གནས་ཡུལ། མདུན་ངོས། བོད་ལྗོངས་སྤྱི་བཤད།
 
 
༄༅།།བོད་ལྗོངས་སྤྱི་བཤད།
སྤེལ་དུས།2007-12-19   ཡོང་ཁུངས་།   རྩོམ་པ་པོ།

                                            ལེའུ་དང་པོ། མཛེས་ཆོས་དུ་མས་ཕྱུག་པའི་བོད་ལྗོངས།

           བོད་ལྗོངས་ནི་རླབས་ཆེན་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཏེ་མཚོ་བོད་ས་མཐོའི་ལྷོ་ནུབ་ཁུལ་དུ་གནས་ཡོད། ས་རྒྱར་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་བརྒྱ་དང་ཉི་ཤུ་ལྷག་ཙམ་ཡོད་པས་ས་ཁྱོན་རྒྱལ་ཡོངས་ཀྱི་བརྒྱད་ཆའི་གཅིག་ཙམ་ཟིན་ཞིང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གི་ནང་ནས་ས་རྒྱ་ཨང་གཉིས་པར་སླེབས་ཀྱི་ཡོད། བོད་ཀྱི་ས་རྒྱར་མཚོན་ན་ཀྲེ་ཅང་ཞིང་ཆེན་བཅུ་གཅིག་གམ། ཡང་ན་ཐེ་ཝན་ཞིང་ཆེན་སུམ་ཅུ་སོ་གསུམ་གྱི་ས་རྒྱ་དང་མཚུངས། ལྗོངས་ཡོངས་ཀྱི་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་བཞི་སྟོང་ཡན་ཟིན་པས་འཛམ་གླིང་ཐོག་ས་རྒྱ་ཆེ་ཤོས་དང་ས་ཁ་མཐོ་ཤོས་ཀྱི་ས་མཐོའི་ཁུལ་ཡིན་པས་ན་འཛམ་གླིང་ཐོག་ས་རྒྱ་ཆེ་ཤོས་དང་ས་ཁ་མཐོ་ཤོས་ཀྱི་ས་མཐོའི་ཁུལ་ཡིན་པས་ན་འཛམ་གླིང་གི་ཡང་རྩེ་ཞེས་པའི་གྲགས་པ་འཛིན། བོད་ཀྱི་བྱང་དུ་ཤིན་ཅང་དང་། བྱང་ཤར་རྒྱུད་དུ་མཚོ་སྔོན་དང་། ཤར་དུ་ཟི་ཁྲོན། ཤར་ལྷོར་ཡུན་ནན། ལྷོ་དང་ནུབ་རྒྱུད་དུ་འབར་མ། རྒྱ་གར། འབྲུག་པ། འབྲས་ལྗོངས། བལ་པོ། ཀ་ཤི་སྨིར་ལ་སོགས་པའི་སར་འབྲེལ་བ་དང་། རྒྱལ་མཚམས་ཀྱི་ས་ཐིག་རིང་ཚད་སྤྱི་ལེ་བཞི་སྟོང་ལ་ཉེ་བས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུར་ཆ་རྐྱེན་བཟང་པོ་ཡོད།

    བོད་ལྗོངས་འདི་བཞིན་རི་ཀླུང་ལྟ་ན་སྡུག་ལ་ཐོན་ཁུངས་ཕུན་སུམ་ཚོགས་པ། སྐྱེ་བོ་ཀུན་ལས་ལ་བརྩོན་ཞིང་གནའ་ཤུལ་གྲགས་ཅན་མང་བ་སོགས་མཛེས་ཆོས་དུ་མའི་ཕྱུག་པའི་ཡུལ་མཆོག་ཁྱད་པར་ཅན་ཞིག་ཡིན་པ་ཇི་སྐད་དུ་མཛེས་པའི་བོད་ལྗོངས། སྐྱིད་པའི་ཕ་ཡུལ་ཞེས་པའི་གཞས་ཚིག་དོན་ལ་གནས།

                                               ས་བཅད་དང་པོ། བརྗིད་ཆགས་ལྟ་ན་སྡུག་པའི་རི་ཀླུང་།

    བོད་ལྗོངས་འདི་ནི་རི་རབ་ཀྱི་འཕྲེང་བས་མུ་འཁྱུད་དུ་བསྐོར་ཞིང་། དྲག་ཏུ་རྒྱུག་པའི་ཆུ་ཀླུང་བགྲང་གིས་མི་ལངས་པ་ལྷུང་ལྷུང་དུ་འབབ་པ། སྣ་ཚོགས་མཚེའུ་གཡུ་ཡི་གཅལ་དུ་བཀྲམ་པ། མཐའ་ཡས་ནགས་ཀླུང་སྟུག་པོ་ནམ་མཁའི་ཁྱོན་དང་མཉམ་པ་སོགས་བརྗིད་ཉམས་ལྡན་ཞིང་རང་བྱུང་གི་མཛེས་ཆོས་དུ་མས་ཕྱུག་པ། གཞན་ཡང་དབྱིབས་ཆགས་ཚུལ་འདྲ་མིན་སྣ་ཚོགས་ཡོད་པ་དེ་དག་ལས་མི་ལོ་ཁྲི་ཕྲག་མང་པོའི་རིང་གི་བོད་ལྗོངས་ས་མཐོའི་ཆགས་འཇིག་གི་འགྱུར་བ་ཇི་བྱུང་གསལ་ཐུབ་ལ། བོད་ལྗོངས་ས་མཐོའི་རང་བྱུང་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་སོགས་ཀྱང་མཚོན་ཐུབ།

      ས་གཤིས་ལས་དོན་པས་ཞིབ་འཇུག་བྱས་པར་གཞིགས་ན། བོད་ལྗོངས་ཀྱིས་མཚོན་མཚོ་བོད་ས་མཐོ་ནི་ཆེས་གནའ་བོའི་དུས་མཐའ་ཡང་རྒྱ་མཚོ་ཆེན་པོ་ཞིག་ཡིན་ཞིང་། དུས་ཡུན་ཧ་ཅང་རིང་པོའི་ནང་ས་ཤུན་གྱི་འགུལ་སྐྱོད་ལ་བསྟུན་ནས་བོད་ཀྱི་བྱང་ཕྱོགས་གདང་ལའི་རྒྱུད་དེ་སྐམ་གཤེར་རེ་མོས་ཀྱི་ཆགས་འཇིག་རིམ་པ་བརྒྱུད་མཐར་ས་ཆ་དེ་ཁུལ་ཐོག་མར་སྐམ་སར་གྱུར། དེ་རྗེས་གདང་ལའི་ལྷོ་རྒྱུད་དང་དེ་ནས་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ས་ཆ་རྣམས་རིམ་བཞིན་སྐམ་པར་གྱུར། མཐར་ཧི་མ་ལ་ཡའི་རི་ཁུལ་གྱི་ས་ཆ་རྣམས་ཀྱང་སྐམ་དུ་ཐོན། དེ་ཁུལ་སྐམ་སར་འགྱུར་ཕྱི་ཤོས་ཡིན་སྟབས་ཧི་མ་ལ་ཡའི་རི་རྒྱུད་དེ་འཛམ་གླིང་ཐོག་ས་ཁ་མཐོ་ཤོས་ཀྱི་རི་རྒྱུད་ཅིག་ཡིན་ལ་ན་སོ་ཆུང་ཤོས་ཀྱི་རི་རྒྱུད་ཅིག་ཀྱང་རེད།

    བོད་ལྗོངས་ས་མཐོ་འདི་ས་གཤིས་ཀྱི་དུས་རབས་མི་འདྲ་བའི་ནང་རིམ་བཞིན་སྐམ་སར་འགྱུར་སྐབས་དེང་གི་ས་ཁ་མཐོ་པོ་འདི་ཙམ་མེད་པ་སྟེ། གནའ་སྔ་མོ་མི་ལོ་བྱེ་བ་མང་པོའི་རིང་ཁུལ་འདི་ཕལ་ཆེར་ས་ཁ་དམའ་བའི་སྐམ་ས་ཞིག་རང་དུ་མཆིས་ཤིང་། དེ་ནས་མི་ལོ་ས་ཡ་འགའི་སྔ་རོལ་ཏུ་གནའ་བོའི་དུས་ཡར་ཀླུང་གཙང་པོའི་ལྷོ་རྒྱུད་རྣམས་དང་ཨེ་ཤི་ཡ་གླིང་ལྷོ་རྒྱུད་ཀྱི་སྐམ་ས་ཆེན་པོ་ཧིན་པ་སྐམ་ས་ཆེན་པོ གཉིས་ཀ་སའི་གོ་ལའི་དུམ་བུ་ལྷོ་མའི་ཁོངས་ཀྱི་ལྒང་ཝ་ན་ཞེས་པའི་གནའ་བོའི་སྐམ་སར་གཏོགས། ཡར་ཀླུང་གཙང་པོའི་བྱང་རྒྱུད་རྣམས་རང་རྒྱལ་སོགས་ཡོ་རོབ་དང་ཨེ་ཤི་ཡ་ཁུལ་དུ་གཏོགས་པའི་ས་ཁུལ་འགའ་ཤས་དང་འདྲ་བར་ས་ཤུན་གྱི་ཆ་ཤས་གཞན་ཞིག་གི་ཁོངས་སུ་གཏོགས། ཡར་ཀླུང་གཙང་པོ་དང་ཨེ་ཤི་ཡ་གླིང་ལྷོ་རྒྱུད་ཀྱི་སྐམ་ས་ཆེན་པོ་གཉིས་ལྒང་ཝ་ན་ཞེས་པའི་གནའ་བོའི་སྐམ་ས་ལས་བྲལ་རྗེས་རིམ་བཞིན་ལྷོ་ནས་བྱང་དུ་འཕོས་ཤིང་། དེ་ལྟར་མི་ལོ་ཁྲི་ཕྲག་དུ་མ་སོང་བའི་རྗེས་བྱང་རྒྱུད་ཀྱི་དུམ་བུ་དང་རྡུང་ག་ཐུག ཡར་ཀླུང་གཙང་པོའི་རྒྱུད་དེ་ཕལ་ཆེར་རྡུང་ག་ཐུག་མཚམས་སུ་ཁེལ། ས་ཁམས་རིག་པ་མཁས་ཅན་ཚོས་ཞིབ་འཇུག་བྱས་ནས་བོད་ལྗོངས་འདི་འཛམ་གླིང་གི་ཡང་རྩེར་གྱུར་དགོས་དོན་ཡང་གོང་སྨྲས་སྐམ་ས་དུམ་བུ་དབུས་སུ་འབུར་བའི་ངོས་འཛིན་བྱེད།

                                                                 དང་པོ ། ས་དབྱིབས།

       བོད་ལྗོངས་ནི་ཧི་མ་ལ་ཡ་དང་། ཁུ་ནུ་རི་བོ། གདང་ལ་སོགས་རི་རྒྱུད་ཆེན་པོ་གསུམ་གྱིས་ཡོངས་སུ་བསྐོར་ཞིང་། ཞིབ་པར་དབྱེ་ན་ས་ཁུལ་ཁག་བཞི་ཡོད།

    གཅིག བོད་ཀྱི་བྱང་ཕྱོགས་ས་མཐོ། དེ་ནི་ཁུ་ནུ་རི་བོ་དང་། གདང་ལ། གངས་ཏེ་སི་སོགས་རི་རྒྱུད་ཆེན་པོ་གསུམ་དང་གཉན་ཆེན་ཐང་ལྷའི་བར་དུ་གནས་ཡོད། ཁུལ་དེ་ནི་ཡངས་ཤིང་རྒྱ་ཆེ་བའི་བོད་ཀྱི་བྱང་ཐང་ས་ཁུལ་ཡིན། ཁུལ་དེའི་དཀྱུས་ལ་སྤྱི་ལེ་ཉིས་སྟོང་བཞི་བརྒྱ་ལྷག་ཙམ་དང་། ཞེང་དུ་སྤྱི་ལེ་བདུན་རྒྱ་ལྷག་ཙམ་ཡོད་པས་ལྗོངས་ཡོངས་ཀྱི་ས་ཁྱོན་གྱི་གསུམ་ཆའི་གཉིས་ཙམ་ཟིན། ཁུལ་དེའི་རྒྱུད་དུ་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་བཞི་སྟོང་ལྔ་བརྒྱ་ཡན་ཟིན། བྱང་ཐང་ཁུལ་དུ་མཐོ་ཚད་སྤྱི་ཁྲེ་བརྒྱ་ནས་བཞི་བརྒྱ་བར་ཟིན་པའི་དེའུ་འབུར་ཆེ་ཆུང་མང་པོ་ཡོད་ལ་དེ་དག་གི་འདབས་རོལ་ཏུ་སྤང་གཤོངས་གཡི་ཡི་གཞོང་པ་ལྟ་བུ་ཆགས་ཤིང་ལ་ལར་ལོ་མང་རིང་གི་ཆར་ཆུ་གསོག་ནས་མཚེའུ་ཆུང་ཆུང་འདྲ་ཡང་མང་པོ་ཡོད། བྱང་ཐང་ནི་བོད་ཀྱི་འབྲོག་ལས་ས་ཁུལ་གཙོ་བོ་ཞིག་ཡིན་པས་ས་རྒྱ་ཤིན་ཏུ་ཡངས།

  གཉིས། བོད་ཀྱི་ལྷོ་ཕྱོགས་རོང་ས། དེ་ནི་གངས་ཏེ་སི་དང་ཧི་མ་ལ་ཡའི་རི་རྒྱུད་ཆེན་པོ་གཉིས་ཀྱི་བར་དུ་གནས་ཤིང་། དེ་ཡང་ཡར་ཀླུང་གཙང་པོ་དང་དེའི་ཆུ་ལག་རྒྱུག་ཡུལ་གྱི་ས་ཁུལ་ཁག་ཡིན། དེ་ཁུལ་གྱི་ཆུ་བོའི་གཞུང་དུ་ལུང་གཞུང་མང་པོ་ཡོད་པ་དཔེར་ན། སྐྱིད་ཆུའི་ལུང་གཞུང་དང་། མྱང་ཆུའི་ལུང་གཞུང་། ཉང་ཆུའི་ལུང་གཞུང་སོགས་ཡོད། ལུང་གཞུང་དེ་ཚོའི་ཞེང་ཚད་སྤྱི་ལེ་ལྔ་ནས་བརྒྱད་བར་དང་རིང་ཚད་སྤྱི་ལེ་བདུན་ཅུ་ནས་བརྒྱ་ལྷག་ཙམ་ཟིན། ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་སུམ་སྟོང་ལྔ་བརྒྱ་ཡས་མས་སུ་གནས། ཁུལ་དེའི་རྒྱུད་དུ་བདེ་གཤོངས་སྙོམས་ལ་ས་རྒྱུ་གཤིན་པ། ཆུ་ཕྲན་ཀུན་ནས་བཞུར་ཞིང་རྩི་ཤིང་ལོ་ཏོག་རྒྱས་པ། ཐོན་ཁུངས་འཛོམས་ལ་ཡུལ་ལྗོངས་མཛེས་པ་སོགས་ཀྱི་དགེ་མཚན་ལྡན་པ་དེ་རྒྱུད་ནི་བོད་ཀྱི་རོང་ས་ཡིན།

     གསུམ། བོད་ཤར་ཕྱོགས་ཀྱི་རི་ཆེན་གྲོག་རོང་ཁུལ། དེ་ནི་ནག་ཆུའི་ཤར་རྒྱུད་ནས་བརྩིས་རི་ཆེན་གྲོག་རོང་དུ་མ་རིམ་བཞིན་ཤར་ལྷོ་ཕྱོགས་སུ་འཁོར་ནས་ཆགས་ཤིང་། བོད་ཤར་ལྷོའི་མཚམས་ཀྱི་ཕྲེད་རྒྱུག་རི་རྒྱུད་དང་གཙང་ཆེན་གསུམ་རྒྱུག་ཡུལ་གྱི་ས་ཁུལ་དེ་དག་ཡིན། ཁུལ་དེའི་རྒྱུད་ཀྱི་ས་བབ་ནི་བྱང་མཐོ་ཞིང་ལྷོ་དམའ་བ། བྱང་རྒྱུད་ཀྱི་མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་ལྔ་སྟོང་ཉིས་བརྒྱ་ཡས་མས་སུ་ཟིན་ཞིང་རི་རྩེ་གཟར་གཟུགས་ཆུང་བ། ལྷོ་རྒྱུད་ཀྱི་མཐོ་ཚད་རྒྱ་མཚོའི་ལས་བརྩིས་སྤྱི་ཁྲེ་བཞི་སྟོང་ཡས་མས་ཟིན་ལ་རི་བོ་གཡང་གཟར་ཆེ་བ། རི་རྩེ་ནས་གྲོག་མོའི་རོང་བར་གཟར་རྟིང་སྤྱི་ཁྲེ་ཉིས་སྟོང་ལྔ་བརྒྱ་ཙམ་ཡོད་པ་བཅས་དང་། རི་རྩེར་སྲིད་པའི་གངས་ཀྱིས་བཀབ་ཅིང་རི་སྐེད་ནགས་ཀྱིས་བཏུམས་པ། རི་འདབས་སུ་དུས་བཞི་དབྱེར་མེད་ཀྱི་ཞིང་ཐང་སོགས་ལྷོ་ཕྱོགས་རོང་སའི་རྨད་བྱུང་གི་མཛེས་ཆོས་དག་ཡོངས་སུ་འདུས་པས་ཤིན་ཏུ་ཕུན་སུམ་ཚོགས་ཤིང་ལྟ་ན་སྡུག་པར་སྣང་།

    བཞི་པ། ཧི་མ་ལ་ཡའི་རི་ཁུལ། དེ་ནི་བོད་ཀྱི་ལྷོ་རྒྱུད་དུ་གནས་ཤིང་། དེ་ཡང་རང་རྒྱལ་དང་རྒྱ་གར། བལ་པོ། འབྲུག་པ། འབྲས་ལྗོངས་སོགས་རྒྱལ་ཁབ་དང་ས་འབྲེལ་དུ་གནས་པའི་ས་ཁུལ་དེ་དག་ཡིན། དེ་ཁུལ་ནི་གཞུང་དུ་བརྒྱུགས་པའི་རི་རྒྱུད་འགའ་ཞིག་གིས་བསྐོར་ཞིང་དེའི་དཀྱུས་ལ་སྤྱི་ལེ་ཉིས་སྟོང་ཡས་མས་ཟིན་གཤིས་འཛམ་གླིང་ཐོག་གི་རི་རྒྱུད་མཐོ་ཤོས་དེ་ཡིན། རི་ཁུལ་དེའི་ནུབ་རྒྱུད་ས་ཆ་རྣམས་ཅུང་ཁ་མཐོ་ལ་སྐམ་ཤས་ཆེ་ཞིང་གྲང་ངར་ཆེ་བ། ཤར་རྒྱུད་རྣམས་གནམ་གཤིས་དྲོ་ལ་ཆར་ཆུ་བཟང་བ། ནགས་ཚལ་སྟུག་པ། སྐྱེ་དངོས་འཛོམས་པ་སོགས་བརྗིད་ཆགས་ཡིད་དབང་འཕྲོག་པར་སྣང་།

 

                                                                    གཉིས་པ། རི་རྒྱུད།

   བོད་ལྗོངས་ས་མཐོའི་ཐོག་གི་རི་རྒྱུད་ནི་སྤྱིར་ན་ཕྲེད་རྒྱུག་དང་གཞུང་རྒྱུག་ཁག་གཉིས་ཡོད། རི་རྒྱུད་ཆེན་པོ་དེ་གཉིས་ཀྱི་བར་ལ་ལེ་ལག་རི་རྒྱུད་མང་པོ་ཡོད།

    གཞུང་རྒྱུག་རི་རྒྱུད་ནི་ཕྲེད་དུ་བརྒྱུགས་པའི་ལེ་ལག་རི་རྒྱུད་དུ་མ་ལས་གྲུབ་པ་འདི་ལྟ་སྟེ།

   ཁུ་ནུ་ལའི་རི་རྒྱུད། རི་རྒྱུད་དེ་ནི་ནུབ་ཕྱོགས་ནས་བོད་ཀྱི་བྱང་མཚམས་སུ་བརྒྱུགས་ཡོད། ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་ཆིག་སྟོང་ཟིན་པའི་ཤིན་ཅང་ཐ་ལི་མི་གཤོངས་ས་དང་། མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་སུམ་སྟོང་ནས་ལྔ་སྟོང་ཡན་གྱིས་མཐོ་བས་གནམ་སའི་ཁྱད་པར་ཆོད། རི་རྒྱུད་དེའི་ལྷོ་ངོས་ནི་མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་ལྔ་སྟོང་ཙམ་ཟིན་པའི་བོད་ཀྱི་བྱང་རྒྱུད་དང་འབྲེལ། བོད་ཁུལ་དུ་ཁུ་ནུ་ལའི་ལྷོ་ངོས་ཀྱི་ཆ་ཤས་ཙམ་ལས་མེད་པ་དེ་ནི་ས་བཀྲའི་ཐོག་གི་གཞུང་ཐིག་༨༦༩༢བར་དུ་མངོན་ཆེ་བ་ཡོད། རི་རྒྱུད་དེའི་རི་བོ་མཐོ་ཤོས་ནི་མུ་ཙེ་ཐ་གེ་ཞེས་པ་མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་དྲུག་སྟོང་དགུ་བརྒྱ་བདུན་ཅུ་དོན་གསུམ་ཡོད་པ་དེ་ཡིན། རི་རྒྱུད་དེ་ས་མཐོའི་ཐོག་བྱུང་སྔ་ཤོས་ཤིག་ཡིན།

      ཁ་ལ་ཁུ་ནུ་ལ་དང་གདང་ལ་རི་རྒྱུད། རི་རྒྱུད་སྔ་མ་དེ་ཕལ་ཆེ་བ་ཤིན་ཅང་དང་ཀ་ཤི་སྨིར་འབྲེལ་མཚམས་སུ་ཆགས་ཤིང་། བོད་ཁོངས་སུ་རི་དེའི་ཤར་རྒྱུད་ཀྱི་ཆ་ཤས་ཙམ་ལས་མེད། རི་རྒྱུད་འདི་དཔལ་མགོན་མཚེའུའི་བྱང་ངོས་སུ་ཁེལ་བའི་མུ་ལམ་ཅུང་གསལ་བ་སྟེ་དེ་ནི་ནུབ་བྱང་ནས་ཤར་ལྷོའི་མཚམས་སུ་བརྒྱུགས་ཡོད། དེའི་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་དྲུག་སྟོང་ཡན་ཟིན་ཞིང་དེང་གི་འཁྱག་རླུང་ཡོངས་སུ་རྒྱས་ཐུབ་མེད་པའི་རི་བོ་ཞིག་ཡིན། རི་རྒྱུད་འདི་མི་མཐུད་ཤར་དུ་དེད་ན་ལེ་ལག་ཤིན་ཏུ་མང་གཤིས་གཞུང་ཐིག་༨༥ཡས་མས་སུ་སླེབས་དུས་རི་རྒྱུད་ཧ་ལམ་ངོས་འཛིན་རྒྱུ་མེད་པ་ལྟ་བུར་སྣང་ཞིང་། གཞུང་ཐིག་༩༠ཉེ་འགྲམ་ནས་གདང་ལའི་རི་རྒྱུད་ཀྱི་སྣེ་ཟིན། དེ་ནི་བོད་དང་མཚོ་སྔོན་གྱི་སའི་དབྱེ་མཚམས་ལྟ་བུར་མཆིས། གདང་ལའི་རི་རྒྱུད་ཀྱི་ཞེང་ཚད་སྤྱི་ལེ་བརྒྱ་དང་ལྔ་བཅུ་ཡན་ཟིན་ཞིང་། ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་ལྔ་སྟོང་བཞི་བརྒྱ་ཙམ་ཡོད། རི་ཁུལ་གྱི་འཕེལ་སྟངས་ལ་གཞིགས་ན་དེང་གི་འཁྱག་ཀླུང་ཡིན་པར་ངེས་སོ།།

     གངས་ཏེ་སི་དང་གཉན་ཆེན་ཐང་ལྷའི་རི་རྒྱུད། གངས་ཏེ་སེ་རི་རྒྱུད་ནི་བོད་བྱང་ཕྱོགས་ཀྱི་ལྷོ་སྣེར་གནས་ཤིང་བོད་ཀྱི་བྱང་ཕྱོགས་དང་། ལྷོ་ཕྱོགས། ཤར་ལྷོ་བཅས་ཕྱོགས་སོ་སོའི་དབྱེ་མཚམས་ཡིན་ལ་བོད་ཀྱི་ནང་འབབ་ཆུ་བོ་དང་ཕྱི་འབབ་ཆུ་བོའི་དབར་གྱི་རང་བྱུང་གི་དབྱེ་མཚམས་ཤིག་ཀྱང་རེད། གངས་ཏེ་སེའི་རི་རྒྱུད་ཀྱི་ནུབ་རི་རྣམས་གཞུང་ཐིག་༨༠ནས་བཟུང་ཤར་ལྷོའི་ཕྱོགས་སུ་གསག་འགྲོས་སུ་བརྒྱུགས་པ་དང་། གཞུང་ཐིག་༨༤༨༥མཚམས་ནས་དངོས་སུ་གཞུང་དུ་བརྒྱུགས་ཏེ་གཞུང་ཐིག་༩༠ས་ནས་གཉན་ཆེན་ཐང་ལྷའི་རི་རྒྱུད་དང་འབྲེལ། གངས་ཏེ་སེ་རི་རྒྱུད་ཀྱི་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་ལྔ་སྟོང་བརྒྱ་ནས་ལྔ་སྟོང་བརྒྱད་བརྒྱ་བར་ཟིན་ཞིང་། དེའི་ནུབ་རྒྱུད་ཀྱི་ཞེང་ཚད་སྤྱི་ལེ་དྲུག་ཅུ་ནས་བདུན་ཅུ་བར་ཟིན་པ་དང་ཤར་རྒྱུད་ཀྱི་ཞེང་ཚད་ཆེ་ཤོས་ལ་སྤྱི་ལེ་བརྒྱ་ཟིན། རི་རྒྱུད་དེའི་ཆགས་དབྱིབས་ཟང་ཟིང་ཆེ་ལ་ལེ་ལག་རུ་རྒྱུད་རྣམས་ཀྱང་འདྲེས་འཛིང་ཤིན་ཏུ་ཆེ། སྙན་གྲགས་ཆེ་བའི་སྟོད་གངས་རིན་པོ་ཆེ་ནི་རི་རྒྱུད་དེའི་གཙོ་རི་ཡིན། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་བརྩིས་སྤྱི་ཁྲེ་དྲུག་སྟོང་དྲུག་བརྒྱ་ལྔ་ཅུ་ང་དྲུག་ཡོད། རི་བོ་འདི་ནི་དེང་གི་འཁྱག་རླུང་འཕེལ་མེད་ཅིག་ཡིན། གཉན་ཆེན་ཐང་ལྷའི་རི་རྒྱུད་ནི་ལྷོ་རྒྱུད་ནི་ལྷོ་ནུབ་དང་ཤར་བྱང་ཕྱོགས་སོ་སོར་གསག་འགྲོས་སུ་བརྒྱུགས་ཐོག་གཞུང་ཐིག་༩༢༩༣མཚམས་ནས་གཞུང་དུ་བརྒྱུགས་ཤིང་རི་བོ་གཟར་གཟུགས་ཆུང་དུ་སོང་ཡོད་ལ་རིའི་ཆགས་དབྱིབས་ཐད་ལ་ཡང་དམིགས་བསལ་ངོས་འཛིན་རྒྱུ་གང་ཡང་མེད། རི་རྒྱུད་འདི་ཁོངས་ནས་ཡངས་པ་ཅན་དང་། འདམ་གཞུང་། བྱང་གནམ་མཚོ་བཅས་ཀྱི་ཁུལ་དུ་བརྒྱུགས་པ་རྣམས་ས་ཁ་མཐོ་ཤོས་ཡིན་ཏེ་དེ་རྒྱུད་ཀྱི་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་ལྔ་སྟོང་བརྒྱད་བརྒྱ་ནས་དྲུག་སྟོང་བར་ཟིན་ཞིང་། རི་རྒྱུད་འདིའི་གཙོ་རི་གཉན་ཆེན་ཐང་ལྷའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་བརྩིས་སྤྱི་ཁྲེ་བདུན་སྟོང་བརྒྱ་དང་བཅུ་བདུན་ཡོད།

       ཧི་མ་ལ་ཡའི་རི་རྒྱུད། འདི་ནི་བོད་ཀྱི་ལྷོ་མཐའི་རྒྱུད་དུ་ཆགས་ཤིང་རང་ལྗོངས་ཀྱི་གཞུང་རྒྱུག་རི་རྒྱུད་ཆེ་ཤོས་ཤིག་ཡིན། རི་རྒྱུད་འདིའི་རིང་ཚད་ལ་སྤྱི་ལེ་ཉིང་སྟོང་བཞི་བརྒྱ་ཙམ་དང་ཞེང་ཚད་སྤྱི་ལེ་ཉིས་རྒྱ་ནས་སུམ་བརྒྱའི་བར་ཟིན། རི་རྒྱུད་འདི་སྣེ་གཉིས་ནང་དུ་གུག་ཅིང་དཀྱིལ་རྒྱུད་ལྷོ་ཕྱོགས་སུ་འབུར་བ་དབྱིབས་གཞུ་དང་མཚུངས་ལ་རི་བོ་མཐོ་ཞིང་གཟར་བ། ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ནས་བརྩིས་སྤྱི་ཁྲེ་དྲུག་སྟོང་ཡན་ཟིན། རི་རྒྱུད་འདིའི་ཁྲོད་དུ་རི་ཆེན་གནམ་གྱི་ཀ་བ་འདྲ་བ་དུ་མ་ཡོད་པ་སྟེ་མཐོ་ཚད་རྒྱ་མཚོའི་ངོས་ནས་བརྩིས་སྤྱི་ཁྲེ་བདུན་སྟོང་ཡས་ཟིན་པའི་རི་ཆེན་ལྔ་བཅུ་ལྷག་ཙམ་དང་། མཐོ་ཚད་སྤྱི་ཁྲེ་བརྒྱད་སྟོང་བརྒལ་བའི་རི་ཆེན་བཅུ་བཅས་ཡོད། རི་ཆེན་མང་པོ་འདི་ལྟ་བུ་རི་རྒྱུད་གཅིག་གི་ཐོག་ཕྱོགས་གཅིག་ཏུ་ཁེལ་བ་འདི་འདྲ་འཛམ་གླིང་ཐོག་རི་རྒྱུད་གང་ལ་ཡང་མཐོང་རྒྱུ་མེད། འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་མཐོ་ཚད་སྤྱི་ཁྲེ་༨༨༤༨.༡༣ཡོད དེ་ཡང་རི་རྒྱུད་འདིའི་དཀྱིལ་རྒྱུད་ཀྱི་ཀྲུང་བལ་ས་མཚམས་ཀྱི་རྒྱུད་དུ་ཆགས་ཡོད། རི་བོ་འདི་ནི་ལྷུན་པོའི་ཚོགས་ལས་འཕགས་ཤིང་དབུ་རྩེ་ཁ་བའི་མདངས་འཛིན་ལ་ན་བུན་སྤྲིན་གྱི་ཅོད་པན་མཛེས་པ་སོགས་ངོ་མཚར་ཤིན་ཏུ་ཆེ། རང་རྒྱལ་གྱི་རི་འཛེགས་ལུང་རྩལ་པ་ཚོས་༡༩༦༠ལོའི་ཟླ་༥ཚེས་༢༥ཉིན་དང་༡༩༧༥ལོའི་ཟླ་༥ཚེས་༢༧ཉིན་སོ་སོར་བྱང་ངོས་ནས་རི་བོ་འདིའི་རྩེ་མོར་ཐེངས་རེ་འཛེགས་ཏེ་རང་རྒྱལ་གྱི་ཚན་རིག་ལས་དོན་པ་ཚོ་དང་མཉམ་དུ་ཇོ་མོ་གླང་མའི་ཁུལ་དུ་ཚན་རིག་རྟོག་ཞིབ་རིམ་པ་བྱས་ཏེ་སླད་ཕྱིན་བོད་དུ་འབྱུང་བའི་ནུས་པ་བེད་སྤྱོད་བྱ་རྒྱུར་སྨན་པའི་ཚན་རིག་ཐོག་གི་གཞི་འཛིན་ས་བཟོས་ཡོད། རི་བོ་ཧི་མ་ལ་ཡ་འདི་བོད་ལྗོངས་ས་མཐོའི་ལྕགས་རི་ཆེན་པོ་ཞིག་དང་འདྲ་བར་རླུང་གི་རྒྱུན་བཀག་སྟབས་བོད་ཀྱི་སྐྱེ་དངོས་དང་གནམ་གཤིས་སོགས་ལ་བག་ཆགས་ཆེན་པོ་བཞག་ཡོད།

      བོད་ལྗོངས་སུ་གོང་སྨྲོས་གཞུང་རྒྱུག་རི་རྒྱུད་རྣམས་ཕུད་ད་དུང་ས་གཞིའི་ཕྲེད་དུ་བརྒྱུགས་པའི་བོད་ཀྱི་ཤར་ལྷོའི་མཚམས་སུ་ཕྲེད་རྒྱུད་རི་རྒྱུད་ཅིག་ཡོད། དེ་ནི་སྟར་པ་མཉམ་གཤིབ་ཏུ་བསྒྲིགས་པའི་ལེ་ལག་རི་རྒྱུད་འགའ་ཤང་ལས་གྲུབ་ཅིང་རི་རྒྱུད་སོ་སོའི་དབར་ལ་ལུང་གཞུང་ཆགས་ཡོད། ལེ་ལག་རི་རྒྱུད་ཁག་ནུབ་ནས་ཤར་དུ་བརྒྱུགས་ཡོད་པ་དེ་དག་ནི་པད་རོ་ལ་དང་། ཐང་ཉེ་ཐ་འུར་ལ། སྨར་ཁམས་རི་རྒྱུད་སོགས་ཡིན། གོང་སྨྲོས་ཕྲེད་རྒྱུག་རི་རྒྱུད་དེ་ནི་གཉན་ཆེན་ཐང་ལྷ་དང་གདང་ལ་རི་རྒྱུད་ལ་མཐུད་ནས་ཆགས་ཤིང་མཐོ་ཚད་རྒྱ་མཚོའི་ངོས་ནས་བརྩིས་སྤྱི་ཁྲེ་བཞི་སྟོང་ནས་ལྔ་སྟོང་བར་ཡོད་པ་དང་གཅོང་རོང་ཟབ་མོའི་ཁྲོད་ནས་གཙང་ཆེན་དྲག་ཏུ་འཕྱུར་བ་དེས་ལྷོ་བྱང་དབར་གྱི་རྒྱུ་འགྲུལ་གཅོད་པའི་འོབས་ཀླུང་རིམ་པ་བཞིན་གྲུབ། དེ་ཁུལ་དུ་ས་ཁ་དམའ་བས་རི་བོ་རྣམས་དེང་གི་འཁྱག་ཀླུང་དུ་གྲུབ་ཐུབ་མེད་ཀྱང་གནའ་བོའི་དུས་རིམ་བཞི་པའི་འཁྱག་ཀླུང་གི་ཆགས་ཤུལ་ཡོད། 

   གོང་སྨྲོས་ཕྲེད་གཞུང་ཁག་གཉིས་སུ་བརྒྱུགས་པའི་རི་རྒྱུད་ཆེན་པོ་དེ་གཉིས་ཀྱིས་བོད་ལྗོངས་ས་མཐོའི་ཕྱིའི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་གསལ་པོར་མཚོན་པར་བྱས་ཡོད།

                                                                  གསུམ་པ། ཆུ་ཀླུང་།

         བོད་ལྗོངས་ས་མཐོའི་ཐོག་གི་ཆུ་ཀླུང་ལ་ནང་འབབ་དང་ཕྱི་འབབ་ཁག་གཉིས་སུ་དབྱེ་བ་ལས་ཕྱི་འབབ་ཆུ་ཀླུང་གི་བཞུར་ཡུལ་གཙོ་བོ་ནི་བོད་ཀྱི་ཤར་ཕྱོགས་དང་། ལྷོ་ཕྱོགས། ནུབ་ཕྱོགས་སོགས་ཀྱི་མཐའ་ཁུལ་ནས་བཞུར་བ་སྟེ། ཤར་ཕྱོགས་སུ་འབྲི་ཆུ་དང་། ཟླ་ཆུ། རྒྱ་མོ་རྔུལ་ཆུ་བཅས་དང་། ལྷོ་ཕྱོགས་སུ་ཡར་ཀླུང་གཙང་པོ། ནུབ་ཕྱོགས་སུ་གླང་ཆེན་ཁ་འབབ་དང་། སེང་གེ་ཁ་འབབ་སོགས་ཡོད། གཞན་ཡང་ཨེ་ཤི་ཡ་གླིང་དུ་གྲགས་ཆེ་བའི་འབྲི་ཆུ་དང་། མེ་ཀོང་གཙང་པོ། སར་ཝུན་གཙང་པོ། ཡི་ལོ་ཝ་ཏི་གཙང་པོ། ཆུ་བོ་གང་ག། རྒྱ་གར་གཙང་པོ་སོགས་ཀྱི་ཆུ་འགོ་ཡང་བོད་ནས་བཞུར་འགྲོ་བ་ཡིན།

      འབྲི་ཆུ། འབྲི་ཆུ་ནི་རང་རྒྱལ་གྱི་ཆུ་ཆེན་འབྲི་ཆུའི་སྟོད་རྒྱུད་ཀྱི་གཙང་པོ་ཨ་མ་ཞིག་ཡིན། གཙང་པོ་དེ་ནི་གདང་ལའི་རི་རྒྱུད་རྒྱ་ལ་རྩི་ཟླུམ་གྱི་ལྷོ་ནུབ་ཕྱོགས་ནས་བབས་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་རྒུ་མདོ་བརྒྱུད་བོད་དང་ཟི་ཁྲོན་འབྲེལ་མཚམས་ནས་ལྷོ་ཕྱོགས་སུ་བརྒྱུགས་ཏེ་མཐར་བོད་ལྗོངས་སྨར་ཁམས་རྫོང་བརྒྱུད་ཡུན་ནན་ཁུལ་དུ་བཞུར། ཆུ་བོ་འདི་བོད་ཁོངས་སུ་བཞུར་རྒྱུན་རིང་ཚད་སྤྱི་ལེ་ལྔ་བརྒྱ་བཅུ་མེད་དགུ་ཙམ་དང་ཆུ་བོ་འབབ་ཡུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་ཁྲི་སུམ་སྟོང་བརྒྱ་མེད་དྲུག་ཅུ་ཙམ་ཟིན།

    ཟླ་ཆུ། ཟླ་ཆུར་རྫ་ཆུ་དང་ངོམ་ཆུ་ཞེས་པའི་གཙང་ལག་གཉིས་ཡོད་པ་ལས་རྫ་ཆུ་ནི་མཚོ་སྔོན་རྫ་སྟོད་རྫོང་ཁོངས་རི་བོ་ཤྭ་ར་སྐྱའི་ནས་འབབ། ངོམ་ཆུ་ནི་བོད་ལྗོངས་ཧོར་སྦྲ་ཆེན་རྫོང་ཁོངས་ཝ་མོ་ལའི་རྒྱུད་ནས་བབས་ཏེ་ཆབ་མདོ་གྲོང་བརྡལ་དུ་གོང་གསལ་རྫ་ཆུ་དང་ཟླ་འགྲིལ་ནས་སྨར་ཁམས་རྫོང་བརྒྱུད་ཡུན་ནན་དུ་བཞུར་རྗེས་མེ་ཀོང་གཙང་པོར་འགྲིལ། དེ་ནས་འབར་མ་དང་། ལ་འོ། ཐེ་གོ། ཅན་པོ་ཀྲེ། གཡོས་ནན་སོགས་རྒྱལ་ཁབ་བརྒྱུད་མཐར་ཀྲུང་གོའི་རྒྱ་མཚོ་ལྷོ་མར་འབབ། བོད་ཁོངས་སུ་ཟླ་ཆུའི་བཞུར་རྒྱུན་རིང་ཚད་སྤྱི་ལེ་གྲུ་བཞི་མ་སུམ་ཁྲི་བརྒྱད་སྟོང་སུམ་བརྒྱ་ཙམ་ཟིན།

      རྒྱ་མོ་རྔུལ་ཆུ། ཆུ་བོ་འདི་ནི་གདང་ལའི་ལྷོ་ཕྱོགས་ཨ་མདོ་རྫོང་ཁོངས་ནས་བབས་ཏེ་ནག་ཆུ་དང་། འབྲི་རི། སྦྲ་ཆེན། སོག དཔལ་འབར། སྟེང་ཆེན། ལྷོ་རོང་། དཔའ་ཤོད། མཛོ་སྒང་སོགས་རྫོང་ཁག་བརྒྱུད་ནས་ཡུན་ནན་དུ་བཞུར་རྗེས་འབར་མའི་སར་ཝུན་གཙང་པོ་བརྒྱུད་མཐར་རྒྱ་གར་རྒྱ་མཚོ་འབབ། བོད་ཁོངས་སུ་རྒྱ་མོ་རྔུལ་ཆུའི་བཞུར་རྒྱུན་རིང་ཚད་སྤྱི་ལེ་ཆིག་སྟོང་སུམ་བརྒྱ་དགུ་བཅུ་གོ་གསུམ་ཡོད་པ་དང་བཞུར་ཡུལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་འབུམ་ཁྲི་མེད་ཉིས་སྟོང་ལྔ་བརྒྱ་ཙམ་ཡོད་པས་ཆུ་བོ་འདི་ནི་བོད་ཀྱི་ཆུ་ཆེན་གཉིས་པར་གྲགས།

      ཡར་ཀླུང་གཙང་པོ། ཆུ་བོ་འདི་ནི་ཧི་མ་ལ་ཡའི་བྱང་རྒྱུད་འབྲོང་པ་རྫོང་ཁོངས་བྱེ་མ་གཡུང་དྲུང་ཞེས་པའི་གངས་རི་ལས་འབབ་ཅིང་ལོ་རྒྱུས་ཡིག་ཆའི་ནས་སྤྱིར་ཡར་ཆབ་གཙང་པོ་ཞེས་འཁོད་ལ་སྒོས་སུ་ལེགས་རྩེའི་རྒྱུད་དུ་རྟ་མཆོག་ཁ་འབབ་གཙང་པོ་ཞེས་འབོད་པ་དང་། ལྷ་རྩེ་ཁུལ་དུ་མྱང་ཆུ། ལྷ་རྩེའི་ནུབ་རྒྱུད་དུ་ཡང་རྟ་མཆོག་ཁ་འབབ་ཅེས་རྟ་ཕོའི་ཁ་འདྲ་བའི་རི་ཁོག་ནས་འབབ་པ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་མིང་འབོད་བྱེད་པ། ཆུ་ཤུར་ཁུལ་ནས་བཟུང་ཡར་ཀླུང་གཙང་པོ་ཞེས་འབོད་པ་ཡུལ་མིང་ཆུ་རུ་ཐོགས་པ་བཅས་ཕྱིས་སུ་ཡོངས་ཁྱབ་ལ་ཡར་ཀླུང་གཙང་པོ་ཞེས་འབོད།

     ཡར་ཀླུང་གཙང་པོ་ནི་གཡུ་འབྲུག་སྔོན་མོ་འཕྱོ་བ་བཞིན་བོད་ཀྱི་ལྷོ་ཕྱོགས་བརྒྱུད་ནས་ཤར་ལ་བརྒྱུགས་ཐོག་སྨན་གླིང་ཕད་ཆུས་ཁུལ་ནས་ཁ་བྱང་ཤར་ངོས་སུ་ཕྱོགས་ཏེ་བཞུར་ཞིང་རི་བོ་གནམ་ལྕགས་འབར་བར་སྐོར་བ་རྟ་རྨིག་གཟུགས་ཤིག་བརྒྱབ་རྗེས་སླར་ཡང་ལྷོ་ནུབ་ཁུལ་གྱི་གཅོང་རོང་ཟབ་མོ་འགྲིམས་ནས་མཐར་ཀློ་ཡུལ་བརྒྱུད་རྒྱ་གར་དུ་འབབ་པས་གཙང་པོ་པུ་ལ་མ་བོ་ཐེ་ལ་ཟེར། དེ་ནས་བྷང་ལ་བརྒྱུད་བྷང་ལ་མཚོ་ཁུག་ཏུ་འགྲིལ། ཡར་ཀླུང་གཙང་པོ་འདི་ས་དགའ་རྫོང་སོགས་རང་ལྗོངས་རྫོང་ཁག་ཉི་ཤུ་རྩ་གསུམ་བརྒྱུད་པས་ཁྱོན་ཡོངས་ཀྱི་རིང་ཚད་སྤྱི་ལེ་ཉིས་སྟོང་བརྒྱ་མེད་ལྔ་བཅུ་ང་བདུན་ཙམ་ཡོད་པ་དང་། བཞུར་ཡུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་འབུམ་བཞི་ཁྲི་སྟོང་མེད་བཞི་བརྒྱ་བརྒྱད་ཅུ་ཙམ་ཟིན། གཙང་པོའི་རྒྱུད་ཀྱི་སའི་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་བཞི་སྟོང་ལྔ་བརྒྱ་ཙམ་ཟིན་པས་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་གཙང་པོ་ཞིག་ཡིན། ཡར་ཀླུང་གཙང་པོ་ནི་རང་རྒྱལ་གྱི་གཙང་ཆེན་ཁག་གི་ཁྲོད་ནས་རིང་ཚད་ཨང་རིམ་ལྔ་པར་སླེབས་ཤིང་གཙང་རྒྱུད་ཀྱི་ས་རྒྱ་ཆེ་ཆུང་ཨང་དྲུག་པ་ཟིན་ལ་གཙང་ཆུའི་རྒྱུག་འབོར་ཨང་རིམ་གསུམ་པར་སླེབས་པ། གཙང་པོ་འདིའི་གཡས་གཡོན་དུ་གཙང་ལག་མང་པོ་ཡོད་པ་སྟེ། གཙང་པོ་འདིའི་གཡས་གཡོན་དུ་གཙང་ལག་མང་པོ་ཡོད་པ་སྟེ། ཆུ་གསོག་རྒྱ་ཁྱོན་སྤྱི་ལེ་གྱི་བཞི་མ་ཁྲི་ཚོ་བརྒལ་བའི་རྡོ་གཞོང་གཙང་པོ་དང་། མྱང་ཆུ། སྐྱིད་ཆུ། ཉང་ཆུ། ཕར་ལུང་གཙང་པོ་བཅས་ཡོད། ཡར་ཀླུང་གཙང་པོ་བཞུར་རྒྱུད་དུ་མི་གྲངས་བརྒྱད་འབུམ་བདུན་ཁྲིར་ཉེ་ཞིང་། ས་ཞིང་སོན་ཁལ་ས་ཡ་གཉིས་དང་སུམ་འབུམ་ལྷག་ཙམ་ཡོད་པས་གཙང་རྒྱུད་ཀྱི་ས་ཁང་མི་གསུམ་བོད་ཡོངས་ཀྱི་ཕྱེད་ཙམ་ཟིན། དེ་བཞིན་ལྷ་ས་དང་། གཞིས་རྩེ། རྩེད་ཐང་། ཉིང་ཁྲི་སོགས་གྲོང་ཁྱེར་དང་གྲོང་བརྡལ་ཆེ་གྲས་རྣམས་ཀྱང་གཙང་པོ་འདིའི་གཞུང་དུ་ཆགས་ཡོད་པས་གཙང་པོ་འདི་བོད་ཀྱི་ཆུ་ཆེན་དང་པོར་གྲགས། གཞན་ཡང་ནུབ་ཕྱོགས་སུ་མངའ་རིས་ཁུལ་ནས་བརྒྱུགས་པའི་ཕྱི་འབབ་ཆུ་བོ་གླང་ཆེན་ཁ་འབབ་དང་སེང་གེ་ཁ་འབབ་གཉིས་ཀྱང་རྒྱ་གར་གཙང་པོའི་སྟོད་རྒྱུད་དུ་འཁེལ་ཡོད།

     ནང་འབབ་ཆུ་བོ། ནང་འབབ་ཆུ་བོ་ནི་རྒྱ་མོ་རྔུལ་ཆུའི་སྟོད་རྒྱུད་དབྱེ་མཚམས་ཀྱི་ནུབ་ངོས་དང་། གངས་རིན་པོ་ཆེ་དང་། གཉན་ཆེན་ཐང་ལྷོའི་བྱང་རྒྱུད། ཡར་ཀླུང་གཙང་པོའི་ལྷོ་རྒྱུད་དབྱེ་མཚམས། གཞན་ཡང་རི་མོ་ཧི་མ་ལ་ཡའི་བྱང་རྒྱུད་བཅས་ཀྱི་ས་གནས་ཁག་ནས་རྒྱུག་གི་ཡོད།

    བོད་ཀྱི་ལྷོ་བྱང་གཉིས་ནས་བརྒྱུགས་པའི་ནང་འབབ་ཆུ་བོ་མང་ཆེ་བ་སྐམ་སའི་ཐོག་གི་མཚོ་དང་མཚེའུ་ཁག་ཏུ་འབབ་པའི་ཆུ་བོ་ཤ་སྟག་ཡིན་ཞིང་། ཆུ་བོ་དེ་དག་གི་ཁྲོད་ནས་ལོ་འཁོར་མར་བཞུར་རྒྱུན་མི་ཆད་པའི་གཙང་པོ་ཆུ་རྩ་བཟང་བ་འགའ་ཤས་ཕུད་ཕལ་ཆེ་བ་ནམ་དུས་ལ་གཞིགས་ནས་འཕེལ་འགྲིབ་ཡོང་བ་ཤ་སྟག་རེད། བོད་ཀྱི་བྱང་རྒྱུད་དུ་ནང་འབབ་ཆུ་ཆེ་ཤོས་ཀྱི་གྲས་སུ་སེར་གླིང་མཚོར་འབབ་པའི་རྩ་སྐྱ་གཙང་པོ་དང་། སྔོ་མཚོར་འབབ་པའི་གཡུ་འབྲུག་གཙང་པོ། གཡི་སྦུག་ཚྭ་ཁར་འབབ་པའི་སྐྱ་རུབ་གཙང་པོ། སྟག་རྩེ་མཚོར་འབབ་པའི་འབོག་ཚང་གཙང་པོ། བཀྲ་ཏི་གནམ་མཚོར་འབབ་པའི་མཚོ་ལ་གཙང་པོ། ངང་ལ་རིང་མཚོར་འབབ་པའི་ཝ་མོ་གཙང་པོ་སོགས་ཡོད། དེ་ཁྲོད་གདང་ལའི་ལྷོ་ཕྱོགས་ལ་མདོ་རྫོང་ཁོངས་ནས་བརྒྱུགས་པའི་རྩ་སྐྱ་གཙང་པོའི་ཆུ་རྒྱུན་རིང་ཤོས་ཡིན་པས་དེའི་རིང་ཚད་ལ་སྤྱི་ལེ་བཞི་བརྒྱ་བཅུ་མེད་དགུ་ཡོད། བོད་ལྷོ་ཕྱོགས་ཀྱི་ནང་འབབ་ཆུ་བོ་ཆེ་ཤོས་ནི་ཡར་འབྲོག་གཡུ་མཚོར་འབབ་པའི་ཁ་འཐུང་སྐྱ་ཆུ་ཞེས་པ་རིང་ཚད་སྤྱི་ལེ་བདུན་ཅུ་དོན་གསུམ་ཡོད་པ་དེ་ཡིན། དེ་འོག་ཏུ་བོད་ཀྱི་ལྷོ་ནུབ་ཁུལ་གྱི་མ་ཕམ་གཡུ་མཚོར་འབབ་ཅིང་རིང་ཚད་སྤྱི་ལེ་བདུན་ཅུ་དོན་གཅིག་ཡོད་པའི་བྲག་གཙང་པོ་ཞེས་པ་དེ་ཡིན།

 

                                                                                བཞི་པ། མཚོ་དང་མཚོའུ།

    བོད་ལྗོངས་ནི་རང་རྒྱལ་གྱི་མཚོ་དང་མཚོའི་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན། བོད་ཡོངས་ཀྱི་མཚོ་དང་མཚོའུའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་ཁྲི་སུམ་སྟོང་བརྒྱད་ཡོད་པས་རྒྱལ་ཡོངས་ཀྱི་མཚོ་དང་མཚོའུའི་རྒྱ་ཁྱོན་གྱི་༣༠%ཙམ་ཟིན། བསྡོམས་རྩིས་བྱས་པར་གཞིགས་ན་བོད་ཡོངས་ལ་མཚོ་དང་མཚོའུ་ཆེ་ཆུང་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་ཡོད་ཁོངས་ནས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་ཁ་བརྒལ་བའི་མཚོ་ཆེན་གནམ་མཚོ་ཕྱུག་མོ་དང་། སེར་གླིང་མཚོ། བཀྲ་རི་གནམ་མཚོ་བཅས་གསུམ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ལྔ་ནས་བཅུ་བར་ཟིན་པའི་མཚོ་ཁག་སུམ་བརྒྱ་ཉེར་གཅིག་བཅས་ཡོད།

       བོད་ཀྱི་མཚོ་ལ་ཡང་ནང་འབབ་དང་ཕྱི་འབབ་ཁག་གཉིས་སུ་དབྱེ་བ་ལས་ཕལ་ཆེ་བ་ནང་འབབ་རང་དུ་མཆིས་ཤིང་། དེ་དག་ནི་བོད་ཀྱི་ལྷོ་བྱང་གཉིས་ནས་བཞུར་བའི་ནང་འབབ་ཆུ་བོ་རྒྱུག་ཁུལ་གྱིས་གཙོ་བོ་བྱས་པའི་ས་ཁུལ་དུ་གྲམ་ཡོད། ཆུ་བོ་དེ་རྣམས་རི་རབ་དང་ས་ཤུན་གྱི་ཆགས་འཇིག་རིམ་པ་བརྒྱུད་ནས་བྱུང་བ་ཞིག་རེད། བོད་ཀྱི་བྱང་ཕྱོགས་ཁུལ་དུ་གནམ་མཚོ་ཕྱུག་མོ་དང་། སེར་གླིང་མཚོ། བཀྲ་རི་གནམ་མཚོ་སོགས་མཚོ་ཆེན་གསུམ་ཕུད་ད་དུང་སྐ་རིང་མཚོ་དང་། སྟག་རྩེ་མཚོ། ངང་རྩི་མཚོ། འུར་དུ་མཚོ་སོགས་ཀྱང་ཡོད། གཞན་ཡང་བོད་ཀྱི་ལྷོ་ཕྱོགས་ཁུལ་དུ་གྲི་གུ་མཚོ་དང་། ཕུ་མ་གཡུ་མཚོ། ཡར་འབྲོག་གཡུ་མཚོ། མདོ་ཆེན་མཚོ། པད་ཁུད་མཚོ། མ་ཕམ་གཡུ་མཚོ། ལ་ལྔ་མཚོ་སོགས་ཡོད།

    ཕྱི་འབབ་མཚོ་ནི་རི་རུད་བྱུང་ནས་གཙང་ཆུ་བཀག་སྟེ་མཚོར་གྲུབ་པ་ཁག་གཅིག་དང་གཞན་ཡང་གངས་རི་བཞུར་རྒྱུན་ལས་གྲུབ་པའི་མཚོ་བཅས་རིགས་གཉིས་ཡོད་པ་ལས་སྔ་མ་དེ་རིགས་ཕལ་ཆེ་བ་བོད་ཀྱི་ཤར་ལྷོ་ཁུལ་དུ་ཡོད་པ་དཔེར་ན། ཕར་ལུང་གཙང་པོའི་སྟོད་རྒྱུད་དཔའ་ཤོད་རྫོང་ཁོངས་ཀྱི་ར་འོག་མཚོ་དང་། ཡིད་འོང་གཙང་པོའི་སྨད་རྒྱུད། སྤོ་བོ་རྫོང་ཁོངས་ཀྱི་ཡིད་འོང་མཚོ་སོགས་དང་། ཕྱི་མ་དེ་ཕལ་ཆེ་བ་བོད་ཀྱི་ལྷོ་ཕྱོགས་དང་ཤར་ལྷོའི་རྒྱུད་ཀྱི་སྲིད་པའི་གངས་རི་ཆགས་ཁུལ་དུ་ཡོད་པ་དཔེར་ན། ཀོང་པོ་རྒྱ་མདའ་རྫོང་ཁོངས་ཀྱི་བྲག་གསུམ་མཚོ་དང་། སྟེང་ཆེན་རྫོང་ཁོངས་ཀྱི་སྤུས་ཐོང་མཚོ་ཆུང་སོགས་ཡོད། བོད་ཀྱི་མཚོ་དང་མཚོའུ་རྣམས་ལ་ལོ་རྒྱུས་རིང་པོ་ཡོད་ལ་ཆགས་འཇིག་ཀྱང་རིམ་པ་བྱུང་ཞིང་། སྤྱིར་ན་རིམ་བཞིན་ཆུང་དུ་འགྲོ་བ་རེད། ལྷག་དོན་བོད་བྱང་ཕྱོགས་ཁུལ་དུ་སྐམ་ཤས་ཆེ་བས་དེ་ཁུལ་གྱི་ནང་འབབ་མཚོ་རྣམས་བྲི་ཤུགས་ཆེ་བ་ཡོད་ལ་མཚོ་དང་མཚོའུ་ཕལ་མོ་ཆེ་བ་ཚྭ་ཅན་དུ་གྱུར་དོན་ཡང་དེར་ཐུག་གོ །

     བོད་བྱང་རྒྱུད་ཀྱི་མཚོ་ཆེན་དང་པོ་གནམ་མཚོ་ཕྱུག་མོ། བོད་ལྷོ་ཕྱོགས་ཀྱི་མཚོ་ཆེན་གྲགས་ཆེན་ཡར་འབྲོག་གཡུ་མཚོ་གཉིས་རགས་ཙམ་གླེང་ན།

   བྱང་གི་གནམ་མཚོ་ཕྱུག་མོ་ནི་འདམ་གཞུང་གི་ནུབ་ཕྱོགས་སུ་གནས་ཤིང་མཚོ་ངོས་མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་བཞི་སྟོང་བདུན་བརྒྱ་བཅོ་བརྒྱད་ཟིན། མཚོ་ཆེན་འདིའི་དཀྱུས་སུ་སྤྱི་ལེ་བདུན་ཅུ་དང་ཞེང་དུ་སྤྱི་ལེ་སུམ་ཅུ་ཡོད། མཚོ་ཧྲིལ་པོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་སྟོང་དགུ་བརྒྱ་བཞི་བཅུ་ཟིན་གཤིས་དེ་ནི་རང་རྒྱལ་དུ་མཚོ་སྔོན་པོ་ཕུད་ཚྭ་ལྡན་མཚོ་ཆེ་ཤོས་དེ་ཡིན། གནམ་མཚོ་ཕྱུག་མོའི་དཀྱིལ་དུ་གླིང་ཕྲན་ཁག་གསུམ་ཡོད་ལ་ད་དུང་རྡོ་ཐལ་བྲག་ལས་གྲུབ་པའི་གླིང་ཕྲན་འདྲ་བ་ཞིག་ཀྱང་ཡོད་པ་དེའི་ཐོག་རྡོ་ཡི་ཀ་བ་དང་། ལྷུན་གྱིས་གྲུབ་པའི་རྡོ་ཟམ། བྲག་ཕུག་ལ་སོགས་པའི་ས་དབྱིབས་ཀྱི་ཆགས་ཚུལ་ངོ་མཚར་ཆེ་ཞིང་རང་བྱུང་གི་མཛེས་ཆོས་དུ་མ་དང་ལྡན། གནམ་མཚོ་ཕྱུག་མོ་འདི་ཉིད་བསྐལ་པའི་དུས་རིམ་གསུམ་པའི་ནང་ཧི་མ་ལ་ཡའི་རི་བོ་འགུལ་སྐྱོད་བྱེད་སྐབས་གསར་དུ་བྱུང་བ་ཞིག་ཡིན་ཞིང་། ད་ཕན་མི་ལོ་ཁྲི་ཚོ་གཅིག་ཙམ་རིང་བོད་ལྗོངས་ས་མཐོའི་གནམ་གཤིས་སྐམ་ཤས་ཇེ་ཆེར་སོང་སྟབས་མཚོ་འདི་ཆག་ཤུགས་ཆེན་པོ་བྱུང་ཡོད་པ་སྟེ། དེང་སྐབས་མཐོང་རྒྱུ་ཡོད་པའི་གནའ་བོའི་ཆུ་རིས་ཁག་གསུམ་ཡོད་པ་ལས་ཆུ་རིས་མཐོ་ཤོས་དེ་ད་ལྟའི་མཚོ་ངོས་ལས་སྤྱི་ཁྲེ་བརྒྱད་ཅུས་མཐོ་བ་ཡོད། མཚོ་དབུས་ཀྱི་གླིང་ཕྲན་ཐོག་ལོ་ལྟར་དཔྱིད་མཇུག་དང་དབྱར་སྟོད་གཉིས་ལ་ས་ཕྱོགས་གཞན་ནས་འཕུར་འོང་པའི་བྱ་རིགས་ཀྱིས་གླིང་ཕྲན་ཁེབས་པས་སྒོ་ང་ཡང་གང་འདོད་ལྟར་བསྒྲུག་རྒྱུ་ཡོད། ཡངས་ཤིང་རྒྱ་ཆེ་བའི་མཚོ་འགྲམ་གྱི་སྤང་ལྗོངས་ཐོག་སྤྲ་བ་དང་སྲོ་དྲེག་སོགས་རྩྭ་སྣ་མང་པོ་སྐྱེས་ཤིང་། དེ་རྒྱུད་ཀྱི་ས་ཆ་རྣམས་རྩྭ་ཆུ་འཛོམས་པའི་འབྲོག་ཐང་ཡིད་དུ་འོང་བ་ཞིག་ཡིན་པས་ལོ་ཧྲིལ་པོར་སེམས་ཅན་རྩྭ་ཁར་རྒྱག་ཆོག གནམ་མཚོ་ཕྱུག་མོའི་རྒྱུད་དུ་འབྲོང་དང་། གནའ་བ། རི་བོང་སོགས་རི་དྭགས་གཅན་གཟན་གྱི་རྒྱུ་བ་རྟག་ཏུ་མཆིས། མཚོ་འདི་ཅུང་ཚྭ་ཁུ་བ་དང་མཚོ་ནང་དུ་ཉ་རིགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ལོ་ལྟར་དཔྱིད་ཀ་ཤར་དུས་ཉ་མོ་འཛིན་པའི་དུས་ཚོད་ལེགས་ཤོས་ཡིན།

     ཡར་འབྲོག་གཡུ་མཚོ། མཚོ་ཆེན་འདི་ནི་སྣ་དཀར་རྩེ་རྫོང་ཁོངས་སུ་གནས་ཤིང་། མཚོ་ངོས་ཀྱི་མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་བཞི་སྟོང་བཞི་བརྒྱ་བཞི་བཅུ་ཞེ་གཅིག་དང་མཚོ་ངོས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་དྲུག་བརྒྱ་སུམ་བཅུ་ལྷག་ཙམ་ཡོད་པ་དང་། མཚོ་འདིའི་མཐའ་སྐོར་གྱི་རིང་ཚད་སྤྱི་ལེ་གཏིང་ཚད་སྤྱི་ལེ་ཉིས་བརྒྱ་ལྔ་བཅུ་ལྷག་ཙམ་ཡོད་པ་དང་མཚོའི་གཏིང་ཚད་སྤྱི་ཁྲེ་སུམ་ཅུ་ནས་བཞི་བཅུ་བར་ཟིན་ཞིང་། མཚོའི་ཤར་རྒྱུད་དང་མཚོ་དབུས་ཀྱི་གཏིང་ཚད་རིང་ཤོས་ལ་སྤྱི་ཁྲེ་དྲུག་ཅུར་ཉེ་བ་ཡོད། མཚོ་འདི་ནི་བོད་ཀྱི་གཡུ་མཚོ་ གྲགས་ཅན་བཞིའི་ཡ་གྱལ་དུ་གཏོགས་གཡུ་མཚོ་བཞི་ནི་ཡར་འབྲོག་གཡུ་མཚོ་དང་། ཕུ་མ་གཡུ་མཚོ། མ་ཕམ་གཡུ་མཚོ། དྭངས་ར་གཡུ་མཚོ་བཅས་སོ།ཤིང་། དེ་ནི་ཆར་ཆུ་དང་། གངས་ཆུ། འཁྱག་རླུང་བཅས་ཀྱིས་ཁ་གསབ་བྱུང་བའི་མཚོ་ཞིག་ཡིན་ལ་འདི་ཡང་བོད་ལྗོངས་ས་མཐོའི་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་པའི་བརྒྱུད་པའི་རིམ་ནས་ཀོང་རོང་དུ་གྱུར་པར་ངེས། མཚོ་དང་ཐོག་ཡར་ཀླུང་གཙང་པོ་དང་འབྲེལ་བའི་ཕྱི་འབབ་མཚོ་མོ་ཞིག་ཡིན་རུང་མི་ལོ་ས་ཡ་གཅིག་གི་སྔ་རོལ་དུ་རི་རུད་ཆེན་པོ་ཞིག་བྱུང་ནས་ཡུལ་དཔལ་དིའི་ནུབ་རྒྱུད་སྤྱི་ལེ་ཉི་ཤུའི་མཚམས་ཀྱི་ཉེ་འདབས་སུ་རྨ་ཆུའི་སྟོད་རྒྱུད་ཀྱི་ལུང་གཞུང་འགག་སྟབས་མཚོ་འདི་ནང་འབབ་མཚོར་གྱུར། མཚོ་ནང་དུ་སྲོག་ཆགས་ཆུང་རིགས་མང་པོ་ཡོད་པས་ཉ་རིགས་འཚོ་རྟེན་ཕུན་སུམ་ཚོགས་པོ་ཡོད། འབྲེལ་ཡོད་ཙན་པས་ཚོད་དཔག་བྱས་པར་གཞིགས་ན་མཚོ་འདིའི་ནང་ཉ་རིགས་རྒྱ་མ་དུང་ཕྱུར་དྲུག་བར་ཡོད་ཚོད་ལ་བརྟེན་བོད་ཀྱི་ཉ་མཛོད་དུ་གྲགས། གཞན་ཡང་མཚོ་ཐོག་ཏུ་བྱ་ངུར་པ་དང་ཆུ་སྐྱར་སོགས་བྱ་རིགས་ཀྱང་མང་པོ་གནས་ཡོད། མཚོའི་མཐའ་སྐོར་དུ་རྩྭ་ཆུ་འཛོམས་པའི་རྩྭ་ཐང་མུའུ་བྱེ་བ་གཅིག་ཙམ་ཡོད་པས་བོད་ཀྱི་འབྲོག་ཐང་ཆེ་གྲས་ཤིག་ཡིན།

                                                                              ལྔ་པ། གནམ་གཤིས།

     བོད་ལྗོངས་ས་མཐོའི་ངོ་མཚར་ཆེ་བའི་ས་བབ་དང་བར་སྣང་རླུང་གི་རྒྱུ་བ། གཞན་ཡང་གནམ་གཤིས་བཅས་ཀྱིས་རྐྱེན་པས་འདིར་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ནམ་ཟླ་དཔོག་པར་དཀའ་བ་ཞིག་ཡོད། སྤྱིར་ན་བོད་ཀྱི་ནུབ་བྱང་གཉིས་གནམ་གཤིས་གྲང་ལ་སྐམ་ཤས་ཆེ་བ་དང་། ཤར་ལྷོ་གཉིས་གནམ་གཤིས་དྲོ་ལ་གཤེར་བ་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་། དེ་ཡང་ཤར་ལྷོ་ནས་ནུབ་བྱང་བར་ཚ་བའི་ཁུལ་དང་། ཅུང་ཚ་བའི་ཁུལ། དྲོ་ཁུལ། གྲང་བའི་ས་ཁུལ། གྲང་ངར་ཆེ་བའི་ས་ཁུལ་བཅས་དང་། གནམ་གཤིས་གཤེར་བ་དང་། ཅུང་གཤེར་བ། སྐམ་ཤས་ཅུང་ཡོད་པ། སྐམ་ཤས་ཆེ་བ་བཅས་གོ་རིམ་ལྟར་གནས་ཡོད། བརྗོད་མ་ཐག་པའི་ས་གནས་དང་གནམ་གཤིས་ཀྱི་ཁྱད་ཆོས་དེ་ས་ངོས་ཀྱི་མཚོན་བྱེད་ནི་གོང་གསལ་སྔ་རྟིང་ལྟར་ནགས་ཚལ་དང་། རི་མ་ནགས། རྩྭ་ཐང་། ཐང་རྒོད་སོགས་ཡིན། བོད་འདིའི་ས་དབྱིབས་ཆགས་ཚུལ་རྙོག་འཛིང་ཆེ་གཤིས་སྤྱིར་བོད་ལྗོངས་ཀྱི་ནམ་ཟླའི་འཕེལ་ཕྱོགས་ལ་ཆོས་ཉིད་ངེས་ཅན་ཞིག་ཡོད་ཀྱང་སྒོས་སུ་གྲོང་ཚོ་ཡས་མས་དབར་ལ་ཡང་དྲོ་གྲང་གོས་ཀྱི་ཁྱད་པར་ཞེས་དང་ཉིན་གཅིག་དུས་བཞིའི་འགྱུར་བ་ཞེས་པའི་དཔེ་ལྟར་ས་གནས་སོ་སོའི་རྒྱུད་ཀྱི་ནམ་ཟླར་ཁྱད་པར་ཆེ། བོད་ལྗོངས་ས་མཐོའི་ནམ་ཟླ་དམིགས་བསལ་ཡིན་དོན་ནི་ཉི་མ་ཚ་ལ་ཕོག་ཡུན་རིང་བ། གནམ་གཤིས་གྲང་ལ་ཉིན་མཚན་དབར་གྱི་དྲོ་གྲང་ཏེ་ཧེ་བག་ཆེ་བ། ནམ་ཟླ་སྐམ་གཤེར་དབྱེ་བ་གསལ་བ། མཚན་ཆར་མང་བ། དགུན་དཔྱིད་གཉིས་ལ་སྐམ་ཤས་ཆེ་ཞིང་ལྷགས་པ་ཚ་བ། རླུང་གནོན་ཆུང་ལ་གསོ་རླུང་ལྡེང་པོ་མེད་པ་བཅས་ཀྱིས་རེད།

      བོད་འདི་ས་ཁ་མཐོ་ཞིང་གསོ་རླུང་སྲབ་ལ་ཆུ་རླངས་དང་འདུས་ཚད་ཉུང་བ། ཕྲེད་ཐིག་དམའ་བ་བཅས་ཀྱིས་རྐྱེན་པས་རང་རྒྱལ་གྱི་ཡུལ་ལུང་གང་ལས་ཀྱང་ཉི་མའི་འོད་ཟེར་འཕྲོ་ཤུགས་ཆེ་བ་ཡོད། དཔེར་ན་ཕྲེད་ཐིག་གཅིག་གི་ཐོག་ཏུ་འཁེལ་བའི་རང་རྒྱལ་གྱི་ཐང་གཤོངས་ས་ཁུལ་ཁག་ལས་ཀྱང་ཉི་མའི་ཟེར་ཤུགས་ལྡབ་གཅིག་གམ་ཡང་ན་གསུམ་ཆ་གཅིག་ཙམ་གྱིས་ཆེ་ལ་ཉི་མ་ཕོག་ཡུན་ཡང་རྒྱལ་ཡོངས་སུ་རིང་གྲས་ཡིན། དེ་ཡང་བོད་ཀྱི་ཤར་ལྷོ་ཁུལ་ནས་ནུབ་བྱང་ཁུལ་དུ་རིམ་བཞིན་ཉི་ཡུན་རིང་དུ་འགྲོ་བ་རེད། བོད་དུ་མཚོན་ན་ལོ་འཁོར་མར་ཉི་མའི་ཟེར་ཤུགས་ཆེ་ཆུང་ནི་ཉི་བགྲོད་ཀྱི་ཁྱད་པར་ལ་གཞིགས་ནས་འགྱུར་ལྡོག་ཡོང་བ་སྟེ། ཟླ་དང་པོའི་ནང་ཉི་མའི་ཟེར་ཤུགས་ཆུང་ཤོས་ཡིན་པ་དང་། དེ་ནས་བཟུང་རིམ་བཞིན་ཉི་མའི་ཟེར་ཤུགས་རྒྱས་ཏེ་ཟླ་དྲུག་པ་དང་བདུན་པའི་ནས་ཟེར་ཤུགས་ཆེ་ཆུང་ནི་ས་ངོས་སུ་རྒྱ་ཁྱོན་ལིའི་རྨིས་གྲུ་བཞི་མ་རེའི་ཐོག་ཟླ་ངོའི་ཚ་ཚད་གྰ་སྟོང་ཚན་མ་༡༢ ༡ཟིན་ཞིང་། ཟླ་དྲུག་པའི་ནང་ལིའི་རྨིས་གྲུ་བཞི་མ་རེའི་ཐོག་ཟླ་ངོའི་ཚ་ཚད་གཱ་སྟོང་ཚན་མ་༡༦ཟིན་གྱི་ཡོད། ཆབ་མདོ་ཁུལ་དུ་ཟླ་བ་དང་པོའི་ནང་ཉི་མའི་ཟེར་ཤུགས་ཆུང་ཤོས་སྐབས་ལིའི་རྨིས་གྲུ་བཞི་མ་རེའི་སར་ཟླ་ངོས་ཚ་ཚད་གྰ་སྟོང་ཚན་མ་༡༠ཟིན་པ་དང་། ཉི་མའི་ཟེར་ཤུགས་ཆེ་ཤོས་ཀྱི་ཟླ་བ་བདུན་ཁའི་ནང་ལིའི་རྨིས་གྲུ་བཞི་མ་རེའི་སར་ཟླ་ངོའི་ཚ་ཚད་གྰ་སྟོང་ཚན་མ་༡༦ཟིན་གྱི་ཡོད། ལྗོངས་ཡོངས་སུ་ལོ་འཁོར་མར་ཆ་སྙོམས་ཉི་མ་ཕོག་ཡུན་ཆུ་ཚོད་༡༦༠༠ནས་༣༣༤༠༠བར་ཟིན་པའི་ཕྲེད་ཐིག་གཅིག་གི་ཐོད་ཏུ་འཁེལ་བའི་ཧུ་པེ་ཞིང་ཆེན་ཆུ་ཚོད་༡༢༠༠ནས་༢༢༠༠བར་ཟིནལས་ལོ་འཁོར་གྱི་ཉི་ཡིན་ཆུ་ཚོད་༤༠༠ནས་༡༢༠༠བར་གྱིས་རིང་བ་ཡོད། བོད་ཀྱི་ནུབ་རྒྱུད་ས་ཁུལ་ཁག་ལ་ལོ་འཁོར་གྱི་ཆ་སྙོམས་ཉི་ཡུན་ཆུ་ཚོད་༣༠༠༠༣༤༠༠བར་ཟིན་ཞིང་ལོ་འཁོར་མར་ཉི་མའི་ཟེར་ཤུགས་ཕོག་ཚད་ལིའི་རྨིས་གྲུ་བཞི་མ་རེའི་སར་ཆ་སྙོམས་ཚ་ཚད་གྰ་སྟོང་ཚན་མ་༡༩༠ནས་༢༠༠བར་ཟིན།

     བོད་འདིའི་ས་བབ་ཀྱི་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ནས་བརྩིས་སྤྱི་ཁྲེ་བཞི་སྟོང་བརྒལ་བས་འདིར་གནམ་གཤིས་གྲང་ལ་ཉིན་ཞག་དབར་གྱི་ཚ་གྲང་དབྱེ་ཁྱད་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན། སྤྱིར་བོད་ཁུལ་ས་ཕྱོགས་སོ་སོའི་གནམ་གཤིས་ཚ་གྲང་ཡང་ས་བབ་ཀྱི་ཆགས་དབྱིབས་དང་རྩ་བའི་ཆ་ནས་མཐུན་ཞིང་། དེ་ཡང་ཤར་ལྷོའི་རྒྱུད་ནས་ནུབ་བྱང་ཕྱོགས་སུ་གནམ་གཤིས་རིམ་བཞིན་གྲང་དུ་འགྲོ་བ་རེད། དྲོ་བའི་ཁུལ་ནི་བོད་ཀྱི་ཤར་ལྷོའི་མཚམས་ནས་ནུབ་བྱང་དུ་ཕྱོགས་ནས་ཆགས་ཤིང་། ཡར་ཀླུང་གཙང་པོའི་བཞུར་རྒྱུད་ཀྱི་ལུང་གཞུང་ཉིང་ཁྲིའི་ཤར་ནས་ཁག་གཉིས་སུ་གྱེས་ཏེ་གཅིག་ནི་ཡར་རླུང་གཙང་པོའི་གཞུང་དེད་ནས་ནུབ་ཏུ་རྒྱུག་པ་དང་། ཅིག་ཤོས་ནི་འབྲི་ཆུ་དང་། རྫ་ཆུ། ཟླ་ཆུ་བཅས་ཆུ་གསུམ་གྱི་གཞུང་དེད་ནས་བྱང་དུ་བརྒྱུགས་ཡོད་པས་བོད་འདིར་དྲོ་བའི་ཁུལ་གསུམ་དང་གྲང་བའི་ཁུལ་གཉིས་འདི་ལྟར་གྲུབ། བོད་ཁུལ་དུ་གནམ་གཤིས་དྲོ་ཤོས་ཀྱི་ཤར་ལྷོའི་རྒྱུད་དུ་ལོ་རེའི་ཆ་སྙོམས་དྲོད་ཚད་ཨང་གྲངས་༡༠ཟིན་པ་དང་། གཞིས་རྩེ་ནས་ཉིང་ཁྲི་བར་གྱི་ཡར་རླུང་གཙང་པོའི་བཞུར་རྒྱུད་དུ་ལོ་འཁོར་མར་ཆ་སྙོམས་དྲོད་ཚད་ཨང་གྲངས་༦Cབར་ཟིན་ཞིང་། ལོ་འཁོར་མར་ཟླ་ངོས་ཆ་སྙོམས་དྲོད་ཚད་ཨང་གྲངས་༡༠བརྒལ་བའི་དུས་ཚོད་ཟླ་བ་ལྔ་ཡས་མས་སུ་སྡོད། ཟླ་ལྔ་པ་ནས་དགུ་པའམ་བཅུ་པ་བར་ཡིནཕྲེད་རྒྱུག་རི་རྒྱུད་ཀྱི་ཤར་རྒྱུད་དུ་ཆགས་པའི་ལུང་གཞུང་དོག་མོ་རྣམས་ནི་བོད་ཀྱི་དྲོ་ཁུལ་གསུམ་པར་གཏོགས་ཤིང་། དེ་ཁུལ་དུ་ལོ་འཁོར་མར་ཟླ་ངོའི་ཆ་སྙོམས་དྲོད་ཚད་ཨང་གྲངས་༡༠Cབརྒལ་བའི་དུས་ཡུན་ཟླ་བ་ལྔ་ཙམ་ཟིན། གཞན་ཡང་གྲང་ངར་ཆེ་བའི་ཁུལ་གཉིས་ཡོད་པ་སྟེ་གཅིག་ནི་ནག་ཆུ་དང་མངའ་རིས་ས་ཁུལ་གྱིས་མཚོན་བོད་ཀྱི་བྱང་རྒྱུད་ས་ཆ་རྣམས་ཡིན། དེ་རྒྱུད་དུ་ལོ་འཁོར་ཆ་སྙོམས་དྲོད་ཚད་ཨང་གྲངས་༠Cའམ་ཡང་ན་དེ་ལས་ཀྱང་གྲང་བ་ཡོད་ལ་ལོ་འཁོར་མར་ཟླ་ངོའི་ཆ་སྙོམས་དྲོད་ཚད་ཨང་གྲངས་༡༠Cབརྒལ་བའི་དུས་ཡུན་ཟླ་ངོ་གཉིས་ཀྱང་ཁ་ལོན་གྱི་མེད། ཅིག་ཤོས་ནི་ཧི་མ་ལ་ཡའི་རི་རྒྱུད་དང་། དེའི་བྱང་ངོས་ཀྱི་རི་ཁུལ་རྣམས་ཡིན། ཧི་མ་ལ་ཡའི་བྱང་ངོས་རི་ཁུལ་དུ་ལོ་འཁོར་ཆ་སྙོམས་དྲོད་ཚད་ཨང་གྲངས་༠Cབར་ཟིན་ལ་ལོ་འཁོར་མར་ཟླ་ངོའི་ཆ་སྙོམས་དྲོད་ཚད་ཨང་གྲངས་༡༠Cབརྒལ་བའི་དུས་ཡུན་ཟླ་ངོ་གཉིས་ཡས་མས་སུ་གནས། བོད་ཡོངས་ལ་ལོ་འཁོར་ཆ་སྙོམས་དྲོད་ཚད་ཨང་གྲངས་.༢༠བར་ཟིན་ཞིང་ཟླ་དང་པོའི་ནས་གྲང་ཟུག་ཆེ་ཤོས་ཡིན་པས་ས་ཁུལ་ཕལ་མོ་ཆེར་གྲང་ཚད་ཨང་གྲངས་༠Cམང་སྡོད་ཀྱི་ཡོད། ནག་ཆུ་དང་མངའ་རིས་ཁུལ་དུ་གྲངས་ཚད་ཨང་གྲངས་༡༠Cལས་ཀྱང་གྲང་ངར་ཆེ་བ་ཡོད། སྤྱིར་ཟླ་བདུན་པའི་ནང་ཚ་བ་ཆེ་སྒང་ཡིན་རུང་ལྷ་ས་དང་། གཞིས་རྩེ། རྩེད་ཐང་སོགས་ལ་ཟླ་བདུན་པའི་ནང་ཞོད་དུས་ཁེལ་ནས་ཚ་བ་རྒྱས་མ་ཐུབ་པས་ཟླ་དྲུག་པའི་ནང་ཚ་བ་ཆེ་ཤོས་ཡིན། སྤོ་བོ་རྫོང་དང་ཡིད་འོང་རྒྱུད་དུ་ཟླ་བརྒྱད་པའི་ནང་ཚད་དུས་འཁེལ། མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་བཞི་སྟོང་བརྒལ་བའི་གདང་ལའི་རྒྱུད་དུ་གནམ་གཤིས་དྲོ་ཤོས་ཀྱི་དུས་སུའང་ཟླ་ངོའི་ཆ་སྙོམས་དྲོད་ཚད་ཨང་གྲངས་ ༡༠Cཡང་ཟིན་གྱི་མེད་ལ་ད་དུང་སྐབས་འགར་ཁ་བ་འབབ་ཡོང་། སྤྱིར་བོད་ཡོངས་ལ་ཟླ་རེའི་གནམ་གཤིས་དྲོ་གྲང་དང་ལོ་འཁོར་གྱི་ཚ་གྲང་འཕེལ་རིམ་འདྲ་ཡང་སྒོས་སུ་ལྷོ་བྱང་དབར་ཚ་གྲང་གི་ཁྱད་པར་ནི་དབྱར་དུས་ལས་དགུན་དུས་ཧེ་བག་ཆེ་བ་ཡོད།

     སྐམ་གཤེར་དབྱེ་བ་གསལ་ཞིང་མཚན་ཆར་མང་བ། བོད་ཡོངས་ལ་ཆར་ཞོད་ཆེ་བའི་ཁུལ་གཉིས་ཡོད་པ་ལས་གཅིག་ནི་ཤར་ལྷོའི་རྒྱུད་ཀྱི་རྫ་ཡུལ་ནས་ཉིང་ཁྲི་དང་ལྷ་རི་བར་དང་། ཅིག་ཤོས་ནི་སྟེང་ཆེན་ནས་གཞིས་རྩེ་བར་གྱི་ས་ཁུལ་རྣམས་ཡིན། ལོ་རེར་ཆར་ཞོད་ཆེ་ཆུང་ནི་ཤར་ལྷོའི་རྒྱུད་ཀྱི་ས་བབ་དམའ་ཤོས་སུ་ཆར་ཆུ་འཁྱིལ་ཚད་ཧའོ་རྨིས་ལྔ་སྟོང་ཡན་ཟིན་ཞིང་། དེ་ནས་ནུབ་བྱང་རྒྱུད་དུ་རིམ་བཞིན་ཇེ་ཉུང་དུ་སོང་ནས་ཆར་ཆུ་ཉུང་ཤོས་སུ་ཧའོ་རྨིས་ལྔ་བཅུ་ཡང་ཟིན་གྱི་མེད་པས་ཧེ་བག་ལྡབ་བརྒྱ་ལྷག་ཙམ་ཤོར། སྤྱིར་བོད་ཀྱི་ཤར་ལྷོ་ཁུལ་གཉིས་འབབ་ཞོད་ཆེ་ཞིང་བཞའ་ཚན་ཆེ་བ་དང་། ནུབ་བྱང་ཁུལ་གཉིས་ཆར་ཆུ་དཀོན་ཞིང་སྐམ་ཤས་ཆེ་བ་སོགས་དང་། གཞན་ཡང་ཤར་ལྷོ་རྒྱུད་ཀྱི་ས་བབ་དམའ་སར་རླུང་དུས་དང་ཞོད་དུས་མངོན་ཚད་ཆེན་པོ་མེད་པ་དང་ནུབ་བྱང་ཁུལ་དུ་རླུང་དུས་དང་སྐམ་དུས་མངོན་ཚན་ཆེ་བ་གང་ཡང་མེད། གཙོ་བོའི་ཞིང་འབྲོག་ཁུལ་དུ་རླུང་དུས་དང་ཞོད་དུས་ཀྱི་དབྱེ་བ་གསལ་ཞིང་སྤྱིར་ཟླ་བ་དྲུག་པ་ནས་དགུ་པའི་བར་ཞོར་དུས་ཡིན་ནས་དེའི་རིང་གི་ཆར་ཞོད་ནི་ལོ་འཁོར་མའི་འབབ་ཚད་ཀྱི་༨༠༩༠%བར་ཟིན། ཆར་ཞོད་ཚུགས་དུས་ཟླ་རེའི་ཆར་ཆུ་འབབ་ཚད་ནི་ཟླ་བ་གོང་མ་དེའི་ལྡབ་གསུམ་བཞི་ཙམ་ཟིན་ལ་ཆར་ཞོད་མཇུག་སྒྲིལ་དུས་ཟླ་ངོའི་ཆར་ཆུ་འབབ་ཚད་ཟླ་བ་མཇུག་མའི་འབབ་ཚད་ཀྱི་ལྡབ་བདུན་བརྒྱད་ཙམ་ཟིན། སྤྱིར་རང་ལྗོངས་སུ་མཚན་མོ་འབབ་ཆེ་ཞིང་། དེ་ཡང་ཡར་ཀླུང་གཙང་པོའི་བཞུར་རྒྱུད་དེ་བས་མངོན་ཚན་ཆེ་བ་ཡོད།

     དགུན་དཔྱིད་གཉིས་ལ་བར་སྣང་མཐོན་པོའི་དབྱིབས་སུ་ནུབ་རླུང་གི་རྒྱུ་བ་དྲག་པས་ནམ་ཟླ་སྐམ་ཤས་ཆེ་ལ་རླུང་འཚུབ་དྲག་པ་སོགས་བྱུང་། དེའི་རིང་ལ་སྐམ་དུས་སམ་ཡང་ན་རླུང་དུས་ཀྱང་ཟེར་ཞིང་སྤྱིར་ན་ཟླ་བཅུ་བའི་ཟླ་མཇུག་ནས་ཕྱི་ལོའི་ཟླ་ལྔ་པའི་བར་ཡིན། ཡང་སྒོས་སུ་ས་གནས་སོ་སོའི་དུས་ཡུན་རིང་ཐུང་ལ་དབྱེ་ཁྱད་ཆེ་ཙམ་ཡོད་པ་སྟེ། ཤར་རྒྱུད་དང་དཀྱིལ་རྒྱུད་དུ་རླུང་དུས་ཐུང་ཤོས་དང་ནུབ་བྱང་རྒྱུད་དུ་རླུང་དུས་རིང་ཤོས་ཡིན། དེའི་རིང་ལྗོངས་ཡོངས་ལ་ཆར་ཆུ་དཀོན་པས་ནམ་ཟླ་ཤིན་ཏུ་སྐམ་ཤས་ཆེ། ལྷག་པར་དུ་དཀྱིལ་རྒྱུད་དང་ནུབ་རྒྱུད་ས་ཁུལ་རྣམས་ལ་དེའི་རིང་གི་ཆར་ཆུ་འབབ་ཚད་ལོ་ཧྲིལ་པོའི་༨༢༠%བར་ལས་ཟིན་གྱི་མེད་ལ་ཐན་པ་ཆེ་ཤོས་ཀྱི་སྐབས་སུ་ཉིན་བརྒྱ་དང་སུམ་ཅུ་ནས་བརྒྱ་དང་བདུན་ཅུའི་བར་གྱི་དུས་ཡུན་ནང་ཆར་ཆུ་གཏན་ནས་མེད། དུས་ཚོད་དེའི་ནང་བར་སྣང་མཐོན་པོའི་དབྱིངས་སུ་རླུང་གི་རྒྱུ་བ་དྲག་པ་དང་། བར་སྣང་མཐོངས་ཀྱི་དྲོད་ཚད་འཕར་ཆག་སོགས་འབྱུང་བ་འཐབ་པའི་རྐྱེན་གྱིས་གནམ་གཤིས་རླུང་འཚུབ་ཆེ་བ་བྱུང་། དེ་ཡང་སྤྱིར་ཟླ་དང་པོ་ནས་ཟླ་ལྔ་པའི་བར་ཁེལ་ཞིང་། སྒོས་སུ་ཟླ་བ་གཉིས་པ་ནས་བཞི་པའི་རིང་ལྷགས་པ་ཚ་ཤོས་ཡིན་པས་ལོ་འཁོར་རླུང་འཚུབ་ཀྱི་༣༠༤༠%བར་ཟིན། བོད་ལྗོངས་སུ་ལྷགས་གཞུང་དུ་ཁེལ་བའི་ས་ཁུལ་གཉིས་ཡོད་པ་ལས་གཅིག་ནི་མངའ་རིས་ཁུལ་དེ་ཡིན་ཞིང་། དེ་ཁུལ་ས་ཁ་མཐོ་ལ་རི་རྒྱུད་དང་། རླུང་གི་རྒྱུ་བ་གཉིས་རྒྱུག་སྟངས་སྤྱིར་མཚུངས་ལ་ས་རྒྱ་ཡངས་ཁ་བཅས་ལ་བརྟེན་བར་སྣང་རླུང་དྲག་པོའི་རྒྱུ་བ་ས་གཞིར་ཤིན་ཏུ་ཁྱབ་སླ་བ་ཡོད། མངའ་རིས་ཁུལ་དུ་ལོ་རེའི་ཆ་སྙོམས་རླུང་ཆེན་འཚུབ་དུས་ཉིན་བརྒྱ་དང་བཞི་བཅུ་ཡས་ཟིན་ཞིང་སྒེར་རྩེ་རྒྱུད་དུ་ལོ་འཁོར་མའི་དུས་ཡུན་ཕྱེད་ཀ་ལྷག་ཙམ་རིང་རླུང་ཆེན་འཚུབ་པས་ལྗོངས་ཡོངས་ཀྱི་རྩེ་མོར་སོན། ཅིག་ཤོས་ནི་ཧི་མ་ལ་འི་རི་རྒྱུད་དང་། གངས་ཏེ་སེ་རི་རྒྱུད་དབར་གྱི་ཤར་རྒྱུད་ལུང་ཤུར་རྣམས་ཡིན། དེར་ས་ཁ་མཐོ་ལ་གཅོང་རོང་དོག་པ་བཅས་ཀྱིས་རྐྱེན་པས་རླུང་པོ་ཆེ་བའི་ས་ཁུལ་དུ་གྲུབ། དཔེར་ན་དིང་རི་ཁུལ་དུ་ལོ་འཁོར་ཆ་སྙོམས་རླུང་ཆེན་འཚུབ་དུས་ཉིན་བརྒྱ་དང་བཅུ་ཟིན། སྣ་དཀར་རྩེ་དང་། ལྷུན་རྩེ་རྒྱུད་དུ་ལོ་འཁོར་མར་ཉིན་བརྒྱད་ཅུ་ཡན་གྱི་རིང་དུ་རླུང་ཆེན་ལྡང་། གཞན་ཡང་བོད་ཀྱི་ཤར་ལྷོ་གཉིས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་ས་ཆ་རྣམས་ལ་རི་རྒྱུད་ཕྲེད་དུ་བརྒྱུགས་ཤིང་ས་བབ་དམའ་བ་བཅས་ཆུ་གསུམ་གྱི་གཞུང་དུ་ལོ་འཁོར་རླུང་ཆེན་འཚུབ་དུས་ཉིན་བཅུ་ཡང་ཟིན་གྱི་མེད།

     གལ་ཏེ་ཉིན་རེའི་ཆ་སྙོམས་དྲོད་ཚད་ཨང་གྲངས་འགྱུར་མེད་༠Cདབང་དུ་བྱས་པའི་བསྡོམས་གྲངས་དེ་གཙོ་བོར་འཛིན་པའི་ཐོག་ཞར་བྱུང་དུ་ནམ་ཟླའི་དབྱེ་ཁྱད་དང་། ཞིང་འབྲོག་ཐོན་སྐྱེད་ཀྱི་ད་ལྟའི་གནས་བབ་བཅས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་ས་ཁུལ་དབྱེ་བ་ཕྱེ་ན་ལྗོངས་ཡོངས་སུ་གནམ་གཤིས་མི་འདྲ་བའི་ས་ཁུལ་ཁག་བཅུར་དབྱེ་ནས་ངོ་སྤྲོད་བྱེད་ཆོག

  ﹙1ཚ་ཞིང་གཤེར་བའི་བོད་ཤར་ལྷོ་རྒྱུད་ཀྱི་རི་ཁུལ། ཁུལ་འདི་ནི་རི་བོ་ཧི་མ་ལ་ཡའི་ཤར་རྒྱུད་ཀྱི་ལྷོ་ངོས་དང་། ཕད་རུ་ལའི་ནུབ་རྒྱུད་བཅས་ཀྱི་ས་ཁ་དམའ་བའི་ཁུལ་རྣམས་ཡིན་ཞིང་། ས་བབ་ཆགས་ཚུལ་ནི་བྱང་མཐོ་ཞིང་ལྷོ་ཞོལ་བ་ཡུལ་སོག་ལེའི་ཁ་ལྟར་འབུར་གཤོངས་མི་སྙོམས་པ་ཞིག་ཡོད། དེ་རྒྱུད་ཀྱི་ཀླུང་ཐང་ཕལ་ཆེ་བ་རྒྱ་མཚོའི་ངོས་ལས་བརྩིས་མཐོ་ཚད་སྤྱི་ཁྲེ་ཉིས་སྟོང་ལྔ་བརྒྱ་ཡས་མས་སུ་གནས་ཤིང་། ཁུལ་དེའི་ལྷོ་རྒྱུད་མཐའ་སྣེར་མཐོ་ཚད་སྤྱི་ཁྲེ་ཆིག་སྟོང་ནས་བརྒྱ་ཕྲག་འགའ་ཤས་ཙམ་ལས་ཟིན་གྱི་མེད། ཁུལ་དེ་ཁོངས་ཀྱི་ཡུལ་ལུང་རྣམས་ཁ་ཐོར་དུ་གནས་པ་དཔེར་ན། རྫ་ཡུལ་དང་། ཀློ་ཡུལ། མོས་ཡུལ་བཅས་ཕུད། ད་དུང་གྲོ་མོ་དང་། གཉའ་ལམ་ཁུལ་གྱི་ཆ་ཤས་ཀྱང་དེ་ཁོངས་སུ་འདུས་ཡོད། ཁུལ་འདིའི་ནང་གི་རི་ཆེན་གནམ་གྱི་ཀ་བ་འདྲ་བ་དུ་མས་བྱང་ཕྱོགས་ཀྱི་གྲང་ངར་རྣམས་བཀག་སྟབས་དགུན་ཀྱི་གནམ་གཤིས་ནི་ཕྲེད་ཐིག་གཅིག་གི་ཐོག་ཏུ་འཁེལ་བའི་ནང་སའི་ཤར་རྒྱུད་ས་ཆ་རྣམས་ལས་ཀྱང་དྲོ་བ་ཡོད། དེ་ཁུལ་དུ་ལོ་འཁོར་མར་སད་དང་། འཁྱག་རྒྱག་སྲོལ་མེད་ཁར་ཆར་ཆུ་བཟང་བ་བཅས་ཀྱི་ཁྱད་ཆོས་ལྡན། སྤྱིར་ལོ་འཁོར་ཆར་ཆུ་འབབ་ཚད་ཧའོ་རྨིས་ཆིག་སྟོང་ཡས་མས་སུ་ཟིན་ཞིང་། སྒོས་སུ་ས་ཁུལ་ཆ་ཤས་ལ་ལོ་རེའི་འབབ་ཞོད་ཧའོ་རྨིས་ལྔ་སྟོང་ཙམ་ཟིན། ཁུལ་དེ་རྒྱུད་དུ་ཟླ་གསུམ་པ་ནས་འབབ་འགོ་ཚུགས་ཏེ་ཟླ་བཅུ་པའམ་ཡང་ན་ཟླ་བཅུ་གཅིག་པའི་ནང་གཞི་ནས་ཞོད་ཐག་ཆོད། དེ་རྒྱུད་དུ་གནམ་འཐིབ་པ་མང་བས་ཉི་མ་ཕོག་ཡུན་ཅུང་ཐུང་བ་སྟེ་ལོ་ལྟར་ཉི་ཡུན་གྱི་༤༠%ཡང་ཟིན་གྱི་མེད། ཁུལ་དེ་རྒྱུད་དུ་སོ་ནམ་གྱི་འབྲས་བུར་མ་རྨོས་ལོ་ཏོག་དང་། གྲོ། གཞན་ཡང་སྔོ་ཚལ་དང་། ཀྭ་རིགས་ཤིང་འབྲས། དེ་བཞིན་ཚ་བའི་ཁུལ་གྱི་ཐོན་འབྲས་སོགས་ཀྱང་ཡོད་ལ་གྲོ་འབྲས་གཉིས་ནི་ལོ་རེ་ཐོན་ལོ་འཁོར་ཉིས་ལེན་གྱི་གྲས་ཡིན། ད་དུང་ཚ་བའི་ཁུལ་དང་ཚ་བ་ཆེ་བའི་ཁུལ་གྱི་ནགས་ཚལ་སྟུག་པོ་སོགས་ཀྱང་ཡོད།

 ﹙2དྲོ་ཞིང་གཤེར་བའི་ས་ཁུལ་སྤོ་བོ་དང་ཉིང་ཁྲི་རྒྱུད། ས་ཁུལ་འདི་དག་གི་ཁོངས་སུ་གཙོ་བོ་ཉང་ཆུ་དང་ཕར་ལུང་གཙང་པོའི་གཞུང་། གཞན་ཡང་ཡར་ལུང་གཙང་པོའི་དཀྱིལ་གྱི་ས་ཁུལ་བཅས་གཏོགས་ཤིང་། མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་ཉིས་སྟོང་བདུན་བརྒྱ་ནས་སུམ་སྟོང་དགུ་བརྒྱ་བར་ཟིན། དེ་རྒྱུད་དུ་སྟེང་འོག་ཐད་དྲངས་ཀྱི་ནམ་ཟླའི་འགྱུར་བ་ཆེ་ཞིང་ཀླུང་ཐང་ཅུང་ཡངས་ལ་ནགས་ཚལ་ཕུན་སུམ་ཚོགས་པ་བཅས་དང་། ལོ་འཁོར་མར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་རྨིས་དྲུག་བརྒྱ་དགུ་བརྒྱ་བར་ཟིན། ཡིད་འོང་ཁུལ་དེ་ལས་མང་ལོ་འཁོར་ཆ་སྙོམས་དྲོད་ཚད་ཨང་གྲངས་༨༡༠C°བར་ཟིན་པ་དང་། དྲོད་ཚད་ཨང་རྟགས་0°Cའདི་ཟིན་པའི་ལོ་འཁོར་གྱི་དྲོད་ཚད་བསྡོམས་འབོར་300-3500°Cབར་ཟིན་ཞིང་ལོ་ཧྲིལ་པོའི་ནས་ཉིན་རེའི་དྲོད་ཚད་ཨང་གྲངས་10°Cཟིན་པའི་དུས་ཡུན་ཉིན་བརྒྱ་དང་ལྔ་བཅུ་ཡས་མས་སུ་ཟིན། དེ་རྒྱུད་དུ་གནམ་གཤིས་དྲོ་ཞིང་གཤེར་བ་དང་། ནམ་མཁའ་འཐིབ་འབབ་མང་ལ་ཉི་མ་ཕོག་ཡུན་ཅུང་ཐུང་བ། ལོ་འབྲས་ཐེངས་རེ་བསྡུ་བ། དགུན་ནས་དང་དགུག་གྲོ་འདེབས་པ་བཅས་ཁུལ་དེ་རྒྱུད་ནི་བོད་ཀྱི་འབྲུ་རིགས་ཐོན་ཡུལ་གཙོ་བོའི་གྲས་ཤིག་ཡིན།

  3འབྲི་ཆུ་དང་། ཟླ་ཆུ། རྒྱ་མོ་རྔུལ་ཆུ་སོགས་ཆུ་གསུམ་བཞུར་རྒྱུད་ཀྱི་དྲོད་ཞིང་ཕྱེད་གཤེར་བའི་ས་ཁུལ། དེ་ནི་ཕད་རུ་ལའི་ནུབ་ཕྱོགས་འབྲི་ཆུ་དང་། ཟླ་ཆུ། རྒྱ་མོ་རྔུལ་ཆུ་སོགས་ཆུ་གསུམ་བཞུར་རྒྱུད་དུ་འཁེལ་ཡོད། ཁུལ་འདིའི་རྒྱུད་དུ་ས་དབྱིབས་ཆགས་ཚུལ་རྙོག་འཛིང་ཆེ་ལ་རི་བོ་མཐོ་ཞིང་གཅོང་རོང་ཟབ་པ། བྱང་རྒྱུད་ས་བབ་མཐོ་ཞིང་ལྷོ་རྒྱུད་ཞོལ་བ་སོགས་འབུར་གཤོངས་སོག་ལེའི་ཁ་ལྟར་ཆགས་ཡོད། ཁུལ་འདིའི་བྱང་རྒྱུད་དུ་ཆར་ཆུ་ཅུང་དཀོན་པས་ལོ་འཁོར་མར་འབབ་ཚད་ཧའོ་རྨིས་བཞི་བརྒྱ་ནས་ལྔ་བརྒྱ་བར་ལས་མེད། དེ་ཁུལ་དུ་དགུན་དུས་ཁ་བ་མང་བ། ལོ་འཁོར་ཆ་སྙོམས་དྲོད་ཚད་ཨང་གྲངས་4-10°Cཟིན་ཞིང་དྲོད་ཚད་ཨང་རྟགས་0°འདི་ཟིན་པའི་ལོ་འཁོར་དྲོད་ཚད་བསྡོམས་འབོར་200-300°Cབར་ཟིན་པ་དང་། ལོ་འཁོར་མའི་ནང་ཉིན་རེའི་དྲོད་ཚད་ཨང་གྲངས་10°Cཟིན་པའི་དུས་ཡུན་ཉིན་དྲུག་ཅུ་ནས་བརྒྱ་དང་ལྔ་བཅུ་བར་ཟིན་པས། སྤྱིར་ལོ་ཏོག་འཚར་ལོངས་ཡོང་རྒྱུར་དྲོད་ལྡེང་ངེས་ཡོད་ཀྱང་ཁུལ་འདིའི་བྱང་རྒྱུད་དུ་ཉིན་རེའི་དྲོད་ཚད་དམའ་ཤོས་ཨང་གྲངས་0°Cའདི་འདྲ་ཟིན་པའི་དུས་ཡུན་ཉིན་བརྒྱ་དང་བརྒྱད་ཅུ་ནས་ཉིན་བརྒྱ་དང་བཞི་བཅུ་བར་ཟིན་པས་སྐྱེ་དངོས་འཁྱག་ཏུ་ཤོར་སླ། དེ་རྒྱུད་དུ་ཞིང་ཁུལ་དང་། འབྲོག་ཁུལ། ནགས་ཁུལ་བཅས་ཀྱི་ཆགས་སྟངས་དབྱེ་བ་གསལ་བ་དཔེར་ན། ཞིང་ཁུལ་ཕལ་མོ་ཆེ་རྒྱ་མཚོ་ངོས་ལས་བརྩིས་མཐོ་ཚད་སྤྱི་ཁྲེ་ཉིས་སྟོང་ནས་སུམ་སྟོང་བར་ཟིན་པའི་ས་ཁུལ་དུ་ཆགས་ཤིང་སོ་ནམ་གྱི་བྱ་བ་གཙོ་བོ་གྲོ་ནས་འདེབས་སྐྱོང་བྱེད་པ་རེད། མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་སུམ་སྟོང་ལྔ་བརྒྱ་ཡན་ལ་ས་མ་འབྲོག་ཁུལ་དང་ཡན་ལ་གདོད་མའི་ནགས་ཚལ་སྟུག་པོས་དཀྲིགས་པའི་རི་ཁུལ་ཡིན། ཁུལ་དེའི་རྒྱུད་དུ་གཙོ་བོ་ནགས་ལས་ལ་བརྟེན་པའི་ཐོག་སྤོ་མདའ་སོགས་རྩྭ་ཐང་རྒྱ་ཆེ་སར་འབྲོག་ལས་ལ་ཡང་བརྟེན་པ་རེད།སད་ཐན་གཉིས་ནི་ཁུལ་དེ་རྒྱུད་ཀྱི་རང་བྱུང་གནོད་འཚེ་གཙོ་བོ་ཞིག་རེད་ལ་བྱང་རྒྱུད་དུ་ཁ་བ་བབས་ན་འབྲོག་ལས་ལ་ཡང་གནོད་འཚེ་ཆེ།

   (4)ཡར་ལུང་གཙང་པོའི་གཞུང་དུ་ཆགས་པའི་ཅུང་དྲོ་ཞིང་བཞའ་གཤེར་ཕྲན་ཙམ་ལྡན་པའི་ས་ཁུལ། ཁུལ་འདི་ནི་གཉན་ཆེན་ཐང་ལྷའི་ལྷོ་རྒྱུད་ནས་བཞུར་བའི་ཡར་ཀླུང་གཙང་པོའི་བར་སྟོད་དུ་ཁེལ་བའི་ས་ཆ་རྣམས་ལ་ཟེར་ཞིང་། ས་དབྱིབས་གཙང་གཞུང་གི་ཀླུང་ཐང་དུ་གྲུབ། འདི་ཁུལ་གྱི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་སུམ་སྟོང་ལྔ་བརྒྱ་ནས་བཞི་སྟོང་ཉིས་བརྒྱའི་བར་དུ་གནས་ལ་རི་ཀླུང་ཀུན་ཏུ་ས་མཐོའི་སྔོ་རྩྭའི་རིགས་མང་པོ་སྐྱེ་བ་ཡིན། ལོ་འཁོར་ཆ་སྙོམས་དྲོད་ཚད་ཨང་གྲངས་5-8°Cབར་ཟིན་པ་དང་དྲོད་ཚད་ཨང་རྟགས་0°Cའདི་ཟིན་པའི་ལོ་འཁོར་དྲོད་ཚད་བསྡོམས་འབོར་2500-300°བར་ཟིན། ལོ་ཧྲིལ་པོའི་ནང་ཉིན་རེའི་དྲོད་ཚད་ཨང་གྲངས་10°Cཟིན་པའི་དུས་ཡུན་ཉིན་བརྒྱ་ནས་བརྒྱ་དང་དྲུག་ཅུ་ཙམ་ཟིན། ལོ་འཁོར་ཆར་ཆུ་འབབ་ཚད་ཧའོ་རྨིས་བཞི་བརྒྱ་ནས་ལྔ་བརྒྱ་བར་ཟིན་ཞིང་། དེ་ཡང་ཟླ་དྲུག་པ་དང་དགུ་བའི་བར་ཞོད་དུས་ཁེལ་བས་སྤྱིར་མཚན་མོ་འབབ་ཆེ། ཁུལ་དེར་ནས་དང་། དཔྱིད་གྲོ། སྲན་མ། དགུན་གྲོ། པད་པ་སོགས་འདེབས་ལས་ཀྱི་ལོ་རེ་ཐོན་རེ་བསྡུ་བ་དེ་ཡང་བོད་ཀྱི་འབྲི་རིགས་ཐོན་ཡུལ་གཙོ་བོའི་གྲས་ཡིན། ཐན་པ་ནི་ཁུལ་དེའི་རང་བྱུང་གནོད་འཚེ་ཆེ་ཤོས་ཡིན་ལ་ས་ཁ་མཐོ་བའི་ཞིང་ཁུལ་དུ་སད་སྐྱོན་ཡང་ཡོད།

   (5)ཧི་མ་ལ་ཡའི་རི་རྒྱུད་བྱང་ངོས་ཀྱི་ཐན་པ་ཅུང་ཆེ་བའི་དྲོ་མིན་གྲང་མིན་ཁུལ། ཁུལ་འདི་ནི་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་ཤིང་། དེ་ཡང་ཤར་ལྷུན་རྩེ་དང་མཚོ་སྣ་ནས་ནུབ་སྐྱིད་གྲོང་བར་གྱི་ས་ཆ་རྣམས་ཡིན། དེ་རྒྱུད་གནམ་གཤིས་དྲོ་གྲང་སྙོམས་ཤིང་ནམ་ཟླ་ཅུང་སྐམ་ཤས་ཆེ་བའི་ཡུལ་ས་མ་འབྲོག་ཁུལ་ཞིག་ཡིན། ལོ་འཁོར་ཆ་སྙོམས་དྲོད་ཚད་ཨང་གྲངས་25C°བར་ཟིན་པ་དང་དྲོད་རྟགས་0°Cའདི་ཟིན་པའི་ལོ་འཁོར་གྱི་དྲོད་ཚད་བསྡོམས་པོར་15002200°Cབར་ཟིན། ལོ་འཁོར་མའི་ནས་ཉིན་རེའི་དྲོད་ཚད་ཨང་རྟགས་10°Cཟིན་པའི་དུས་ཡུན་ལོ་ལྔ་བཅུ་ནས་བརྒྱ་བར་ལས་མེད། ལོ་ཧྲིལ་པོར་ཆར་ཆུ་འབབ་ཚད་ཧའོ་རྨིས་སུམ་བརྒྱ་ཙམ་ལས་མེད་པ་དང་ལོ་འཁོར་འབབ་ཞོད་ཀྱི་80%ཡན་ཟླ་དྲུག་པ་ནས་དགུ་པའི་རིང་འབབ་ཅིང་མཚན་ཆར་མང་། དེ་ཁུལ་གྱི་ལུང་གཞུང་ས་བབ་དམའ་བ་རྣམས་ཞིང་ཁུལ་ཡིན་གཤིས་སོ་ནམ་གྱི་བྱ་གཙོ་བོ་ནི་གྲོ་ནས་སྲན་གསུམ་འདེབས་ལས་བྱེད། ས་ཁ་མཐོ་བའི་རི་ཁུལ་དུ་གཙོ་བོ་འབྲོག་ལས་ལ་བརྟེན་པ་ཡིན། འདི་རྒྱུད་དུ་རང་བྱུང་གནོད་འཚེ་གཙོ་བོ་ནི་སད་ཐན་གཉིས་ཡིན། གཞན་ཡང་ས་ཁུལ་འདི་རྒྱུད་དུ་ལྷགས་པ་ཆེ་ཞིང་བྱེ་འཚུབ་ཅུང་མང་བ་སོགས་མངའ་རིས་ས་ཁུལ་གྱི་རྗེས་སུ་འཛིན།

   (6)གནམ་གཤིས་ཅུང་གྲང་ལ་ཐན་པའི་ཁུལ་མངའ་རིས་ལྷོ་རྒྱུད། ཁུལ་འདི་ཁོངས་སུ་གངས་ཏེ་སེ་རི་རྒྱུད་ཀྱི་ལྷོ་ནུབ་མཐའ་ཁུལ་རྣམས་ཀྱི་ཐོག་ད་དུང་ས་དགའ་དང་། འབྲོང་པ། སྤུ་ཧྲེང་། རྩ་མདའ་སོགས་རྫོང་ཁག་གི་ས་ཁུལ་ཆ་ཤས་ཤིག་ཀྱང་འདུས་ཡོད། འདི་རྒྱུད་དུ་ལོ་འཁོར་ཆ་སྙོམས་དྲོད་ཚད་ཨང་གྲངས་13°Cབར་ཟིན་ལ་དྲོད་རྟགས་0°Cའདི་ཟིན་པའི་ལོ་འཁོར་གྱི་དྲོད་ཚད་བསྡོམས་འབོར་15002000°Cབར་ཟིན་པ་དང་། ལོ་ཧྲིལ་པོའི་ནང་ཉིན་རེར་དྲོད་ཚད་ཨང་གྲངས་10°Cཟིན་པའི་དུས་ཡུན་ཉིན་དགུ་བཅུ་ཡས་མས་སུ་གནས། ལོ་འཁོར་ཆར་ཆུ་འབབ་ཚད་ཧའོ་རྨིས་བརྒྱ་ནས་ཉིས་བརྒྱ་བར་ཟིན་ཞིང་། དེ་ཡང་ཤར་རྒྱུད་ནས་ནུབ་རྒྱུད་དུ་རིམ་བཞིན་ཉུང་དུ་འགྲོ། མཐོ་ཚད་རྒྱ་མཚོའི་ངོས་ནས་བརྩིས་སྤྱི་ཁྲེ་ཉིས་སྟོང་དགུ་བརྒྱ་ནས་སུམ་སྟོང་དགུ་བརྒྱ་བར་ཟིན་པའི་ཞིང་ཁུལ་དུ་གྲོ་ནས་སྲན་གསུམ་དང་། སྔ་སྨིན་པད་པ་སོགས་འདེབས་སྐྱོང་བྱེད་པ་མ་ཟད། ད་དུང་སོ་བ་དང་། ཞོག་གོག རྒྱ་སྲན་སོགས་ཀྱང་འདེབས་ལས་བྱེད་པ་རེད། དེ་མིན་ས་ཁ་ཅུང་མཐོ་བའི་རྒྱུད་དུ་གཙོ་བོ་འབྲོག་ལས་ལ་བརྟེན་པ་རེད། ཐན་པ་དང་། འཁྱག གཞན་ཡང་དགུན་དཔྱིད་གཉིས་ཀྱི་གངས་སྐྱོན་སོགས་ནི་ཁུལ་འདིའི་ཞིང་འབྲོག་ཐོན་སྐྱེད་ཀྱི་གནོད་འཚེ་ཆེ་ཤོས་ཤིག་རེད།

     (7)ནམ་ཟླ་གྲང་ཞིང་ཕྱེད་བཞའ་ཚད་ཅན་གྱི་བོད་བྱང་ཤར་ཁུལ། ཁུལ་འདི་ནི་ནག་ཆུའི་བྱང་ཤར་རྒྱུད་དུ་ཁེལ་ཞིང་དེ་ཁུལ་གྱི་ས་བབ་ཆགས་དབྱིབས་དང་ས་གཞིའི་བཅད་ཁའི་འགྱུར་བ་སོགས་ཀྱིས་རྐྱེན་པས་འབབ་ཞོད་ཅུང་ཆེ་ཞིང་ལྷག་པར་དུ་ལྷ་རི་རྫོང་དང་སོག་རྫོང་རྒྱུད་དུ་ཅུང་མངོན་ཚན་ཆེ། ཁུལ་འདི་རྒྱུད་དུ་ལོ་འཁོར་ཆར་ཆུ་འབབ་ཚད་ཧའོ་རྨིས་ལྔ་བརྒྱ་ལྔ་བཅུ་ནས་དྲུག་བརྒྱ་བརྒྱད་ཅུ་བར་ཟིན་པས་སྤོ་བོ་རྫོང་དང་ཡིད་འོང་རྒྱུད་ཀྱི་འབབ་ཚད་དང་འདྲ། དགུན་དཔྱིད་གཉིས་ལ་ཁ་བ་འབབ་མང་བས་བོད་ཁུལ་ཀྱི་གངས་རྫོབ་མཐུག་ཤོང་དང་གངས་ཡུན་རིང་ཤོས་ཀྱི་ས་ཁུལ་ཞིག་ཡིན་སྟབས་དེའི་རིང་གི་ནམ་ཟླ་གྲང་ཟུག་ཆེ། ཁུལ་འདེར་ལོ་འཁོར་ཆ་སྙོམས་དྲོད་ཚད་ཨང་གྲངས་23°Cབར་ཟིན་པ་དང་དྲོད་རྟགས་0°Cའདི་ཟིན་པའི་ལོ་འཁོར་གྱི་དྲོད་ཚད་བསྡོམས་འབོར་100200°Cབར་ཟིན། ལོ་ཧྲིལ་བོའི་ནང་ཉིན་རེའི་དྲོད་ཚད་ཨང་རྟགས་10°Cཟིན་པའི་དུས་ཡུན་ཉིན་བཞི་བཅུ་ཡང་ཟིན་གྱི་མེད་ལ་ཉུང་དུས་ཉིན་བརྒྱད་དགུ་ཙམ་ལས་མེད། ཚ་བ་ཆེ་ཤོས་ཀྱི་དུས་སུ་ཡང་ཟླ་ངོའི་ཆ་སྙོམས་དྲོད་ཚད་ཨང་གྲངས་812°Cབར་ལས་ཟིན་གྱི་མེད། ཁུལ་འདིའི་རྒྱུད་ཀྱི་ནག་ཆུ་དང་། སོག་རྫོང་། འབྲི་རུ་རྫོང་སོགས་ཀྱི་ས་ཆ་ཆ་ཤས་ཙམ་ལ་གྲོ་ནས་འདེབས་ལས་བྱེད་པ་ལས་ས་ཁུལ་ཕལ་ཆེ་ཤོས་དེ་ཡིན།

   (8)བྱང་ཐང་ལྷོ་རྒྱུད་ཀྱི་ཅུང་གྲང་ངར་ཆེ་བའི་ཐན་པའི་ཁུལ། ཁུལ་འདི་ནི་ནུབ་གཉན་ཆེན་ཐང་ལྷའི་བྱང་རྒྱུད་དང་གདང་ལའི་ལྷོ་ཕྱོགས་ཀྱི་དཔལ་མགོན་རྫོང་དང་ཤན་རྩ་རྫོང་རྒྱུད་དུ་ཁེལ། དེ་ཁུལ་དུ་ས་ཁ་ཅུང་མཐོ་ལ་ས་རྒྱ་ཡངས་ཤིང་བདེ་གཤོངས་སྙོམས། ཕྱོགས་བཞིར་རི་བོས་བསྐོར་ཞིང་མཚོ་དང་མཚོའུ་མང་བ། ལོ་འཁོར་ཆ་སྙོམས་དྲོད་ཚད་ཨང་གྲངས0°C ་འོག་ཏུ་སྡོད་ལ་གནམ་གཤིས་དྲོ་ཤོས་ཀྱི་སྐབས་སུའང་ཟླ་ངོའི་ཆ་སྙོམས་དྲོད་ཚད་ཨང་གྲངས་10Cཡང་ཟིན་གྱི་མེད། ལོ་འཁོར་ཆར་ཆུ་འབབ་ཚད་ཧའོ་རྨིས་སུམ་བརྒྱ་ཡས་མས་སུ་ཟིན་ཞིང་80%ཡན་གྱི་ཆར་ཆུ་རྣམས་ཟླ་དྲུག་པ་ནས་དགུ་བའི་བར་འབབ། ཁུལ་འདིའི་རྒྱུད་དུ་གཙོ་བོ་འབྲོག་ལས་ལ་བརྟེན་ན་ཡང་། རྩྭ་ཤིང་རིགས་ཐ་ཐོར་ཙམ་ལས་མེད། གངས་ཤུལ་གྱི་གྲང་ངར་དང་། ཐན་པ། བར་མཚམས་མེད་པའི་རླུང་ཆེན་སོགས་ཀྱིས་ཁུལ་འདིའི་རྒྱུད་ཀྱི་འབྲོག་ལས་ཐོན་སྐྱེད་ལ་གནོད་པ་ཚབས་ཆེན་བཟོ་བ་རེད།

     (9)བྱང་ཐང་ལྷོ་རྒྱུད་ཀྱི་གྲང་ངར་ཆེ་བའི་ཐན་པའི་ས་ཁུལ། འདི་ནི་གངས་ཏེ་སེ་རི་རྒྱུད་ཀྱི་བྱང་ཕྱོགས་སྒེར་རྩེ་དང་མཚོ་ཆེན་རྫོང་གི་ནུབ་ཕྱོགས་ནས་བརྩིས་མངའ་རིས་ཁུལ་གྱི་དཀྱིལ་རྒྱུད་དང་ནུབ་རྒྱུད་ས་ཁུལ་རྣམས་་ཡིན། ཁུལ་འདིའི་རྒྱུད་དུ་གནམ་གཤིས་གྲང་ཞིང་ལོ་འཁོར་མར་ཟླ་དྲུག་རིང་ཉིན་རེའི་གྲང་ཟུག་དམའ་ཤོས་ཨང་གྲངས་0°Cའོག་ཏུ་སྡོད་པ་དང་། ལོ་འཁོར་ཆར་ཆུ་འབབ་ཚད་ཧའོ་རྨིས་བརྒྱ་ཡང་ཟིན་གྱི་མེད། ལོ་ཧྲིལ་པོའི་ནང་ཉིན་བརྒྱ་དང་བཞི་བཅུའི་རིང་རླུང་ཆེན་ལྡང་། འདི་རྒྱུད་དུ་གཙོ་བོ་འབྲོག་ལས་ལ་བརྟེན་ཞིང་ས་ཆ་ཕལ་ཆེ་བ་ཐང་རྒོད་དང་རྩྭ་ཐང་ཡིན། དགུན་དཔྱིད་གཉིས་ལ་གངས་ཆེན་དང་། འཁྱག་ཐན་པ། བྱེ་རླུང་སོགས་ཀྱིས་རྐྱེན་པ་ནི་ཁུལ་འདི་རྒྱུད་ཀྱི་རང་བྱུང་གནོད་འཚེ་གཙོ་བོ་དེ་ཡིན།

     (10)བྱང་ཐང་བྱང་རྒྱུད་ཀྱི་གྲང་ངར་ལྷག་པར་ཆེ་བའི་ཐན་པའི་ས་ཁུལ། འདི་ནི་གདང་ལའི་ནུབ་རྒྱུད་ནས་དཔལ་མགོན་མཚེའིའུ་བྱང་རྒྱུད་བར་དུ་ཁེལ་ཞིང་། འདི་རྒྱུད་དུ་ས་ཁ་ཤིན་ཏུ་མཐོ་ལ་གནམ་གཤིས་ལྷག་པར་གྲང་ཞིང་ནམ་ཟླ་སྐམ་ཤས་ཆེ་བ། རྩྭ་སྣ་ཤིང་སྣ་དཀོན་པ་སོགས་ཡིན། ལོ་འཁོར་ཆ་སྙོམས་གྲང་ཟུག་ཨང་གྲངས་4འོག་ཏུ་སྡོད་པ་དང་ལོ་འཁོར་མའི་ཆར་ཆུ་འབབ་ཚད་ཧའོ་རྨིས་དྲུག་ཅུ་ཡང་མི་ཟིན་པའི་ཐོག་རླུང་ཆེན་ལྡང་བ་བཅས་ཀྱིས་ལོ་ཏོག་འདེབས་སྲོལ་མེད་ཀྱང་ཕྱུགས་རིགས་མཚོ་སྐྱོང་སོགས་འབྲོག་ལས་ཕྲན་བུ་བྱེད།

                                                                 མུ་འགོད།

 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060