གནས་ཡུལ། མདུན་ངོས། དེང་སང་པར་དུ་བཏབ་པའི་དཔེ་དེབ།
 
 
༄༅།། པེ་ཅིན་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་དཀར་ཆག
སྤེལ་དུས།2014-09-17   ཡོང་ཁུངས་།   རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།

        ཉེ་ཆར། བོད་རིག་པའི་ཞིབ་འཇུག་པ་ཨ་དཔའ་ངག་དབང་དཔལ་ལྡན་ལགས་ཀྱིས་གཙོ་སྒྲིག་བྱས་པའི་པེ་ཅིན་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་དཀར་ཆག་ཆེན་མོ་ཤེས་བྱའི་གཏེར་མཛོད་དེབ་དང་པོ་ཅེས་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་བསྐྲུན་གྱིས་འགྲེམ་སྤེལ་བྱས།
       
རྒྱལ་ཁབ་རིམ་པའི་ལས་གཞི་པེ་ཅིན་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་དཀར་ཆག་ཆེན་མོ་ཤེས་བྱའི་གཏེར་མཛོད་ཅེས་པའི་དཔེ་ཚོགས་དེ་ལོ་ངོ་བཅུའི་རིང་རྩོམ་སྒྲིག་བྱས་ཤིང་། དེབ་དང་པོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་མཛོད་ཁང་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་མིའི་རིགས་རིག་པ་དང་མི་རིགས་རིག་པ་ཞིབ་འཇུག་སུའོ་ཡི་དཔེ་མཛོད་ཁང་། ཕོ་བྲང་རྙིང་མའི་རྟེན་རྫས་བཤམས་མཛོད་ཁང་གི་དཔེ་མཛོད་ཁང་། རྒྱལ་ཁབ་དཔེ་མཛོད་ཁང་སོགས་པེ་ཅིན་གྱི་བོད་ཀྱི་བསྟན་བཅོས་ཉར་བའི་ལས་ཁུངས་གཙོ་བོ་འགའ་ཞིག་གི་བོད་ཡིག་དཔེ་རྙིང་གི་དཀར་ཆག་ཕལ་ཆེར་འདུས་ཡོད།
       
དཔེ་དེབ་འདིའི་ནང་དོན་གཙོ་བོར་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ། བོད་སྲོལ་རྒྱུན་གྱི་རིག་གནས་ཆེ་ཆུང་བཅུ། གངས་ཅན་མཁས་གྲུབ་རིམ་བྱོན་གྱི་གསུང་འབུམ་དང་ལྗགས་རྩོམ་ཕྱོགས་བསྒྲིགས། ཆོས་འབྱུང་དང་རྒྱལ་རབས།རྣམ་ཐར་སོགས་འདུས་པའི་ལོ་རྒྱུས་དེབ་ཐེར། དབུ་མ་དང་ཕར་ཕྱིན། ཚད་མ་རྣམ་འགྲེལ་སོགས་འདུས་བའི་མཚན་ཉིད་རིག་པ། གསང་སྔགས་རྙིང་མ་དང་གསར་མ།ཆོས་སྤྱོད་ཞལ་འདོན་སོགས་ཡོད།
       
དཔེ་དེབ་འདིའི་ནང་དུ་རྩོམ་པ་པོ་ཀརྨ་རང་བྱུང་རྡོ་རྗེ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན། རྒྱལ་ཚབ་རྗེ་དར་མ་རིན་ཆེན། རྒྱལ་སྲས་ཐོགས་མེད་བཟང་པོ། དངུལ་ཆུ་དྷརྨ་བྷ་དྲ། ཅོ་ནེ་གྲགས་པ་རྒྱལ་མཚན། ལྕང་སྐྱ་རོལ་པའི་རྡོ་རྗེ། ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ཏྰ་ལའི་བླ་མ་ངག་དབང་བློ་བཟང་རྒྱ་མཚོ། རྟ་ཚག་ཡེ་ཤེས་བསྟན་པའི་མགོན་པོ། སྟག་ཕུ་གར་དབང་བློ་བཟང་ཆོས་ཀྱི་དབང་ཕྱུག སྡེ་སྲིད་སངས་རྒྱས་རྒྱ་མཚོ། པཎ་ཆེན་ཨེར་ཏེ་ནི་བློ་བཟང་ཆོས་ཀྱི་རྒྱལ་མཚན། དཔལ་མང་པཎྡི་ཏ་དཀོན་མཆོག་རྒྱལ་མཚན། བུ་སྟོན་རིན་ཆེན་གྲུབ། བོ་དོང་ཕྱོགས་ལས་རྣམ་རྒྱལ། བྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ། བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོ། འབྲུག་པ་པད་མ་དཀར་པོ། ཙོང་ཁ་པ་བློ་བཟང་གྲགས་པ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། ཞྭ་དམར་ཆོས་གྲགས་ཡེ་ཤེས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ས་སྐྱ་ཀུན་དགའ་བློ་གྲོས། སུམ་པ་ཡེ་ཤེས་དཔལ་འབྱོར། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། ཨ་ཀྱྰ་ཡོངས་འཛིན་བློ་བཟང་དོན་གྲུབ། ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་སོགས་མཁས་པ་གྲགས་ཅན་ཡོད།
       
བསྟན་བཅོས་འདིའི་པར་གཞི་སྐོར་ལ་བོད་ལྗོངས་ཀྱི་ཞོལ་པར་ཁང་དང་སེ་ར་དགོན་པ་དང་།འབྲས་སྤུངས་དགོན་པ། དགའ་ལྡན་དགོན་པ། བཀྲ་ཤིས་ལྷུན་པོ། ས་སྐྱ་དགོན་པ།འབྲི་གུང་དགོན་པ། ཞྭ་ལུ་དགོན་པ། མཚུར་ཕུ་དགོན་པ། བསམ་ཡས་དགོན་པ་སོགས་ཀྱི་་པར་མ་དང་། མཚོ་སྔོན་གྱི་སྐུ་འབུམ་བྱམས་པ་གླིང་དང་དགོན་ལུང་དགོན་པ། རོང་བོ་དགོན་པ་སོགས་ཀྱི་པར་མ། ཀན་སུའུ་ཡི་བླ་བྲང་བཀྲ་ཤིས་འཁྱིལ་དང་ཅོ་ནེ་དགོན་པ་སོགས་ཀྱི་པར་མ། སི་ཁྲོན་གྱི་སྡེ་དགེ་དགོན་ཆེན་དང་དཔལ་སྤུངས་དགོན་པ་སོགས་ཀྱི་པར་མ། པེ་ཅིན་ས་ཁུལ་དུ་དགའ་ལྡན་བྱིན་ཆགས་གླིང་དང་སུན་ཀྲུའུ་ཟི་དགོན་པ་བཅས་ཀྱི་པར་མ་སོགས་ཡོད།
       
དེབ་འདིའི་དཀར་ཆག་རིགས་དབྱེའི་སྐོར་ལ་བཀའ་བསྟན་གྱི་སྐོར་དང་། བོན་པོའི་བཀའ་བརྟེན་གྱི་སྐོར། གསུང་འབུམ་གྱི་སྐོར། ཕྱོགས་བསྒྲིགས་ཀྱི་སྐོར། ཐོར་བུའི་སྐོར། རིག་གནས་ཆེ་བ་ལྔའི་སྐོར། རིག་གནས་ཆུང་བ་ལྔའི་སྐོར། ལོ་རྒྱུས་དེབ་ཐེར་གྱི་སྐོར། མཚན་ཉིད་རིག་པའི་སྐོར། གསང་སྔགས་ཀྱི་སྐོར། ཆོས་སྤྱོད་ཞལ་འདོན་གྱི་སྐོར། དཀར་ཆག་གི་སྐོར་སོགས་རིགས་གཙོ་བོ་དེ་དག་ཡོད།
       
དེབ་འདིའི་ནང་ཁྱོམ་བསྡོམས་པས་པོད་༥༢༢༢ཀྱི་བསྟན་བཅོས་ཀྱི་དཀར་ཆག་བསྒྲིགས་ཡོད་པ་དང་། དེར་ཆོས་ཚན53944དང་ལྡེབ་གྲངས་1290332བཅས་ཡོད། དཔེ་ཚོགས་འདིའི་དེབ་གཞན་དག་མུ་མཐུད་ནས་རྩོམ་སྒྲིག་བྱས་ཏེ་པར་སྐྲུན་བྱ་རྒྱུ་ལགས།
        གཙོ་སྒྲིག་པའི་གནས་ཚུལ་མདོར་བསྡུས།
       
ཨ་དཔའ་ངག་དབང་དཔལ་ལྡན། བོད་རིགས། 1952ལོའི་ཟླ12ཚེས15ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་གྱི་ལུང་མདོ་རྫོང་དཔའ་རིས་སྟོང་ཤོག་ཏུ་སྐྱེས་ཤིང་། 1974ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ནས་མཐར་ཕྱིན། 1981ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ཡིག་སྡེ་ཁག་གི་བོད་ཡིག་ཡིག་རྙིང་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་མཐར་ཕྱིན། 2004ལོར་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ཡིག་རྩོམ་རིག་སྡེ་ཁག་མི་རིགས་གནའ་དཔེ་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་མཐར་ཕྱིན། 1976ལོ་ནས1987ལོའི་བར་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དུ་རྩོམ་སྒྲིག་དང་གསར་འགྱུར་འགོད་མཁན། ཡིག་སྒྱུར་སོགས་ཀྱི་བྱ་བ་སྒྲུབ་པ་དང་། སྐབས་དེར་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ཏང་གི་སློབ་གྲྭས་གཙོ་གཉེར་བྱས་པའི་རྩེར་སྙེག་བོད་ཡིག་པར་གཞི་གི་གཙོ་སྒྲིག་པའི་འགན་ཁུར།1987ལོ་ནས1990ལོའི་བར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ཡིག་ཡིག་ཚགས་ཡིག་སྒྱུར་ཁང་དུ་ཡིག་སྒྱུར་དང་ཞུ་དག་གི་ལས་ཀ་བྱས། 1990ལོ་ནས2004ལོའི་བར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་མཛོད་ཁང་གི་ཞིབ་འཇུག་པ་གཞོན་པ་དང་ལས་འཛིན་པའི་འགན་ཁུར། 2004ལོ་ནས2011ལོའི་བར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་དེབ་དཔྱད་གཞིའི་ཡིག་རིགས་ཁང་གི་ཞིབ་འཇུག་པ་དང་ལས་འཛིན་པ་གཞོན་པའི་འགན་ཁུར། ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་ཞིབ་འཇུག་པ་དང་ལས་འཛིན་པའི་འགན་ཁུར་བཞིན་ཡོད་ལ། གཙོ་བོ་བོད་རིགས་སྲོལ་རྒྱུན་རིག་གནས་དང་བོད་ཡིག་གནའ་དཔེ།བོད་རིག་པའི་དཔྱད་གཞིའི་ཡིག་རིགས་སྐོར་བཅས་ལ་ཞིབ་འཇུག་བྱེད་བཞིན་ཡོད། ཞིབ་འཇུག་གི་འབྲས་བུའི་སྐོར་ལ་ཡོན་རྒྱལ་རབས་ཚུན་གྱི་བོད་ལྗོངས་ས་གནས་སྲིད་གཞུང་དང་ཀྲུང་དབྱང་སྲིད་གཞུང་བར་གྱི་འབྲེལ་བའི་སྐོར་གྱི་ཡིག་ཚགས་ལོ་རྒྱུས་ཡིག་རིགས་ཕྱོགས་བསྒྲིགས་དང་།བོད་རིགས་སྲོལ་རྒྱུན་རིག་གནས་ཚིག་མཛོད་ཀྲུང་གོའི་བོད་རིག་པའི་དཔེ་ཆའི་དཀར་ཆག་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནི་རིམ་བྱུང་གི་མཛད་རྣམ་བོད་རིགས་ཚིག་མཛོད་ཆེན་མོ་ཇོ་ནང་དཀར་ཆག་ཤེལ་དཀར་ཕྲེང་མཛེས་པེ་ཅིན་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་དཀར་ཆག་ཆེན་མོ་ཤེས་བྱའི་གཏེར་མཛོད་པེ་ཅིན་ས་ཁུལ་གྱི་བསྟན་བཅོས་མཚན་བྱང་གི་དཀར་ཆག་པེ་ཅིན་ས་ཁུལ་གྱི་བོད་ཡིག་རྡོ་རིང་གི་དཀར་ཆག་སོགས་དཔེ་དེབ་འགའ་ཡོད་ལ། ཆེད་རྩོམ་སྐོར་ལ་བོད་ཡིག་དཔྱད་གཞིའི་ཡིག་རིགས་སྔོག་འདོན་དང་བེད་ སྤྱོད་སྐོར་གླེང་བ་སོགས་བརྩམས་ཆོས40ལྷག་ཡོད། །

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005