གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།།བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པ་དང་ནུབ་བརྒྱུད་ཐོན་འབྱེད་ཆེན་མོ།
སྤེལ་དུས།2008-11-04   ཡོང་ཁུངས་།《ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་གླེང་སྟེགས》   རྩོམ་པ་པོ། ངག་དཔལ། འབྲུག་མོས་ཞུ་དག་བྱས།

        ནུབ་བརྒྱུད་ཐོན་འབྱེད་ཆེན་མོ་བྱས་པའི་བརྒྱུད་རིམ་ཁྲོད་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པའི་ལས་དོན་དེ་ངེས་པར་དུ་གལ་ཆེའི་གནས་བབ་ཐོག་ཏུ་འཇོག་དགོས། དེ་ཡང་། བོད་ལྗོངས་དང་བོད་རིགས་ས་ཁུལ་གཞན་དག་ཏུ་གནས་པའི་སྣེ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཉིང་ཁུ་མྱུར་སྐྱོབ་དང་སྲུང་སྐྱོབ་བྱས་ནས་བོད་ཡིག་དཔེ་རྙིང་ཐོན་ཁུངས་དེ་ནུབ་བརྒྱུད་གོང་འཕེལ་གཏོང་བར་ཕན་ཐོགས་པའི་ཐོན་ཁུངས་ཞིག་ཏུ་གང་འདྲ་བྱས་ཏེ་འགྱུར་བ་བྱེད་དགོས་མིན་གྱི་གནད་དོན་དེ་ནི་བོད་ཡིག་དཔེ་རྙིང་གི་ལས་དོན་པས་བསམ་གཞིག་དང་དཔྱད་བསྡུར་ནན་ཏན་བྱ་དགོས་པའི་བརྗོད་གཞི་ཞིག་ཡིན།

                                                              དང་པོ།

          གཅིག བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པ་དེས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད་པས་ནུབ་བརྒྱུད་ཐོན་འབྱེད་ཆེན་མོའི་ཐབས་ཇུས་ལག་བསྟར་བྱེད་པར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་པ་ཡིན།

ཡུན་རིང་གི་ལོ་རྒྱུས་འཕེལ་འགྱུར་དུ་མའི་ནང་གྲུབ་པ་དང་འཕེལ་རྒྱས་ཕྱིན་པའི་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྩ་བའམ་སྡོ་པོ་ལྟ་བུ་ཡིན་ཞིང་དེར་མི་རིགས་ཀྱི་གཤིས་ཀ་དང་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད་ལ་དེ་ནི་མི་རིགས་གཞན་དག་དང་མི་འདྲ་བའི་མཚོན་རྟགས་ཞིག་ཏུ་འགྱུར་ཡོད་པ་མ་ཟད་ལོ་རྒྱུས་ཐོག་གནས་པའི་རྩོད་གཞི་ཐག་གཅོད་བྱེད་པ་དང་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཞིག་ཀྱང་ཡིན། དེ་ནི་རང་རྒྱལ་གྱི་གཅིག་གྱུར་ཡིན་ཞིང་མི་རིགས་མང་བའི་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆའི་གལ་ཆེའི་དཔང་རྟགས་ཞིག་ཡིན། བོད་ཡིག་དཔེ་རྙིང་མྱུར་སྐྱོབ་དང་གསར་སྤེལ་བྱས་པ་བརྒྱུད། གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་མོས་དང་ཡུལ་སྲོལ་གོམས་གཤིས། མི་རིགས་ཀྱི་བརྩེ་སེམས་བཅས་ལ་བརྩི་འཇོག་གང་ལེགས་བྱས་པ་དེ་ནི་མི་རིགས་འདྲ་མཉམ་གྱི་རྩ་དོན་དང་མཐུན་པ་མ་ཟད་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར། སྤྱི་ཚོགས་བརྟན་ལྷིང་བཅས་ཡོང་བ་བྱེད་པའི་དགོས་ངེས་ཀྱི་བྱ་ཐབས་ཞིག་ཡིན།

གཉིས། བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པ་དེས་བོད་ལྗོངས་དང་བོད་རིགས་ས་ཁུལ་གཞན་དག་གི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་ཐོགས་ཡོད། བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་མང་ཚོགས་ཀྱི་འཚོ་བར་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་བྱུང་ཡོད། དཔལ་འབྱོར་གོང་འཕེལ་ཕྱིན་པ་དང་མང་ཚོགས་འཚོ་བ་ལེགས་བཅོས་བྱུང་དང་སྦྲགས། བོད་ལྗོངས་དང་བོད་རིགས་ས་ཁུལ་གཞན་དག་གི་རིག་གནས་སློབ་གསོའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། དེ་བས་ན་མི་རིགས་ཁག་གི་མི་དམངས་ཀྱིས་དངོས་པོའི་དཔལ་ཡོན་དོན་གཉེར་བྱེད་པ་དང་དུས་མཚུངས་བསམ་པའི་དཔལ་ཡོན་གོང་མཐོར་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། བོད་ཡིག་དཔེ་རྙིང་ཁྲོད་བསམ་པའི་རྒྱུ་ནོར་འབོར་ཆེན་ལྡན་ཡོད་པས་བོད་ཡིག་དཔེ་རྙིང་མྱུར་སྐྱོབ་དང་ལེགས་སྒྲིག སྔོག་བཏོན་བཅས་བྱས་པ་བརྒྱུད་དེའི་ནང་ནས་ནུབ་བརྒྱུད་ཐོན་འབྱེད་ཆེན་མོར་མཁོ་བའི་བསམ་པའི་འགུལ་ཤུགས་འཚོལ་ཞིབ་བྱས་ནས་ནུབ་བརྒྱུད་ཐོན་འབྱེད་ཆེན་མོ་དང་ཟུང་སྦྲེལ་བྱས་ཏེ་མི་མངོན་པའི་མཉམ་ཤུགས་ཞིག་ཆགས་པ་བྱ་རྒྱུ་ཡིན་ཞིང་དེར་གཞན་གང་གིས་ཚབ་བྱེད་མི་ནུས་པའི་གལ་ཆེའི་དོན་སྙིང་ལྡན་ཡོད།

གསུམ། བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་བྱེད་པ་དང་ལུགས་མཐུན་ངང་བེད་སྤྱོ་བྱས་ནས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བཏང་བ་བརྒྱུད་བོད་རིགས་ས་ཁུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་བཟང་ཆ་དེ་ཐོན་ཁུངས་ཀྱི་བཟང་ཆར་འགྱུར་བ་བྱརྒྱུ་དེ་ནི་ནུབ་བརྒྱུད་ཐོན་འབྱེད་ཆེན་མོར་སྐུལ་འདེད་གཏོ་བའི་གལ་ཆེའི་བཟང་ཆར་གྱི་གྲས་ཞིག་ཡིན། བོད་ཡིག་དཔེ་རྙིང་ཁྲོད་ཤེས་བྱ་ཕུན་སུམ་ཚོགས་པོ་ཡོད་ཅིང་རང་རྒྱལ་ནུབ་བརྒྱུད་ས་ཁུལ་གྱི་ཕུན་ཚོགས་སྣེ་མང་གི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སེམས་དང་དམངས་སྲོལ་འཁོད་ཡོད། ཉེ་ལམ་ལོ་ཤས་རིང་། བོད་རིགས་ས་ཁུལ་དུ་དཔལ་་་་་འབྱོར་གོང་འཕེལ་གཏོང་བའི་མི་མངོན་པའི་སྟོབས་ཤུགས་བཏོན་ནས་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ཁུངས་བེད་སྤྱད་དེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྱི་དཔལ་འབྱོར་འཛུགས་པའི་ཐད་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཐོབ་ཡོད། འོན་ཀྱང་རིག་གནས་ཀྱི་ཐོན་ཁུངས་མང་པོ་ཞིག་ད་དུང་བེད་སྤྱོད་བྱ་རྒྱུར་ལུས་ཡོད། མི་རིགས་སྨན་བཅོས་ཀྱི་རྩ་ཆེའི་གཞུང་ལུགས་བསྔོགས་བཏོན་དང་གསར་སྤེལ་བྱེད་པའི་ཁྲོད་བོད་རིགས་ཀྱི་གསོ་བ་རིག་པའི་ཕུལ་བྱུང་སྨན་གཞུང་དཔལ་ལྡན་རྒྱུད་བཞི་ཁོ་ནར་ཕྱི་རབས་པས་ཞིབ་འཇུག་བྱེད་སྐབས་བསྡོམས་རྩིས་རགས་ཙམ་བྱས་པར། རྒྱུད་བཞིའི་ནང་ཚན་ཁག་རྐྱང་པའི་སྨན་རྫས་རིགས་༩༡༡དང་ནད་རིགས་སྣ་ཚོགས་སྨན་བཅོསབྱེད་པའི་སྨན་སྦྱོར་རིགས་༣༤༥༦བསྡུས་ཡོད། རྨང་གཞི་དེའི་ཐོག་ཕྱོགས་གཅིག་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ངོ་མའི་ཐད་ཀྱི་རིན་ཐང་ལྡན་པའི་རིག་གཞུང་ཕྱག་རྩོམ་མང་པོ་མཛད་པ་དང་ཞིབ་འཇུག་བྱས་ཡོད། ཕྱོགས་གཞན་ཞིག་ནས་མཚོ་བོད་ས་མཐོའི་སྨན་རྫས་སྣ་ཚོགས་ཀྱི་ཁྱད་ཆོས་མི་འདྲ་བར་གཞིགས་ནས་དམིགས་བསལ་གྱི་ཕན་ནུས་ལྡན་པའི་སྨན། དཔེར་ན། མུ་ཏིག་བདུན་ཅུ་དང་། མུ་ཏིག་ཉེར་ལྔ། རིན་ཆེན་གྲང་སྦྱོར་སོགས་ཞིབ་བཟོ་བྱས་ཡོད་པས་སྤྱི་ཚོགས་དང་དཔལ་འབྱོར་ཐད་ཕན་འབྲས་ངེས་ཅན་ཞིག་ཐོབ་ཡོད་པ་དང་ཐོན་ཁུངས་དེ་རིགས་བེད་སྤྱོད་བྱེད་ཤེས་ཆེན་པོ་ཡོད།

བཞི། བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་དཀར་ཆག་སྒྲིག་པ་བརྒྱུད། མི་རིགས་ཁག་གི་ཕུལ་བྱུང་སློབ་གསོའི་བསམ་བློ་སྔོག་བཏོན་གང་ལེགས་བྱས་ནས་བོད་ལྗོངས་དང་བོད་རིགས་ས་ཁུལ་གཞན་དག་མཆོངས་བརྒལ་རང་བཞིན་གྱི་གོང་འཕེལ་ཡོད་ཤེས་ལྡན་མི་སྣ་སྣ་ཚོགས་གསོ་སྐྱོང་བྱེད་དགོས། བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་གསར་སྤེལ་བྱེད་པའི་བརྒྱུད་རིམ་ནང་། མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་ནང་གི་ཕུལ་དུ་བྱུང་བའི་སློབ་གསོའི་བསམ་བློ་དང་རིག་གནས་གྲུབ་འབྲས་བསྔོགས་བཏོན་གང་ལེགས་བྱས་ནས་བོད་ལྗོངས་དང་བོད་རིགས་ས་ཁུལ་གཞན་དག་གིས་རིག་གནས་དང་ཚན་རྩལ་གྱི་སློབ་གསོར་མཐོང་ཆེན་བྱེད་པ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣ་རྣམ་པ་གསར་རྐྱང་ཞིག་གསོ་སྐྱོང་བྱ་རྒྱུར་སྐུལ་འདེད་ཐེབས་པ་བྱས་ཏེ་ནུབ་བརྒྱུད་ཐོན་འབྱེད་ཆེན་མོའི་ནང་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ཐག་་་་གཅོད་བྱ་དགོས། ནུབ་བརྒྱུད་གསར་སྤེལ་བྱེད་པར་ཕྱི་རོལ་གྱི་སྟོབས་ཤུགས་རྒྱབ་སྐྱོར་དགོས་པ་ཙམ་མཟད་གཞི་རྩ་ནི་ད་དུང་རང་ངོས་ཀྱི་ཤེས་ལྡན་མི་སྣར་བརྟེན་དགོས།

                           གཉིས་པ།

གཅིག བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ལོ་༡༩༨༥ལོར་བོད་ཡིག་དཔེ་རྙིང་འཚོལ་བསྡུ་དང་ལེགས་སྒྲིག་དཀར་ཆག་སྒྲིག་པ། དཔེ་བསྐྲུན་བྱེད་པ་བཅས་ཀྱི་ལས་དོན་སྤེལ་བ་ནས་བཟུང་། སྔ་རྗེས་སུ་དུས་རབས་ཉི་ཤུའི་ནང་དེབ་ཏུ་བཀོད་པའི་ལོ་རྒྱུས་དེབ་ཐེར་དཀོན་རིགས་ལྡེའུ་ཆོས་འབྱུང་དང་ལོརྒྱུས་ཐོག་བསྡུ་སྒྲིག་དང་པར་བསྐྲུན་བྱེད་མ་མྱོང་བའི་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་གཅེས་བཏུས། ༡--༣གསར་དུ་རྩོམ་སྒྲིག་བྱས་པའི་བོད་ཡིག་ལོ་རྒྱུས་ཆེད་རྩོམ། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། དེ་བཞིན། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ནང་གཉིས་ཀྱི་དམངས་ཁྲོད་སྟོབས་ཤུགས་མཉམ་ལས་བྱས་ཏེ་ལེགས་སྒྲིག་དང་དཔེ་བསྐྲུན་བྱས་པའི་བོད་ཡིག་གི་བོན་ཆོས་བཀའ་བསྟན་འགྱུར་ཏེ་བཀའ་འགྱུར་དང་དེ་མིན། ལོ་རྒྱུས། རྩོམ་རིག ཚད་མ་རིག་པ། གནམ་རིག་སྐར་རྩིས། གསོ་བ་རིག་པ། བཟོ་རྩལ། གྲགས་ཅན་མི་སྣའི་གསུང་རྩོམ། གེ་སར་རྒྱལ་པོའི་སྒྲུ། སུམ་རྟགས་དག་གསུམ། རྒྱན་གོས་དང་རོལ་ཆ་སོགས་ཀྱི་ཐད་རིག་གཞུང་གི་རིན་ཐང་ཆེན་པོ་ལྡན་པའི་བོད་ཡིག་དཔེ་རྙིང་གི་དཔེ་དེབ་རིགས་༥༠ལྷག་དང་དེབ་གྲངས་ཆིག་འབུམ་ལྔ་ཁྲི་ལྷག་ལེགས་སྒྲིག་དང་དཔེ་བསྐྲུན་བྱས་ཡོད།

བོད་ཡིག་དཔེ་རྙིང་གི་དཀར་ཆག་ལེགས་སྒྲིག་བྱེད་པའི་ཐད། སྤྱི་ལོ་༡༩༩༩ལོ་ནས་བཟུང། བོད་ཡིག་དཔེ་རྙིང་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གི་རྒྱས་འཛོམས་གྲོས་ཚོགས་ཚོགས་ཚུན། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱིས་དཀར་ཆག་ཤོག་ལྷེ་༡༤༤༢༨སྙན་ཞུ་ཕུལ་ཡོད། དེའི་ནང་དེབ་ཐེར་རིགས་ཤོག་ལྷེ་༡༠༤༠༡དང་། རྡོ་བརྐོས་རིགས་ཤོག་ལྷེ་༣༢༨༠ཡིག་ཆའི་རིགས་ཤོག་ལྷེ་༡༠༩བཤད་གླུ་སྤེལ་མའི་རིགས་ཤོག་ལྷེ་༥༣༨བཅས་སྙན་ཞུ་ཕུལ་བ་མ་ཟད་བོད་ཡིག་དཔེ་རྙིང་ཐད་དཀར་ཆག་གསལ་བའི་བོད་ཡིག་གི་མ་ཟིན་གཏན་ཁེལ་བྱས་པ་དང་རྒྱ་ཡིག་ཏུ་ཕབ་བསྒྱུར་བྱེད་པའི་ལས་དོན་ཡང་སྒྲུབས་ཡོད།

གཉིས། མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྤྱི་ལོ་༡༩༨༤ལོར་གྲངས་ཉུང་མི་རིགས་དཔེ་རྙིང་གཞུང་ལས་ཁང་བཙུགས་པ་ནས་བཟུང། སྔ་རྗེས་སུ་བོད་ཡིག་དཔེ་རྙིང་ཁག་བཞི་ཅུ་ལྷག་འཚོལ་ཞིབ་དང་ལེགས་སྒྲིག དཔེ་བསྐྲུན་བཅས་བྱས་ཡོད་ཅིང་དེའི་ནང་བོད་ཡིག་དཔེ་རྙིང་ཁག་ཉི་ཤུ་ལྷག་ཡོད། དེ་ཙམ་དུ་མ་ཟད། ད་ཡོད་ཀྱི་བོད་ཡིག་དཔེ་རྙིང་ཐད་དཀར་ཆག་ཐོ་འགོད་བྱས་ཡོད། ཐོག་མའི་བསྡོམས་རྩིས་བྱས་པར་གཞིགས་ན། ད་ལྟ་རྩོམ་ཡིག་གཅེས་བཏུས་རིགས་༡༢དང་པོད་༤༤༨དང་ཤོག་ལྷེ་༡༨༧༢༠༠༠ཐར་ཐོར་རྩོམ་ཡིག་གཅེས་བཏུས་རིགས་༣༠༡༦དང་ཤོག་ལྷེ་༡༢༤༣༢༣༣བཅས་ཐོ་འགོད་བྱས་ཡོད། དེའི་ནང་སྐྱེ་ཁུངས་མཚོ་སྔོན་ནས་ཡིན་པའི་རྩོམ་པ་པོར་རྩོམ་ཡིག་པོད་དགུ་ཅུ་ལྷག་དང་ཤོག་ལྷེ་༣༢༢༣༨ཡོད་པ་དང་ངག་རྒྱུན་རིགས་༣༠༠༠ལྷག་ཐོ་འགོད་བྱས་ཡོད།

གསུམ། ཀུན་སུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་གྲངས་ཉུང་མི་རིགས་དཔེ་རྙིང་གཞུང་ལས་ཁང་གིས་ཞིང་ཆེན་དེ་ཡོངས་སུ་དཔེ་རྙིང་དཀར་ཆག་ཡོངས་ཁྱབ་ཞིབ་བཤེར་དང་འཚོལ་བསྡུ་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། བོད་ཡིག་དཔེ་རྙིང་ཉུང་ཤས་དེའི་ནང་གཙོ་བོ་ཆིན་རྒྱལ་རབས་དང་ཧན་རྒྱལ་རབས། ཡོན་རྒྱལ་རབས། མིང་རྒྱལ་རབས། ཆིང་རྒྱལ་རབས། མིང་གོ་ལོའི་དུས་སྐབས་ཁག་བཅས་སུ་པོ་ཏི་བརྒྱད་ཁྲི་ལྷག་ཡོད་ཅིང་དེའི་ནང་སྨན་རྫས་རིགས་དང་གནམ་རིག་སྐར་རྩིས་རིགས། རིག་དངོས་རིགས། ལོ་རྒྱུས་རིགས། དཔལ་འབྱོར་རིགས། ཆོས་ལུགས་རིགས། རྩོམ་རིག་རིགས། ཡིག་བསྒྱུར་རིགས་སོགས་ཚུད་ཡོད། ད་ཆ་བོད་ཡིག་དཔེ་རྙིང་ཁག་༥༥དང་བོད་ཡིག་དཔེ་རྙིང་ཁག་༢༥ལེགས་སྒྲིག་དང་དཔེ་བསྐྲུན་བྱས་ཡོད། ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་དཔེ་རྙིང་གཞུང་ལས་ཁང་གིས་ད་དུང་ས་གནས་རིམ་པའི་དཔེ་རྙིང་དཀར་ཆག་སྒྲིག་པའི་འགོ་ཁྲིད་ཚོགས་ཆུང་དང་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ནས་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ཏེ་རིམ་པ་བཞིན་དུ་ཡོངས་ཁྱབ་ཞིབ་བཤེར་དང་ཐོ་འགོད་ལས་དོན་སྒྲུབ་ཡོད། ད་ཆ་དཀར་ཆག་ཤོག་ལྷེ་ཆིག་འབུམ་དྲུག་ཁྲི་ལྷག་ཐོ་འགོད་བྱས་ཡོད་ཅིང་དེའི་ནང་བོད་ཡིག་དཔེ་རྙིང་ཐད་ཐོ་འགོད་བྱེད་དགོས་པའི་དཀར་ཆག་༢༨༡༠༠༠ལྷག་ཡོད་ཅིང་མིག་སྔར་དཀར་ཆག་༡༦༦༠༠༠ལྷག་ཐོ་འགོད་ཟིན་ཡོད།

བཞི། ཟི་ཁྲོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་གྲངས་ཉུང་མི་རིགས་དཔེ་རྙིང་གཞུང་ལས་ཁང་གིས་སྤྱི་ལོ་༡༩༨༡ལོར་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་དཀར་ཆག་སྒྲིག་པའི་ལས་དོན་གཙོ་གནད་དུ་སྒྲུབ་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ད་ལྟ་ཟི་ཁྲོན་གྱི་བོད་རིགས་ས་ཁུལ་དུ་གནས་པའི་རིགས་ཁག་གི་བོད་ཡིག་དཔེ་རྙིང་དེབ་ཉིས་འབུམ་ཆིག་ཁྲི་ལྷག་ཡོད་པ་དང་དམངས་ཁྲོད་དུ་ཁ་འཐོར་ཏུ་གནས་པའི་ངག་རྒྱུན་རིག་གནས་འབོར་ཆེན་འཚོལ་བསྡུ་དང་ལེགས་སྒྲིག དཀར་ཆག་སྒྲིག་པ་བཅས་བྱ་རྒྱུར་ལུས་ཡོད། ལོ་ངོ་ཉི་ཤུ་ལྷག་འབད་བརྩོན་ཆེན་པོས་ལས་དོན་སྒྲུབ་པ་བརྒྱུད། བོད་ཡིག་དཔེ་རྙིང་དེབ་ས་ཡ་གཅིག་དང་ལྔ་ཁྲི་ལྷག་དང་པར་ཤིང་ཆིག་འབུམ་ཉིས་ཁྲི་ལྷག བོད་ཀྱི་རི་མོ་༤༩༠༠ལྷག་མྱུར་སྐྱོབ་དང་འཚོལ་བསྡུ། ཉར་ཚགས་བཅས་བྱས་ཡོད། བོད་ཡིག་དཔེ་རྙིང་དེབ་༨༥༨༡ལེགས་སྒྲིག་བྱས་ཡོད་པ་དང། གནའ་དཔེ་རྩ་ཆེན་པོད་༤༡མྱུར་སྐྱོབ་གསབ་བརྐོ་བྱས་ཡོད་པ་དང་དང་རིགས་༣༤༦དཔེ་བསྐྲུན་བྱས་ཡོད། དཔེ་རྙིང་གི་དཀར་ཆག་སྒྲིག་པའི་ཐད། འབྲེལ་ཡོད་གཏན་འབེབས་དང་འགན་དཀྲི་བའི་བླང་བར་གཞིགས་ནས་ཟི་ཁྲོན་བོད་རིགས་ཀྱི་དཔེ་གཞུང་ཞེས་པའི་ནང་དེབ་གྲངས་ཀྱི་བསྡུས་གསལ་དཀར་ཆག་ཁྲོད་ཁྱོན་༤༠༠༠ལྷག་ལེགས་འདེམས་བྱས་ཡོད། སྤྱི་ལོ་༢༠༠༢ལོའི་ཟླ་བ་དང་པོར་ཁྲེན་ཏུར་ཞིབ་བཤེར་གཏན་འབེབས་བྱས་ཡོད། བོན་ཆོས་ཀྱི་བསྟན་བཅོས་༤༠༠༠ལྷག་དང་ཇོ་ནང་པའི་པྱག་དཔེའི་བསྡུས་གསལ་དཀར་ཆག་ནང་པོད་གྲངས་༩༠༠ལྷག་ལེགས་འདེམས་བྱས་ཡོད།

ལྔ། ཡུན་ནན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་དཔེ་རྙིང་གཞུང་ལས་ཁང་གིས་སྤྱི་ལོ་༡༩༧༩ལོར་བོད་ཡིག་དཔེ་རྙིང་ལེགས་སྒྲིག་བྱེད་འགོ་འཛུགས་པ་ནས་བཟུང་། ཡུན་ནན་ཞིང་ཆེན་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་ཁྱབ་ཚུལ་དང་ཉར་ཚགས་བྱེད་པའི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ལས་དོན་སྒྲུབ་རྒྱུའི་གཙོ་གནད་དེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་བཞག་ཡོད། གླིང་གེ་སར་རྒྱལ་པོའི་སྒྲུང་འཚོལ་བསྡུ་དང་ལེགས་སྒྲིག་བྱེད་པ་དང་། དམངས་ཁྲོད་རིག་རྩལ་ལ་ཡོངས་ཁྱ་ཞིབ་བཤེར་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་བདེ་ཆེན་ས་ཁུལ་གྱི་ལོ་རྒྱུས་དང་ཆོས་ལུགས། རིག་གནས་བཅས་ཀྱི་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་སྣ་ཚོགས་བསྡུ་སྒྲིག་བྱས་ཡོད། ད་བར། བདེ་ཆེན་བོད་རིག་པ་ཞིབ་འཇུག་ཁང་དུ་གླིང་གེ་སར་རྒྱལ་པོའི་སྒྲུང་གི་ལག་བྲིས་མ་དང་ཤིང་བརྐོས་དེབ་༣༠ལྷག་ཉར་ཚགགས་བྱས་ཡོད། དགོན་སྡེ་ཁག་ཚང་མར་གསེར་ཆུ་དང་དངུལ་ཆུ། མཚལ་ཡིག་བཅས་ལས་བཞེངས་པའི་བོད་ཡིག་གི་བཀའ་བསྟན་འགྱུར་དང་དེ་མིན་ཤིང་བརྐོས་དང་བསྟན་བཅོས་ལག་བྲིས་མ། བོད་ཡིག་གི་གནམ་བདག་ཆོས་ལུགས་ཀྱི་གསུང་རབ། གཞན་ཡང་། རྩོམ་རིག་དང་ལོ་རྒྱུས་རིགས་ཀྱི་གྲགས་ཅན་རྩོམ་ཡིག་ལག་བྲིས་མ་དེབ་༣༠ལྷག་དང་ཡིག་ཆའི་སྐོར་གྱི་ཡིག་ཚགས་༡༤༠༠ལྷག་སོགས་ཉར་ཚགས་བྱས་ཡོད་ཅིང་སྔ་རྗེས་སུ་གེ་སར་རྒྱལ་པོའི་སྒྲུང་སོགས་བོད་ཡིག་གི་དཔེ་དེབ་བཅུ་གྲངས་ཁ་ཤས་ལེགས་སྒྲིག་དང་ཕབ་བསྒྱུར། དཔེ་བསྐྲུན་བཅས་བྱས་ཡོད།བོད་ཡིག་དཔེ་རྙིང་ལེགས་སྒྲིག་བྱེད་པ་དང་དཀར་ཆག་སྒྲིག་པའི་ཐད། ད་ཆ་དཀར་ཆག་ཁྱོན་ཤོག་ལྷེམ་༢༠༠༠ལྷག་རྩོམ་སྒྲིག་བྱས་ཡོད།

དྲུག པེ་ཅིང་ནི་རང་རྒྱལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་པ་དང་ལོ་རྒྱུས་གོང་འཕེལ་འགྲོ་བ་དང་སྦྲགས་ལྷག་དོན་དུ་ཀྲུང་གོ་གསར་པ་དབུ་བརྙེས་ཚུན། བོད་རིག་པར་ཞིབ་འཇུག་བྱེད་པའི་བྱ་བཞག་ལ་གོང་འཕེལ་སྔར་ལས་ལྷག་པ་བྱུང་ཡོད། པེ་ཅིང་ས་ཁུལ་གྱི་དཔེ་མཛོད་ཁང་མི་ཉུང་བ་ཞིག་དང་འབྲེལ་ཡོད་སྡེ་ཁག་གིས་བོད་ཡིག་དཔེ་རྙིང་འབོར་ཆེན་འཚོལ་བསྡུ་དང་ཉར་ཚགས་བྱས་ཡོད། སྤྱི་ལོ་༢༠༠༡ལོའི་ལོ་སྟོད་དུ་དཀར་ཆགས་སྒྲིག་པའི་ལས་དོན་འགོ་བཙུགས་ཚུན། པེ་ཅིང་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་རྩོམ་སྒྲིག་ཁང་ནས་པེ་ཅིང་ས་ཁུལ་གྱི་ཁྱད་ཆོས་ལ་གཞིགས་ནས། ད་ཡོད་ཀྱི་དཀར་ཆག་སྒྲིག་མཁན་དཔུང་ཁག་སྒྲིག་འཛུགས་བྱས་པའི་རྨང་གཞིའི་ཐོག དཀར་ཆག་སྒྲིག་མཁན་རིགས་གཅིག་མཁས་པ་དང་དཀར་ཆག་རིག་པར་ཞིབ་འཇུག་གནང་མཁན་མཁས་པ་དང་ཆེད་ལས་མི་སྣ་གདན་ཞུ་བྱས་ཡོད་པས་པེ་ཅིང་ས་ཁུལ་དུ་དཀར་ཆག་སྒྲིག་པའི་རིགས་གཅིག་རྐང་འཛིན་པ་སྟོབས་ཆེན་ཞིག་གྲུབ་ཡོད། མིག་སྔའི་བར་སླེབས་སྐབས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སོགས་དཔེ་ཆ་ཉར་ཚགས་བྱས་ཡོད་མཁན་སྡེ་ཁག་གཙོ་བོ་དྲུག་གིས་ཉར་ཚགས་བྱས་ཡོད། བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་དཀར་ཆག་སྒྲིག་པའི་ལས་འགན་ལེགས་གྲུབ་ཟིན་ཡོད་ཅིང་བོད་ཡིག་དཔེ་རྙིང་པོ་ཏི་ཁྱོན་༢༠༠༠༠ལ་ཉེ་བ་ལེགས་སྒྲིག་དང་ཐོ་འགོད་བྱས་ཡོད་པ་དང་དཀར་ཆག་ཤོག་གྲངས་༢༠༠༠༠ལ་ཉེ་བ་རྩོམ་སྒྲིག་བྱས་ཡོད། བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་དཔེ་བསྐྲུན་བྱེད་པའི་ཐད་པེ་ཅིང་གྲོང་ཁྱེར་གྱིས་སྤྱི་ལོ་༡༩༨༤ལོར་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དཔེ་བསྐྲུན་འཆར་འགོད་འགོ་ཁྲིད་ཚོགས་ཆུང་བཙུགས་ཚུན། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཡིག་དཔེ་རྙིང་སྔོག་བཏོན་དང་མྱུར་སྐྱོབ་བྱས་ཡོད་ཅིང་བོད་རིག་པའི་ཐད་ཀྱི་བླ་མའི་སྐོར་བཤད་པ་ཞེས་པ་དང་དེ་མིན་གྱི་བོད་ཡིག་དཔེ་རྙིང་རིགས་བཅུ་ལྷག་གཅིག་མཇུག་གཉིས་མཐུད་དུ་ལེགས་སྒྲིགདང་དཔེ་བསྐྲུན་བྱས་ཡོད།

                       གསུམ་པ།

ཕུན་ཚོགས་སྣེ་མང་གི་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་ཀྱིས་མི་རིགས་རིག་གནས་འཛུགས་སྐྱོང་བྱེད་པར་གལ་འགངས་ཆེ་བའི་རིན་ཐང་ལྡན་ཡོད། ནུབ་བརྒྱུད་ཐོན་འབྱེད་ཆེན་མོས་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པ་དང་གསར་སྤེལ་དང་བེད་སྤྱོད་བྱེད་པར་བླང་བྱ་སྔར་བས་མཐོ་བ་བཏོན་ཡོད་པ་དང་ཕན་ཐོགས་སྔར་བས་ཆེ་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་སྲིད་ཇུས་ཀྱི་ཁོར་ཡུག་བསྐྲུན་ཡོད། དེར་བརྟེན། བོད་ལྗོངས་དང་བོད་རིགས་ས་ཁུལ་གཞན་དག་གིས་ནུབ་བརྒྱུད་ཐོན་འབྱེད་ཆེན་མོའི་གོ་སྐབས་བཟང་པོ་དེ་དམ་འཛིན་བྱས་ནས་བོད་ཡིག་དཔེ་རྙིང་ལེགས་སྒྲིག་ཡག་པོ་བྱེད་པ་དང་དཀར་ཆག་ཡག་པོ་སྒྲིག་པའི་རྨང་གཞིའི་ཐོགབབ་བསྟུན་གྱིས་མི་ཤུགས་དང་ནོར་ཤུགས་བཏང་སྟེ་གཙོ་གནད་དཔེ་རྙིང་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

གཅིག བོད་ཡིག་དཔེ་རྙིང་མྱུར་སྐྱོབ་དང་སྲུང་སྐྱོབ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པའི་ངོས་འཛིན་གང་ལེགས་ཡོང་བ་བྱས་ནས་འཚོལ་བསྡུ་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་མྱུར་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། བོད་ཡིག་དཔེ་རྙིང་གི་དཀར་ཆག་ལེགས་སྒྲིག་དང་རྩོམ་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད་མིག་སྔར་བོད་ཡིག་དཔེ་རྙིང་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པའི་ལས་འགན་ནི་ཧ་ཅང་གི་ཁ་ཚ་དགོས་གཏུགས་ཞིག་ཡིན་པའི་ངོས་འཛིན་གཏིང་ཟབ་ཡོང་བ་བྱ་དགོས། མིག་སྔར། རྩ་ཆེའི་བོད་ཡིག་དཔེ་རྙིང་མང་པོ་དམངས་ཁྲོད་དུ་ཁ་འཐོར་དུ་གནས་ཡོད་པས་དགོས་ངེས་ཀྱི་སྲུང་སྐྱོབ་བྱ་རྒྱུ་འདང་གི་མེད་པ་དང་ལག་བྲིས་མ་འགའ་ཤས་ད་བར་པར་བསྐྲུན་བྱས་མེད་པས་རྩ་བརླག་ཏུ་འགྲོ་བའི་ཉེན་ཁ་འཕྲད་ཡོད། དེའི་ཐོག་ནས་བོད་ཡིག་དཔེ་རྙིང་འཚོལ་བསྡུ་དང་མྱུར་སྐྱོབ་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བའི་ཐད། དང་པོ། དམངས་ཁྲོད་དུ་ཟབ་བསྐྱོད་བྱས་ནས་བརྟག་དཔྱད་དང་འཚོལ་བསྡུ་བྱེད་པ། དགོན་སྡེ་དང་ཆོས་ལུགས་མི་སྣ། དེ་བཞིན་དམངས་ཁྲོད་ཀྱི་གཏམ་བརྒྱུད་དང་ཁྱིམ་རྒྱུད་ཀྱི་ལོ་རྒྱུས། ས་གནས་ཀྱི་ལོ་རྒྱུས་བཅས་ཀྱི་ཁྲོད་ཕྱོགས་མང་པོ་དང་། བང་རིམ་མང་པོ། ཐབས་ལམ་མང་པོ་བཅས་ཀྱི་ཐོག་ནས་གཏིང་དཔོག་དང་འཚོལ་བསྡུ་བྱ་དགོས། གཉིས་པ། འཚོལ་བསྡུ་བྱེད་སྐབས་ཚན་ཁག་གི་ཁྱབ་ཁོངས་རྒྱ་ཆེན་པོར་དོ་སྣང་བྱ་དགོས། རིག་གནས་དང་ལོ་རྒྱུས། ཚད་མ་རིག་པ་བཅས་ཁོ་ན་མ་ཡིན་པར། རང་བྱུང་ཚན་རིག་ཐད་ཀྱི་ཚད་ལྡན་ཡིག་ཆ་མཐོང་ཆེན་སྔར་ལས་ལྷག་པ་བྱས་དགོས། གསུམ་པ། སྔ་མའི་ཉམས་འགྱུར་མ་བརླག་པའི་ཐོག་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དཔེ་རྙིང་ཚད་ལྡན་ཡིག་ཆ་སྣ་ཚོགས་ལེགས་སྒྲིག་བྱ་དགོས། བཞི་པ། འཚོལ་བསྡུ་བྱ་ཐུབ་པའི་ལག་བྲིས་མ་དང་དེབ་རྐྱང་པ་སོགས་ལ་འབྲེལ་ཡོད་རིགས་གཅིག་མཁས་པས་ལེགས་འདེམས་དང་ཞིབ་དཔྱད་དབྱེ་འབྱེད་བྱས་རྗེས། རིག་གཞུང་ཞིབ་འཇུག་དང་བེད་སྤྱོད་རིན་ཐང་ལྡན་པ་དག་འཕྲལ་དུ་མྱུར་སྐྱོབ་བྱས་ཏེ་ལེགས་སྒྲིག་དང་པར་བསྐྲུན་བྱས་ནས་རིག་གནས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།

གཉིས། རིམ་པ་ཁག་གི་འགོ་ཁྲིད་དང་འབྲེལ་ཡོད་ཁག དེ་བཞིན་སྤྱི་ཚོགས་སྟོབས་ཤུགས་བཅས་ཀྱིས་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆའི་མཉམ་སྦྲེལ་དཀར་ཆག་རྩོམ་སྒྲིག་བྱེད་པའི་ལས་དོན་ལམ་མཐོང་ཆེན་དང་ཤུགས་སྣོན་རྒྱབ་དགོས། རིམ་པ་ཁག་གི་འགོ་ཁྲིད་ཀྱིས་ལས་དོན་དེ་སྤེལ་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་མ་ཟད་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་བྱ་དགོས། དེ་ནི་བོད་ཡིག་དཔེ་རྙིང་གི་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་ཡིན། མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པའི་རྨང་གཞིའ་ཐོག ད་ཡོད་ཀྱི་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆར་དཀར་ཆག་རྩོམ་སྒྲིག་བྱེད་པ་དེ་ཡང་ཧ་ཅང་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཡིན་པས་བོད་ཡིག་དཔེ་རྙིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཚེ་གཞི་ནས་འཚོལ་བསྡུ་དང་ལེགས་སྒྲིག་བྱེད་པའི་དམིགས་ཡུལ་གྲུབ་སྲིད། བོད་ལྗོངས་དང་བོད་རིགས་ས་ཁུལ་གཞན་དག་གིས་སྤྱི་ཚོགས་ཕྱོགས་ཁག་གི་ནུས་ཤུགས་སྐུལ་སློ་གང་ལེགས་ཏེ་རང་ས་ཁུལ་གྱི་དཔེ་རྙིང་ཚད་ལྡན་ཡིག་ཆ་ཁྱབ་ཚུལ་དང་ཁ་གྲངས་གཏིང་དཔོག་ཐུབ་པ་བྱས་ནས་འབྲེལ་ཡོད་སྡེ་ཁག་དང་གཞོགས་འདེགས་བྱས་ཏེ་འབྲེལ་ཡོད་སྡེ་ཁག་ཁག་ལ་ཁ་འཐོར་དུ་གནས་པའི་དཔེ་རྙིང་ཚད་ལྡན་ཡིག་ཆ་དག་ས་ཁོངས་དང་རིག་གཞུང་ཚན་ཁག་ལ་གཞིགས་ནས་མཉམ་འབྲེལ་དཀར་ཆག་རྩོམ་སྒྲིག་བྱ་དགོས། མིག་སྔར། བོད་ཡིག་དཔེ་རྙིང་ཁོ་ནའི་ངོས་ནས་བརྗོད་ན། བོད་ལྗོངས་དང་མཚོ་སྔོན། ཀན་སུ། ཟི་ཁྲོན། ཡུན་ནན། པེ་ཅིང་སོགས་ཞིང་ཆེན་དང་གྲོང་ཁྱེར་རང་སྐྱོང་ལྗོངས་བཅས་དྲུག་ཏུ་ཤོ་ལྷེ་ཁྱོན་༡༩༥༥༤༢ཡོད་པའི་རྣམ་གྲང་ཞིག་ལེགས་སྒྲིག་དང་རྩོམ་སྒྲིག་བྱས་ཡོད། བོད་ཡིག་དཔེ་ཆ་གཞན་དག་གི་དཀར་ཆག་ཤོག་ལྷེ་༦༩༢༧ལེགས་སྒྲིག་དང་རྩོམ་སྒྲིག་བྱས་ཡོད། བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་པར་བསྐྲུན་བྱེད་པའི་ཐད། སྤྱི་ལོ་༡༩༨༨ལོ་ནས་བཟུང། ཞིང་ལྗོངས་དང་གྲོང་ཁྱེར་དྲུག་གིས་ལེགས་སྒྲིག་དང་དཔེ་བསྐྲུན་བྱས་ཟིན་པའི་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་རིགས་༦༠༠ལྷག་ཡོད།

གསུམ། སྔོན་ཐོན་གྱི་ཚན་རིག་དོ་དམ་བྱེད་ཐབས་དང་དེང་རབས་ལག་རྩལ་བྱ་ཐབས་སྤྱད་དེ་བོད་ཡིག་དཔེ་རྙིང་མྱུར་སྐྱོབ་དང་སྲུང་སྐྱོབ། ལེགས་སྒྲིག་བྱེད་པ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ནུབ་བརྒྱུད་ཐོན་འབྱེད་ཆེན་མོའི་འཐབ་ཇུས་ཁྲོད། ནུབ་བརྒྱུད་མི་རིགས་ས་ཁུལ་གྱི་ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་སྦྲགས་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་མྱུར་སྐྱོབ་དང་ལེགས་སྒྲིག་བྱེད་པའི་ལས་དོན་ཐད་ལའང་ཆ་འཕྲིན་དུས་རབས་ཀྱི་འགྲན་རྩོད་འཕྲད་རྒྱུ་ཡིན་པས་ནུ་བརྒྱུད་མི་རིགས་ས་ཁུལ་གྱིས་ངེས་པར་དུ་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་ངོས་འཛིན་གོང་མཐོར་བཏང་ནས་རྒྱུད་རིམ་རིག་པ་དང་ཇུས་འགོད་རིག་པ་སོགས་དེང་རབས་གསར་ད་རིག་གཞུང་ཚ་ཁག་གི་ཐབས་ཤེས་དང་རིགས་པའི་གཞུང་ལུགས་སྤྱད་ནས་བོད་ཡིག་དཔེ་རྙིང་མྱུར་སྐྱོབ་དང་ལེགས་སྒྲིག་བྱེད་པའི་ལས་དོན་གྱི་བརྒྱུད་རིམ་ཡོངས་ལ་ཡང་དག་པའི་འཁྲིད་སྟོན་བྱ་དགོས། ཆ་རྐྱེན་ཚང་བའི་སྔོན་འགྲོའི་འོག དེང་རབས་བརྙན་ཕབ་བསྐྱར་པར་ལག་རྩལ་དང་པར་རིས་ཆུང་བསྡུས་ཀྱི་བྱ་ཐབས། འོད་སྡེར་ནང་ཡིག་རིགས་བཀོད་པ་བཅས་ཀྱི་ལག་རྩལ་བེད་སྤྱད་དེ་ནང་དོན་རྣམ་པ་སྣ་ཚོགས་པའི་བོད་ཡིག་དཔེ་རྙིང་གི་རྩོམ་ཡིག་ཡོངས་རྫོགས་ཉར་ཚགས་བྱས་ནས་བོད་ཡིག་དཔར་རྙིང་མྱུར་སྐྱོབ་ཐུབ་པ་བྱ་དགོས། ད་ཡོད་ཀྱི་ལས་ཀའི་རྨང་གཞིའི་ཐོག དེང་རབས་ལག་རྩལ་བྱ་ཐབས་སྤྱད་ནས་བོད་ཡིག་དཔེ་རྙིང་གི་བགྲང་གཞིའི་མཛོད་འཛུགས་ཏེ་ཞིབ་བཤེར་འདྲི་རྩད་དང་དྲ་བའི་ཐོག་ནས་སྤེལ་རེས་བྱ་ཐུབ་པ་དང་འབྲེལ་ཡོད་ཞིབ་འཇུག་མི་སྣས་བེད་སྤྱོད་ཐུབ་པ་བྱས་ཏེ་མི་རིགས་སྲོལ་རྒྱུན་རིག་གནས་སྤེལ་རེས་དང་ཐོན་ཁུངས་མཉམ་སྤྱོད་བྱེད་པའི་དམིགས་ཡུལ་གྲུབ་པ་བྱ་དགོས།

བཞི། བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆའི་དཀར་ཆག་ལེགས་སྒྲིག་དང་རྩོམ་སྒྲིག་བྱེད་པའི་རྨང་གཞིའི་ཐོག་གདམ་ག་བྱས་ནས་གསར་སྤེལ་དང་བེད་སྤྱོད་བྱ་དགོས་པ་དང་དེའི་མི་མངོན་པའི་རིན་ཐང་འདོན་སྤེལ་གང་ལེགས་བྱ་དགོས། བོད་ཡིག་དཔེ་རྙིང་མྱུར་སྐྱོབ་དང་ལེགས་སྒྲིག་བྱེད་པར་དམིགས་ཡུལ་གཉིས་ཡོད་པ་སྟེགཅིག་ནི། གཙོ་བོ་ཕུལ་བྱུང་གི་རིག་གནས་ཤུལ་བཞག་ཉར་ཚགས་བྱ་རྒྱུ་དེ་ཡིན་པ་དང་། གཉིས་ནི། གཙོ་བོ་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུ་དེ་ཡིན། ནུབ་བརྒྱུད་མི་རིགས་ས་ཁུལ་གྱིས་ནུབ་བརྒྱུད་ཐོན་འབྱེད་ཆེན་མོའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་བོད་ཡིག་དཔར་རྙིང་གི་ཚད་ལྡན་ཡིག་ཆ་མྱུར་སྐྱོབ་དང་གསར་སྤེལ། བེད་སྤྱོད་བྱ་རྒྱུ་དེ་དང་རང་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་འཛུག་སྐྱོང་བྱ་རྒྱུ་གཉིས་པོ་ཟུང་སྦྲེལ་དམ་ཟབ་བྱས་ཏེ་བོད་ཡིག་དཔེ་རྙིང་གི་དམིགས་བསལ་ཕན་ནུས་འདོན་སྤེལ་བྱ་དགོས། དེ་ལྟར་བྱས་ཚེ་བོད་ཡིག་དཔེ་རྙིང་གི་མི་མངོན་པའི་རིན་ཐང་གཞི་ནས་མངོན་ཐུབ། མྱུར་སྐྱོབ་དང་སྲུང་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་དུས་མཚུངས། ལས་ཀའི་གཙོ་གནད་དེ་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུའི་ཐོག་འཇོག་དགོས། བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་ཁག་རྣམ་གྲངས་དབྱེ་ནས་ལེགས་སྒྲིག་བྱེད་དགོས་པ་མ་ཟད་ད་ཡོད་ཀྱི་ལེགས་གྲུབ་ལྡན་པའི་ཉམས་མྱོང་དཔྱད་གཞིར་འཛིན་ཏེ་བོད་ལྗོངས་དང་བོད་རིགས་ས་ཁུལ་གཞན་དག་གི་དོན་དངོས་ལ་ཞབས་ཞུ་བྱ་དགོས་པ་མ་ཟད་དཔལ་འབྱོར་ཕན་འབྲས་ངེས་ཅན་ཐོབ་པ་བྱས་ཏེ་བོད་ལྗོངས་དང་བོད་རིགས་ས་ཁུལ་གཞན་དག་གི་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། བོད་ཡིག་དཔེ་རྙིང་དེ་དག་བོད་ལྗོངས་དང་བོད་རིགས་ས་ཁུལ་གཞན་དག་གི་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་གཏོང་བའི་ཕན་ཡོན་ཀྱི་ཐོན་ཁུངས་སུ་གང་ཐུབ་ཀྱིས་བསྒྱུར་གང་ཐུབ་བྱས་ཚེ་ལས་དོན་དེའི་མི་མངོན་པའི་རིན་ཐང་དང་དོན་དངོས་ཀྱི་དོན་སྙིང་གཞི་ནས་མངོན་ཐུབ།

ནུབ་བརྒྱུད་ཐོན་འབྱེད་ཆེན་མོ་བྱེད་པའི་ཁྲོད། བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་མྱུར་སྐྱོབ་དང་སྲུང་སྐྱོབ། དེ་བཞིན་གསར་སྤེལ་དང་བེད་སྤྱོད་སྔར་བས་ལེགས་པ་བྱ་རྒྱུ་ནི་བོད་རིག་པའི་ཞིབ་འཇུག་ལས་དོན་པ་དང་དཔེ་རྙིང་ལས་དོན་པའི་གཟི་བརྗིད་ལྡནཔའི་ལོ་རྒྱུས་ཀྱི་ལས་འགན་དང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པ་མ་ཟད། བོད་ལྗོངས་དང་བོད་རིགས་ས་ཁུལ་གཞན་དག་གི་དཔལ་ཡོན་གཉིས་ཀྱི་འཛུགས་སྐྱོང་མཐུན་སྦྱོར་དང་གོང་འཕེལ་ཡོང་རྒྱུ་དང་མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རིག་གནས་གསར་པ་འཇུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཐད་དམིགས་བས་གྱི་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་དོ།

 ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་དཔེ་མཛོད་པ། 

 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060