟོན་ཐེངས་རེ་བྱེད་པའི་གར་འཆམབུ་ཆུང་དཀར་ནགཅེས་པ་དེའང་དེའི་ཁྲོད་ཀྱི་ཆོ་ག་གལ་ཆེན་ཞིག་རེད།
         རྩེ་དྲུག་དགོན་གྱིབུ་ཆུང་དཀར་ནགཅེས་པའི་གར་འཆམ་དེ་དགོན་སྡེ་གཞན་གྱི་གར་འཆམ་དང་ཅུང་མི་འདྲ་སྟེ། རྩེ་དྲུག་དགོན་གྱིས་ལོ་འཁོར་བཅུ་གཉིས་ཀྱི་རིང་ཐེངས་རེ་ལས་འཁྲབ་སྟོན་མི་བྱ་བར་མ་ཟད། དེ་ནི་རྩེ་དྲུག་དགོན་གྱི་ཆོས་ཀྱི་སྟོན་མོ་ཆེ་ཤོས་ཤིག་ཀྱང་རེད། ཆོས་སྟོན་འདི་ཐེངས་དང་པོར་བྱ་ལོར་ཚོགས་པས་ན། དེའི་རྗེས་བྱ་ལོ་འཆར་རེ་བཞིན་དུ་གནས་སྐོར་མཁན་ཁྲི་ཚོ་མང་པོས་ལ་བརྒྱབ་ཆུ་བརྒལ་གྱི་དཀའ་ངལ་ལ་མ་འཛེམས་པར་གཟབ་མཆོར་སྤྲས་ནས་གདན་ས་དེར་མཆོད་མཇལ་ལ་ཕེབས་སྲོལ་ཡོད།
         བུ་ཆུང་དཀར་ཆགཅེས་པའི་གར་འཆམ་གྱི་འཁྲབ་གཞུང་ནི་གཏེར་ཆེན་གསང་སྔགས་གླིང་པས་སྲོལ་བཏོད་པའིདགེ་སྡིག་ཁྲུན་གཅོད་གཤིན་རྗེའི་ཐིག་ཤིངཞེས་པ་དེ་རེད། དེར་ཁྱོན་བསྡོམས་འཁྲབ་ཚན10ཡོད། གཤིན་རྗེ་ཆོས་རྒྱལ་དང་བུ་ཆུང་དཀར་ནག་ལ་སོགས་པའི་གཟུགས་བརྙན་རྣམས་འཁྲབ་སྟོན་བྱེད་མཁན་ཚང་མ་ཚུལ་ཁྲིམས་གཙང་བའི་དགེ་འདུན་པ་བགྲེས་སོང་ཤ་སྟག་རེད། བསྟན་བྱའི་ནང་དོན་ནི་གཤིན་རྗེ་ཆོས་རྒྱལ་གྱིས་རྗེ་བླ་མ་བཟང་ངན་དང་། དགེ་འདུན་པ་བཟང་ངན། དཔོན་པོ་བཟང་ངན། མི་སེར་བཟང་ངན། བུད་མེད་བཟང་ངན་མི་འདྲ་བ10ཡིས་མི་ཚེ་གང་པོར་ལས་པའི་དགེ་སྡིག་གི་བྱ་བར་དཔྱད་མཚམས་བཏང་ནས་ཁྲུན་ཐག་བཅད་པའི་སྐོར་རེད།
         དཀར་པོ་ལས་དགེ་བ་དང་ནག་པོ་ལས་སྡིག་པ་མཚོན་པ་ལྟར། ཚོན་མདོག་མི་འདྲ་བའི་འཁྲབ་ཆས་ལས་མི་སྣ་མི་འདྲ་བའི་གཟུགས་བརྙན་དང་སྤྱོད་ལམ་བཟང་ངན་མི་འདྲ་བའི་དོན་རྣམས་རེ་རེ་བཞིན་གསལ་བ་ནི་འཁྲབ་གཞུང་དེའི་ཁྱད་ཆོས་གཙོ་བོ་རེད། གཤིན་རྗེ་ཆོས་རྒྱལ་དཀྱིལ་དབུས་ཀྱི་སྟེགས་བུར་དྲང་པོར་བཞུགས་ནས་སྤྱན་ཟུང་འབུར་ཚུགས་སུ་གཟིགས་ཤིང་། ཕག་ན་འགྲོ་བ་ཀུན་གྱི་ལས་རྒྱུ་འབྲས་མངོན་པའི་ཁྲམ་ཤིང་བསྣམས་ཡོད། གཡས་ངོས་སུ་སེང་མགོ་ཅན་གྱི་བློན་ཆེན་ཞིག་ལངས་པ་དེས་ལག་ཏུ་དགེ་སྡིག་བརྟག་བྱེད་མེ་ལོང་བཟུང་ཡོད། གཡས་གཤམ་དུ་གླང་མགོ་ཅན་གྱི་བློན་ཆེན་ཞིག་ལངས་ནས་དགེ་བའི་ལས་དང་སྡིག་པའི་ལས་རྣམས་རེ་རེ་བཞིན་ཐོ་འགོད་བྱེད་བཞིན་ཡོད། གཡོན་ངོས་སུ་སྤྲེལ་མགོ་ཅན་གྱི་བློན་ཆེན་ཞིག་ལངས་ནས་ལག་ཏུ་དགེ་སྡིག་ཡང་ལྕི་འཇལ་བའི་ཉ་ག་བཟུང་ཡོད། གཡོན་གཤམ་དུ་ཕག་མགོ་ཅན་གྱི་བློན་ཆེན་ཞིག་ལངས་ཡོད་པ་དེས་ལག་ཏུ་རྡེའུ་དཀར་ནག་བཟུང་ནས་དགེ་སྡིག་གྲངས་རྩིས་བྱེད་བཞིན་ཡོད། དེ་མིན་ད་དུང་ལུས་ལ་སྟག་ལྤགས་དང་ཞལ་འབག་སྣ་ཚོགས་གོན་པའི་འཁོར་གྱི་རིགས་སྡིག་ཅན་པར་ཁྲིམས་གཅོད་བྱེད་ཀྱི་ཕག་མཚན་ཐོགས་ནས་བཞུགས་ཡོད།
         གཤིན་རྗེ་ཆོས་རྒྱལ་གྱིས་ཡ་ང་སྙིང་རྗེ་མེད་པར་བླ་མ་རྫུན་མ་དམྱལ་ཟངས་ནང་ལོ་དུང་ཕྱུར་དུ་མར་བཙོ་བ་དང་། གྲྭ་པ་ངན་པ་དམྱལ་བ་མནར་མེད་དུ་གཏོང་བ། དཔོན་ངན་དམྱལ་བའི་རབ་ཏུ་ཚ་བའི་ལྕགས་ཁང་ནང་འཇུག་པ། གཤེད་མར་དམྱལ་བའི་ཆག་སྒོ་དུང་ཕྱུར་དགུ་མྱོང་དུ་འཇུག་པ། ཁྲམ་པ་དུས་ནམ་ཡང་དམྱལ་བར་སྡོད་དུ་འཇུག་པ་བཅས་ཀྱི་ཉེས་ཆད་གཅོད་ཚུལ་འཁྲབ་ཀྱིན་ཡོད། གཤིན་རྗེ་ཆོས་རྒྱལ་གྱིས་དགེ་བ་གསོག་མཁན་ཏེ་བླ་མ་སྐྱེས་ཆེན་ནི་དེ་བཞིན་གཤེགས་པའི་རྒྱལ་ཁམས་སུ་འདུན་པ་ཆེན་པོ་མངོན་དུ་འགྱུར་བར་འགྲོ་བ་དང་། དགེ་འདུན་དཀོན་མཆོག་ནི་བཙུན་པ་ནམ་མཁའ་རིན་པོ་ཆེའི་སར་ཟབ་སྦྱོང་སྒོམ་པར་འགྲོ་བ། གཟུ་བློན་ནི་ཚེ་ཕྱི་མར་བསྐྱར་དུ་སྐྱེ་བ་ལེན་པ།མི་སེར་ཚུལ་ལྡན་ནི་རབ་ཏུ་མགུ་བའི་ནང་པའི་ཆོས་དབྱིངས་སུ་བསྡུ་བ། བུད་མེད་བཟང་པོར་སྒྲོལ་མའི་བྱིན་རླབས་ཐོན་པ་བཅས་གནང་བ་དང་། རྔམ་བརྗིད་ལྡན་པའི་དགེ་སྡིག་འདྲི་གཅོད་འདིར་ཆོས་ཕྱོགས་མི་སྣ་ནས་འབངས་མི་སེར་བར་གྱི་མི་བཅུ་ཙམ་ལ་དཔྱད་མཚམས་བཏང་བ་ལས་འཇིག་རྟེན་ཁམས་ཀྱི་སྐྱེ་བོ་ཐམས་ཅད་བཟང་ངན་ཅི་ཡིན་ཁྲུན་ཐག་བཅད་པ་མཚོན་པ་རེད།
         གཟབ་ནན་ཆེ་བའི་དགེ་སྡིག་དཔྱད་མཚམས་བཏང་བའི་འཁྲབ་སྟོན་འདི་ནི་དེ་སྔར་གཏེར་ཆེན་གསང་སྔགས་གླིང་པས་གར་འཆམ་གྱི་རྣམ་པའི་ཐོག་ནས་དོན་འདི་མཚོན་པར་བྱ་དགོས་ཞེས་གསུངས་མྱོང་བས།འཁྲབ་གཞུང་ནང་གི་འཇིགས་སྐྲག་དང་མུན་ནག་ཆེ་བའི་སྣང་ཚུལ་དེ་དགེ་འདུན་པ་ཚོས་གྲུང་ཤ་དོད་པའི་འཁྲབ་སྟོན་གྱིས་ཞི་ཞིང་འོད་ཟེར་ལྡན་པར་བསྟར་ལ།ལྷག་པར་ལུས་སུ་ཚོན་རྩི་སྣ་ཚོགས་བྱུགས་ཤིང་མགོ་ལ་རི་དྭགས་སྣ་ཚོགས་ཀྱི་འབག་གོན་པའི་གཤིན་རྗེའི་སྐྱེས་བུ་ཚོས་མི་ངན་དམྱལ་གནས་སུ་བཅུག་པ་དང་། མི་བཟང་བདེ་བ་ཅན་དུ་སྐྱེལ་ཕེབས་ཞུས་ནས་འཁྲུག་ཆ་དོད་ལ་ལྟད་མོ་ཆེ་བའི་འཆམ་བརྒྱབ་པས་གཟིགས་མོ་བ་རྣམས་ཀྱིས་དེར་ཤིན་ཏུ་དགའ་པོ་གནང་གིན་ཡོད།
         གར་འཆམ་དེ་དུས་ཚོད་ཟླ་བ་ཕྱེད་ཀ་ལྷག་ཙམ་ལ་འཁྲབ་སྟོན་བྱས་ཏེ། སྔོན་ལ་ཞལ་འདོན་ཉིན་བཅུ་ལྷག་གནང་བ་དང་། དེ་ནས་གསོལ་འཕྲིན་དང་། སྡིག་འཇོམས། གཡང་གསོལ། འདས་བསྔོ་ལ་སོགས་པའི་ནང་དོན་གྱིས་རམ་འདེགས་བྱས་ཤིང་། ཉིན་མཐའ་མར་དངོས་སུ་གར་འཆམ་འཁྲབ་མགོ་ཚུགས་ཀྱིན་ཡོད། རང་ཉིད་མི་ཡུལ་དུ་སྡོད་པའི་རིང་ལ་དངོས་སུ་ཆོས་སྟོན་ཆེན་པོ་འདིའི་གཟིགས་མོར་ཞུགས་སྐལ་བྱུང་བའི་སྐྱེ་བོ་རྣམས་ལ་བྱིན་རླབས་མཆོག་རབ་འཐོབ་སྲིད་པ་དང་སེམས་ཀྱི་གཏིང་ནས་ཉོན་མོངས་ལས་ཐར་སྲིད།
         འཇིག་རྟེན་ཐོག་གི་བྱ་བ་ཐམས་ཅད་དགེ་སྡིག་མ་གཏོགས་གཞན་གང་ཡང་མེད། དགེ་བ་བསགས་ན་བདེ་བ་ཅན་དུ་འཁོད། ཉེས་པ་བསགས་ན་དམྱལ་གནས་སུ་ལྷུང་། གཡུང་དྲུང་བོན་པོ་ནས་རྒྱུན་འཛིན་བྱས་པའི་ལོ་ངོ་སྟོང་ཕྲག་དུ་མ་ལྡན་པའི་གར་འཆམ་དེས་མི་རྣམས་ལ་བརྒྱུད་བསྒྲགས་གནང་བ་ནི་གནས་ལུགས་སྟབས་བདེ་འདི་ཙམ་ཡིན།།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005