〔ནང་དོན་གནད་བསྡུས།〕རྩོམ་ཡིག་འདིའི་ནང་ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་P.T༩༠༣ནི་《འདུལ་བ་བསྡུས་པ་》ཡི་འགྱུར་གཞུང་བྲིས་མ་ཞིག་ཡིན་པ་ལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཞུས་ཆེན་གྱི་ལོ་ཙཱ་བ་བེེ་རོ་ཙ་ན་སོགས་ཀྱིས་བོད་ཡིག་ཏུ་བསྒྱུར་ཅིང་། ཕྱིས་ལོ་ཙཱ་བ་ཤཱཀྱའི་དགེ་སློང་རྒྱལ་བ་ཤེས་རབ་སོགས་ནས་ཏུན་ཧོང་གི་འགྱུར་འདི་རྨང་གཞི་བྱས་ཐོག་སཾསྐྲྀཏའི་སྐད་ཀྱི་ཕྱི་མོ་ལ་ཁུངས་གཏུགས་ཏེ་འགྱུར་བཅོས་བྱས་ཤིང་གཏན་ལ་ཕབ་པ་ཞིག་ཡིན་ཚུལ་དང་། གཞུང་ལས་ལུང་སྡེ་བཞིའི་བརྗོད་བྱའི་སྙིང་པོ་མཐའ་དག་གཞི་བཅུ་བདུན་གྱི་སྒོ་ནས་བསྟན་ཡོད་ཚུལ་གླེང་ཡོད། 〔བརྡ་ཆད་གཙོ་བོ།〕ཏུན་ཧོང་གཏེར་ཡིག འདུལ་བ་བསྡུས་པ། སོ་ཐར་མདོ་ཡི་འགྲེལ་པ། གཞི་བཅུ་བདུན། ཏུན་ཧོང་ནས་ཐོན་པའི་བོད་ཡིག་གི་ཤོག་དྲིལ་P.T༩༠༣ནི་《འདུལ་བ་བསྡུས་པ་》ཡི་འགྱུར་གཞུང་བྲིས་མ་ཞིག་ཡིན་ཏེ། ཤོག་དྲིལ་འདིར་བསྡོམས་པས་ཤོག་གྲངས་དོན་གཅིག་ཙམ་ཡོད་ལ། ཏུན་ཧོང་ནས་རྙེད་པའི་བོད་ཡིག་གི་ཡིག་ཆའི་གྲས་སུ་ཤོག་གྲངས་ཅུང་མང་བའི་ཤོག་དྲིལ་ཞིག་ཡིན། ཤོག་དྲིལ་འདི་བྲིས་དཔེ་ཁ་ཚང་ཞིག་མིན་ལ་ཉར་ཚགས་ཀྱི་ལས་ཀ་ཡང་དེ་ཙམ་གྱི་ཡག་པོ་བྱུང་མེད། འོན་ཀྱང་དབུ་ཅན་དག་མོར་བྲིས་ཡོད་པས་ཤོག་བུའི་ཟུར་རེ་གཉིས་ཀྱི་ཡིག་འབྲུ་ཁ་ཤས་ཙམ་མ་གཏོགས་ཕལ་ཆེར་མགོ་ནས་མཇུག་བར་བདེ་བླག་ངང་བཀླག་ཐུབ། བྲིས་དཔེ་འདིའི་ཤོག་ངོས་རེར་ཐིག་ཕྲེང་ལྔ་རེ་བྱས་ཡོད་ལ་ཚིག་རྐང་རེའི་མཇུག་གི་ཡིག་འབྲུ་ཕྱི་མ་དང་ཤད་ཀྱི་བར་དུ་རྟགས་“︰”བཀོད་ཡོད་པ་ཅུང་མང་། བམ་པོ་དང་པོ་དང་། གཉིས་པ། དྲུག་པའི་མཇུག་ཏུ་མེ་ཏོག་མི་འདྲ་བ་རེ་བྲིས་ཡོད་པ་དང་བམ་པོ་གཉིས་པའི་མཇུག་ཏུ་ནོར་བུ་མེ་འབར་ཞིག་ཀྱང་བཀོད་ཡོད་པ་སོགས་ནི་བྲིས་ཤིན་ཏུ་ལེགས་པོ་ཞིག་འདུག སློབ་དཔོན་ཁྱད་པར་བཤེས་གཉེན་གྱིས་མཛད་པའི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་《འདུལ་བ་བསྡུས་པ་》བམ་པོ་བཅུ་གསུམ་གྱི་བདག་ཉིད་ཅན་འདི་ནི་《སོ་སོར་ཐར་བའི་མདོ་》ཡི་འགྲེལ་པ་རྒྱས་པ་ཞིག་ཡིན་ལ། བཙན་པོ་ཁྲི་སྲོང་ལྡེ་བཙན་﹙༧༤༢--༧༩༧﹚གྱི་སྐབས་རྒྱ་གར་གྱི་མཁན་པོ་ཤྲཱི་ལེནྡྲ་བོ་དྷི་དང་། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བེེ་རོ་ཙ་ན་རཀྵི་ཏ་བཅས་ཀྱིས་བོད་ཡིག་ཏུ་བསྒྱུར་བ་ཞིག་ཡིན། ད་ལྟ་ང་ཚོས་པེ་ཅིན་པར་གྱི་《བསྟན་འགྱུར་》པོད་བརྒྱ་དང་ཉི་ཤུ་བ་﹙ཕུ༡༩༩--༣༤༦﹚དང་། སྡེག་དགེ་པར་༤༡༠༥﹙ནུ༨༨a--༢༦༨a﹚དུ་མཐོང་ཐུབ་པའི་《འདུལ་བ་བསྡུས་པ་》སོགས་ནི་ཁ་ཆེའི་མཁན་པོ་ཛྙཱ་ན་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་ཤཱཀྱའི་དགེ་སློང་རྒྱལ་བ་ཤེས་རབ་དང་། ལོ་ཙཱ་བ་ཤྲཱཀྱའི་དགེ་སློང་ཤཱཀྱ་བཤེས་གཉེན་སོགས་ཀྱིས་ཏུན་ཧོང་གི་འགྱུར་འདི་རྨང་གཞིར་བྱས་ཐོག་སཾསྐྲྀཏའི་སྐད་ཀྱི་ཕྱི་མོ་ལ་ཁུངས་གཏུགས་ཏེ་བསྒྱུར་བཅོས་ཀྱིས་གཏན་ལ་ཕབ་པ་ཞིག་ཡིན་སྙམ། གཤམ་དུ་གཞུང་འདིའི་ཐོག་མའི་གཞུང་ཁུངས་དང་། གཞུང་དོན། གཞུང་འདིའི་སྒྲིག་གཞིའི་སྐོར་སོགས་ནས་ཅུང་བརྗོད་པར་བྱ་བ་ལ།
དང་པོ། 《འདུལ་བ་བསྡུས་པ་》ཡི་གཞུང་ཁུངས་བཤད་པ།
སངས་རྒྱས་ཤཱཀྱ་ཐུབ་པས་ཡུལ་ཝ་ར་ཎ་སིར་ལྔ་སྡེ་ལ་བདེན་བཞིའི་ཆོས་འཁོར་གསུངས་པ་བཀའ་བསྡུ་རིམ་པ་གསུམ་གྱིས་སྡེ་སྣོད་གསུམ་དུ་བསྡུས་པ་རྣམས་ཀྱི་མཆོག་ནི་འདུལ་བའི་སྡེ་སྣོད་ཡིན་པར་གསུངས་ཏེ། 《འདུལ་བ་བསྟོད་པ་》ལས་། “ཇི་ལྟར་འདི་ནི་ཤིང་རྩ་གཙོ་བོ་སྟེ།། རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་གཞི།། དེབ་ཞིན་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང་།། གཞི་དང་རྩ་བ་འདུལ་བ་ཡིན་པར་གསུངས།།”ཞེས་དང་། “ཇི་ལྟར་འགྲོ་འདི་རྒྱལ་བ་ཐམས་ཅད་ཀྱི།། མཛོད་མཆོག་འདུལ་བ་རྫོགས་པ་འདི་གནས་པ།། དེ་སྲིད་ཆོས་སྒྲོན་འདི་ཡང་གནས་འགྱུར་ཞིང་།། ལྡོག་པར་འགྱུར་ན་ཞི་བ་ཐོབ་མི་འགྱུར།།”ཞེས་པ་བཞིན་འདུལ་བའི་སྡེ་སྣོད་འདི་ཉིད་ཤིང་གི་རྩ་བ་ལྟར་ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དང་། དམཔ་འི་ཆོས་འཕེལ་བར་བྱེད་པ་དང་། ས་གཞི་དང་འདྲ་བར་སྡོམ་བརྩོན་ཅན་རྣམས་ཀྱི་གཞི་ཡིན་པར་གསུངས། འདུལ་བའི་སྡེ་སྣོད་འདི་ལ་ཡང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་དང་། འོད་སྲུང་བའི་སྡེ། ས་སྟོན་སྡེ། ཆོས་སྲུང་སྡེ་སོགས་སྡེ་པ་བཅོ་བརྒྱད་སོ་སོར་འདུལ་བའི་ཕྱག་ལེན་མང་པོ་ཞིག་བྱུང་བ་ལས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ། བོད་ལ་འདུལ་བའི་སྡེ་སྣོད་མཐའ་དག་གི་གཙོ་བོར་གྱུར་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ཕྱག་སྲོལ་གྱི་འདུལ་བ་ཉིད་འཚམས་པར་དགོངས་ནས་ལུགས་འདིའི་ལུང་དང་བསྟན་བཅོས་ཁོ་ན་ལས་བསྒྱུར་མི་ཆོག་པའི་བཀས་བཅད་མཛད་ཅིང་། གཞི་ཐམས་ཅད་ཡོད་སྨྲའི་མཁན་པོ་བོ་དྷིས་ས་ཏྭ་ཉིད་བོད་དུ་གདན་དྲངས་ནས་སད་མི་བདུན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དེ་ཕྱིན་བོད་དུ་བསྒྱུར་བའི་འདུལ་བའི་གཞུང་ཐམས་ཅད་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་སུ་གཏོགས་པར་བྱས་ལ། སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་《འདུལ་བ་བསྡུས་པ་》དེ་ཡང་འདིའི་ལུགས་གཞིར་བཞག་བྱས་པ་ཡིན་ལ། སློབ་དཔོན་ཁྱད་པར་བཤེས་གཉེན་གྱིས་གཞུང་འདི་མཛད་དུས་ཀྱང་དགེ་སློང་ཕའི་སོ་ཐར་གྱི་མདོ་དང་། འདུལ་བ་ལུང་སྡེ་བཞི་སོགས་ལ་ཁུངས་བཅོསལ་པ་ཡིན། དགེ་སློང་ཕ་མའི་སོ་ཐར་གྱི་མདོ་ནི་བོད་འགྱུར་འདུལ་གཞུང་རྣམས་རྩ་བའི་མདོ་དང་། བཤད་པའི་མདོ། ཕྱོགས་མཐུན་གྱི་མདོ། དེ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་བཅས་སྡེ་ཚན་བཞིར་དབྱེ་བའི་ཁྲོད་ཀྱི་རྩ་བའི་མདོའི་ཁོངས་སུ་གཏོགས་ཏེ། བོད་འགྱུར་དགེ་སློང་ཕའི་སོ་ཐར་གྱི་མདོ་ལ་ཤོ་ལོ་ཀ་བདུན་བརྒྱར་བམ་པོ་གཉིས་དང་། དགེ་སློང་མའི་སོ་ཐར་གྱི་མདོ་ལ་ཤོ་ལོ་ཀ་བརྒྱད་བརྒྱར་བམ་པོ་གཉིས་ཡོད། བཤད་པའི་མདོ་ལ་ལུང་སྡེ་བཞི་བཞུགས་པའི་འདུལ་བ་ལུང་གཞི་ལ་ཤོ་ལོ་ཀ་སུམ་ཁྲི་ཉིས་སྟོང་བདུན་བརྒྱར་བམ་པོ་བརྒྱ་དང་དགུ་ཡོད་པ་དང་། འདུལ་བ་རྣམ་འབྱེད་ལ་དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་ང་གསུམ་མདོར་བསྡུས་ནས་ཕའི་སོ་ཐར་གྱི་མདོའི་དོན་རྒྱ་ཆེར་བཤད་པ་སྟེ་དགེ་སློང་ཕའི་རྣམ་འབྱེད་ལ་ཤོ་ལོ་ཀ་ཉིས་ཁྲི་བཞི་སྟོང་དགུ་བརྒྱར་བམ་པོ་གྱ་གསུམ་དང་། དགེ་སློང་མའི་ཁྲིམས་སུམ་བརྒྱ་རེ་བཞི་བསྡུས་ནས་མའི་སོ་ཐར་གྱི་མདོའི་དོན་རྒྱས་པར་བཤད་པའི་དགེ་སློང་མའི་རྣམ་འབྱེད་ལ་ཤོ་ལོ་ཀ་བརྒྱད་སྟོང་བཞི་བརྒྱ་དང་བམ་པོ་ཉེར་བརྒྱད་ཡོད། འདུལ་བ་ལུང་ཕྲན་ཚེགས་སྒོ་བརྒྱད་ཀར་ཤོ་ལོ་ཀ་ཆིག་ཁྲི་བདུན་སྟོང་བདུན་བརྒྱ་དང་བམ་པོ་ལྔ་བཅུ་རྩ་དགུ་དང་། འདུལ་བ་གཞུང་བླ་མ་ལ་ཞུ་བ་རྫོགས་པ་དང་མ་རྫོགས་པ་གཉིས་ཡོད་པ་ལས་ཞུ་བ་རྫོགས་པར་བམ་པོ་ལྔ་བཅུ་རྩ་གསུམ་དང་། མ་རྫོགས་པར་བམ་པོ་བཅུ་གཉིས་ཡོད། ཕྱོགས་མཐུན་གྱི་མདོ་ལ་སྦྱངས་པའི་ཡོན་ཏན་སྟོན་པའི་མདོ་དང་། དགེ་སློང་རབ་ཏུ་གཅེས་པའི་མདོ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་སོགས་མདོ་ཚན་དགུ་ཡོད་ཅིང་། དེ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་ལ་མདོའི་དགོངས་འགྲེལ་དང་བསྟན་བཅོས་ཀྱི་དགོངས་འགྲེལ་གཉིས་ཡོད་པ་ལས་མདོའི་དགོངས་འགྲེལ་དུ་གཏོགས་པ་སོ་སོར་ཐར་པའི་མདོའི་དགོངས་འགྲེལ་ཏེ་སློབ་དཔོན་ཁྱད་པར་བཤེས་གཉེན་གྱིས་བམ་པོ་བཅུ་གསུམ་གྱི་བདག་ཉིད་ཅན་《འདུལ་བ་བསྡུས་པ་》འདི་ཉིད་མཛད་པ་ཡིན།
གཉིས་པ། 《འདུལ་བ་བསྡུས་པ་》ཡི་གཞུང་དོན་བཤད་པ།
《འདུལ་བ་བསྡུས་པ་》ཡི་གཞུང་འདི་ཉིད་བམ་པོ་བཅུ་གསུམ་དུ་ཕྱེ་ཡོད་ཅིང་། བརྗོད་བྱའི་ནང་དོན་གྱི་ཐད་ནས་ལུང་གཞི་ལས་འབྱུང་བའི་དོན་རྣམས་གཞུང་གི་ཚུལ་དུ་བཤད་པ་དང་། ལུང་རྣམ་འབྱེད་ལས་འབྱུང་བ་རྣམས་འགྲེལ་པའི་ཚུལ་དུ་མཛད། ལུང་ཕྲན་ཚེགས་ནས་འབྱུང་བ་རྣམས་ཁ་སྐོང་བའི་ཚུལ་དུ་དང་། ལུང་བླ་མ་ནས་འབྱུང་བ་རྣམས་དོགས་གཅོད་ཀྱི་ཚུལ་དུ་བཤད་དེ། མདོར་ན་ལུང་སྡེ་བཞིའི་བརྗོད་བྱའི་སྙིང་པོ་མཐའ་དག་གཞི་བཅུ་བདུན་གྱིས་བསྟན་ཡོད། དང་པོ་རབ་བྱུང་གི་གཞི་ནི་རབ་བྱུང་གི་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་གཞི་སྔོན་ཆོག་དང་ད་ཆོག་གི་སྡོམ་པ་ནོད་པའི་རིམ་པ་སོགས་དང་། གཉིས་པ་གསོ་སྦྱོང་གི་གཞི་ནི་ཞི་གནས་ཀྱི་གསོ་སྦྱོང་དང་། མཐུན་པའི་གསོ་སྦྱོང་། གསོ་སྦྱོང་བཅུ་བཞི་པ། བཅོ་ལྔ་པ། དབྱེ་བ་འདུམ་པའི་གསོ་སྦྱོང་། གནོད་པ་བཟློག་པའི་གསོ་སྦྱོང་། བཀྲ་ཤིས་ཀྱི་གསོ་སྦྱོང་སོགས་དང་། གསུམ་པ་དབྱར་གྱི་གཞི་ནི་བསླབ་པ་འཆའ་བའི་བསྙད་ཀ་གླེང་གཞི། དགོས་པ་ཅིའི་ཕྱིར་ཁས་བླངས་པ། རྟེན་གྱི་གང་ཟག་གང་གིས་ཁས་བླངས་པ། གནས་གང་དུ་ཁས་བླངས་པ། དུས་ནམ་གྱི་ཚེ་ཁས་བླངས་པ། གནས་གང་དུ་ཁས་བླངས་པ། དུས་ནམ་གྱི་ཚེ་ཁས་བླངས་པ། གནས་གང་དུ་ཁས་བླངས་པ། ཆོ་ག་ཇི་ལྟ་བུས་ཁས་བླངས་པ། དབྱར་ཁས་བླངས་པའི་དམ་ཚིག་བཤད་པ་སོགས་དང་། བཞི་པ་དགག་དབྱེའི་གཞི་ནི་ཡུལ་གང་ལ་དགག་དབྱེ་བྱ་བ་དང་། རྟེན་གང་གིས་དགག་དབྱེ་བྱ་བ་དང་། བྱེད་པ་པོ་གང་ལ་གོ་བར་བྱ་བ་དང་། གང་ལ་དགག་དབྱེ་བྱ་བའི་དངོས་པོ་དང་། གང་དུ་དགག་དབྱེ་བྱ་བ་སོགས་དང་། རྙེད་པ་དང་འབྲེལ་བའི་བསླབ་བྱ་སོགས་དང་། ལྔ་པ་སྲ་བརྐྱང་གི་གཞི་ནི་སྲ་བརྐྱང་འདིང་བའི་ཆོ་ག་དང་། དབྱུང་བའི་ཆོ་ག་དང་། རྙེད་པ་དང་འབྲེལ་བའི་བསླབ་བྱ་སོགས་དང་། དྲུག་པ་གོས་ཀྱི་གཞི་ནི་གོས་ཀྱི་རྒྱུ་དང་། སྒྲུབ་ཚུལ་དང་། རྒྱུ་དེ་ལས་གྲུབ་པའི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་སོགས་དང་། བདུན་པ་ཀོ་ལྤགས་ཀྱི་གཞི་ནི་ས་ཚིགས་དང་ཆོས་ཚིགས་ཀྱིས་ཕྱེ་བའི་ཡུལ་དབུས་དང་མཐའ་འཁོར་གྱི་མཚམས་སུ་བཅང་ཚུལ་སོགས་དང་། བརྒྱད་པ་སྨན་གྱི་གཞི་ནི་སྨད་དེ་རྒྱུ་གང་ལས་བྱུང་ཞིང་ཚུལ་ཇི་ལྟར་དུ་བསྒྲུབ་པ། དེ་ལྟར་སྒྲུབ་པའི་སྨན་དངོས་ཀྱི་རྣམ་གཞག གང་ཟག་གིས་བཅང་བ། སྨན་འཇོག་པའི་གནས། སྨན་ལོངས་སྤྱོད་པ་ལ་འཇུག་པའི་ཚུལ་སོགས་དང་། དགུ་པ་ལས་ཀྱི་གཞི་ནི་གསོལ་བ་འབའ་ཞིག་གི་ལས་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་སོགས་དང་། བཅུ་པ་ཕྱིར་བཅོས་ཀྱི་གཞི་ནི་ལྟུང་བ་ཕྱིར་བཅོས་པ་དང་། རྩོད་པར་ཕྱིར་བཅོས་པ་སོགས་དང་། བཅུ་གཅིག་པ་དུས་དང་དུས་མིན་བསྡུས་པ་འབྱུང་བའི་གཞི་ནི་དགེ་འདུན་ལྷག་མ་འཆབ་པའི་ཉེས་པ་རྫོགས་པར་བསྐྱེད་པའི་གཞི་དང་། བསམ་པ་དང་། སྦྱོར་བ་དང་། མཐར་ཐུག་པ་སོགས་དང་། བཅུ་གཉིས་པ་ས་གཞན་ན་གནས་པ་སྤྱོད་པའི་གཞི་ནི་ས་གཞན་ན་གནས་པ་རྣམས་ཀྱི་དབྱེ་བསྡུ་དང་། སྤྱོད་པ་དང་། མཚན་ཉིད་དང་། བསླབ་བྱ་དང་། སྒྲ་བཤད་དང་། གྲོལ་བའི་དུས་སོགས་དང་། བཅུ་གསུམ་པ་ཡོངས་སུ་སྦྱོར་བའི་གཞི་ནི་ལྟུང་བ་གླེང་དྲན་བྱ་བའི་དགོས་པ་དང་། ཡུལ་དང་། རྟེན་དང་། གནས་དང་། དུས་དང་། གཞི་དང་། སྒྲུབ་ཚུལ་སོགས་དང་། བཅུ་བཞི་པ་ལས་བྱེ་བའི་གཞི་ནི་དགེ་འདུན་བྱེ་བའི་རྒྱུ་སྤོང་བ་དང་གཉེན་པོ་བསྟེན་པ་དག་གིས་བྱེ་བ་ཞི་ཐབས་ཀྱི་ཆོ་ག་རྣམས་དང་། བཅོ་ལྔ་པ་འཁོར་ལོ་བྱེ་བའི་གཞི་ནི་ཡན་ལག་གི་དབྱེན་དང་། འཁོར་ལོའི་དབྱེན་སོགས་དང་། བཅུ་དྲུག་པ་རྩོད་པའི་གཞི་ནི་འཁོན་འཛིན་གྱི་རྒྱུའི་རྩོད་པ་ཞི་བར་བྱ་བ་སོགས་དང་། བཅུ་བདུན་པ་གནས་མལ་གྱི་གཞི་ནི་ཡུལ་གང་ལ་ཕྱག་བྱ་བ་དང་། གང་ཟག་གང་གིས་ཕྱག་བྱ་བ་དང་། ཚུལ་ཇི་ལྟར་ཕྱག་བྱ་བ་སོགས་བསྟན་ཡོད་དོ།
གསུམ་པ། 《འདུལ་བ་བསྡུས་པ་》ཡི་སྒྲིག་གཞིའི་སྐོར་བཤད་པ།
སྤྱིར་《སོ་སོར་ཐར་པའི་མདོ་》ཡི་གཞུང་འགྲེལ་ལ་《སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ་》དང་། 《སོ་སོར་ཐར་པའི་མདོའི་གཞུང་འགྲེལ་》དང་། 《སོ་སོར་ཐར་པའི་མདོའི་འགྲེལ་པ་》དང་།《སོ་སོར་ཐར་པའི་བཤད་པ་རྣམས་མི་བརྗེད་དྲན་བྱེད་ཙམ་དུ་བྲིས་པ་》དང་། 《སོ་སོར་ཐར་པའི་ཚིག་གི་བརྗེད་བྱང་》སོགས་བོད་འགྱུར་གཞུང་འགྲེལ་གང་མང་ཞིག་ཡོད་མོད། 《འདུལ་ལ་བསྡུས་པ་》ནི་གཞུང་འགྲེལ་གཞན་རྣམས་དང་བསྡུར་ན་གོ་རིམ་གསལ་ཞིང་གཞུང་དོན་ངེས་སླ་སྟེ། གཞུང་ཧྲིལ་པོ་བམ་པོ་བཅུ་གསུམ་དུ་ཕྱེ་ནས་བསྟན་ཡོད། བམ་པོ་དང་པོ་ལས། གླེང་གཞི་དང་། ཕམ་པ་བཞི་བཤད་པ། དང་པོ་མི་ཚངས་སྤྱོད་པའི་ཕམ་པར་འགྱུར་བ། བམ་པོ་གཉིས་པ་ལས། གཉིས་པ་མ་བྱིན་ལེན། གསུམ་པ་སྲོག་གཅོད། བཞི་པ་རྫུན་སྨྲ། བམ་པོ་གསུམ་པ་ལས། དགེ་འདུན་ལྷག་མ་བཅུ་གསུམ་བཤད་པ། དང་པོ་ཁུ་བ་འབྱིན་པ་ནས་བཅུ་གཅིག་པ་དེའི་རྗེསུ་སུ་ཕྱོགས་པའི་དགེ་འདུན་ལྷག་མ། བམ་པོ་བཞི་པ་ལས། བཅུ་གཉིས་པ་ཁྱིམ་སུམ་འབྱིན་པ་དང་། བཅུ་གསུམ་པ་བཀའ་བློ་མི་བདེ་བ། མ་ངེས་པའི་ཆོས་གཉིས། སྤང་ལྟུང་སུམ་བཅུ་བཤད་པ། དང་པོ་འཆང་བའི་སྤང་བ། བམ་པོ་ལྔ་པ་ལས། གཉིས་པ་འབྲལ་བའི་སྤང་བ་ནས་བཅུ་དགུ་པ་མངོན་མཚན་ཅན་གྱི་སྤང་བ། བམ་པོ་དྲུག་པ་ལས། ཉི་ཤུ་པ་ཉོ་ཚོང་བྱེད་པའི་སྤང་བ་ནས་ཉེར་བརྒྱད་པ་དབྱར་གྱི་གོས་རས་ཆེན་གྱི་སྤང་བ། བམ་པོ་བདུན་པ་ལས། ཉེར་དགུ་པ་བསྔོས་པ་ལས་བསྒྱུར་བའི་སྤང་བ། སུམ་ཅུ་པ་གསོག་འཇོག་གི་སྤང་བ། བམ་པོ་བརྒྱད་པ་ལས། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་བཤད་པ། དང་པོ་རྫུན་དུ་སྨྲ་བའི་ལྟུང་བྱེད་ནས་བཅུ་གསུམ་པ་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད། བམ་པོ་དགུ་པ་ལས། བཅུ་བཞི་པ་གནས་མེད་ཀྱི་ལྟུང་བྱེད་ནས་སོ་གསུམ་པ་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད། བམ་པོ་བཅུ་པ་ལས། སོ་བཞི་པ་སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་ནས་ང་གསུམ་པ་འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད། བམ་པོ་བཅུ་གཅིག་པ་ལས། ང་བཞི་པ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ནས་དོན་གཅིག་པ་རྐུན་མ་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད། བམ་པོ་བཅུ་གཉིས་པ་ལས། དོན་གཉིས་པ་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་ནས་དགུ་བཅུ་པ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད། བམ་པོ་བཅུ་གསུམ་པ་ལས། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་﹙བསླབ་པའི་ཆོས་﹚རྩོད་པ་ཞི་བར་བྱ་བའི་ཆོས་བདུན་བཅས་སོ། གཞུང་ལས་དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་ང་གསུམ་རྣམས་ལྟུང་བ་སྡེ་ལྔ་རུ་བསྡུས་ནས་བསྟན་ཡོད་དེ། ཕམ་པའི་སྡེ་ལ་བཞི། ལྷག་མའི་སྡེ་ལ་བཅུ་གསུམ། ལྟུང་བྱེད་ཀྱི་སྡེ་ལ་སྤང་ལྟུང་སུམ་ཅུ་དང་ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོར་བཤགས་ཀྱི་སྡེ་ལ་བཞི། ཉེས་བྱས་ཀྱི་སྡེ་ལ་བརྒྱ་དང་བཅུ་གཉིས་ཏེ་ཕ་ཁྲིམས་ཉིས་བརྒྱ་ང་གསུམ་རྣམས་གོ་རིམ་མ་འཁྲུག་པར་བསྟན་ཡོད། མ་ངེས་པ་གཉིས་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་ནི་ཞར་བྱུང་ལྟ་བུ་ལས་ཕ་ཁྲིམས་ཉིས་བརྒྱ་ང་གསུམ་དུ་མི་བགྲང་ངོ་།
བཞི་པ། རྩོམ་པ་པོ་སློབ་དཔོན་ཁྱད་པར་བཤེས་གཉེན་གྱི་ལོ་རྒྱུས་སྐོར་བཤད་པ།
《འདུལ་བ་བསྡུས་པ་》ཡི་རྩོམ་པ་པོ་སློབ་དཔོན་ཁྱད་པར་བཤེས་གཉེན་གྱི་ལོ་རྒྱུས་སྐོར་བོད་ཡི་གི་ཡིག་ཚང་ནང་དེ་སྔ་བཞི་མོ་ཞིག་མ་མཐོང་ལ། རྒྱ་ནག་གི་ཡིག་ཚང་དུའང་ཞིབ་རྒྱས་ཤིག་ཡོད་སྐོར་ད་བར་མཐོང་ཐོས་མ་བྱུང་། ཉི་ཧོང་ནས་དཔར་དུ་བསྐྲུན་པའི་《ནང་བསྟན་ཚིག་མཛོད་ཀུན་འདུས་ཆེན་མོ་》ལས། ཁྱད་པར་བཤེས་གཉེན་﹙Visesamitra﹚ནི་དུས་རབས་དྲུག་པའི་ནང་བྱུང་བའི་རྒྱ་གར་གྱི་སེམས་ཙམ་པའི་སློབ་དཔོན་ཆེན་མོ་བཅུའི་གྲས་ཤིག་ཡིན་ཅིང་། དྷརྨ་པཱ་ལ་﹙Dharmapala﹚སློབ་དཔོན་དུ་བསྟེན་ནས་ནཱ་ལེནྡྲ་ཏུ་བཞུགས་པ་ཡིན་ཞེས་བཤད་ཡོད་ལ། རྒྱ་ཡིག་གི་ནང་བསྟེན་ནས་ནཱ་ལེནྡྲ་རུ་བཞུགས་པ་ཡིན་ཞེས་བཤད་ཡོད་ལ། རྒྱ་ཡིག་གི་ནང་བསྟན་རིག་པའི་ཚིག་མཛོད་དག་ལས་ཀྱང་དེ་དང་མཐུན་པར་གསུངས་འདུག 《རྒྱ་གར་ཆོས་འབྱུང་》ལྟར་ན་སློབ་དཔོན་ཁྱད་པར་བཤེས་གཉེན་ནི་རྒྱལ་པོ་གོོ་པ་ལའི་དུས་སུ་རྒྱ་གར་ནུབ་ཕྱོགས་ཀྱི་ཁ་ཆེའི་ཡུལ་དུ་འཁྲུངས་ཤིང་། འདུལ་འཛིན་སློབ་དཔོན་དཔའ་བོ་དང་། དཱ་ན་ཤྲཱི་ལ་ཆེན་པོ་དང་། སློབ་དཔོན་ཡེ་ཤེས་སྙིང་པོ་སོགས་དང་དུས་མཚམས་པར་གསུངས། འདིར་དྷརྨ་པཱ་ལ་ནི་དུས་རབས་དྲུག་པའི་མི་ཡིན་ལ་སློབ་དཔོན་ཡེ་ཤེས་སྙིང་པོ་སོགས་ནི་དུས་རབས་བདུན་པ་ནས་བརྒྱད་པའི་བར་གྱི་རྒྱ་གར་གྱི་མཁས་པ་དག་ཡིན་པས་སློབ་དཔོན་ཁྱད་པར་བཤེས་གཉེན་ནི་དུས་རབས་དྲུག་པའི་མཇུག་ཏུ་འཁྲུངས་ཤིང་དུས་རབས་བདུན་པའི་ནང་འདས་པ་གསལ་པོར་ཤེས་ཐབུ། 《འདུལ་བ་བསྡུས་པ་》ཡི་གཞུང་འདི་རྒྱ་ནག་གི་《བསྟན་འགྱུར་》ཁྲོད་དུའང་བཞུགས་ཤིང་དེ་ནི་འདུལ་འཛིན་གྱི་སློབ་དཔོན་དབྱིས་ཅིན་﹙义净﹚གྱིས་སྤྱི་ལོ་༧༠༠ལོར་རྒྱ་ཡིག་ཏུ་བསྒྱུར་ཚུལ་རྒྱའི་ཡིག་ཚང་དུ་གསལ་པོར་བཀོད་ཡོད་པས་《འདུལ་བ་བསྡུས་པ་》ཡི་གཞུང་འདི་ཡང་དུས་རབས་བདུན་པའི་ནང་བརྩམས་གྲུབ་བྱུང་བར་ངེས། ཡང་པཎ་ཆེན་བདེ་ལེགས་ཉི་མས་མཛད་པའི་《འདུལ་བའི་ལེགས་བཤད་སྐལ་བཟང་ནོར་བུའི་ཕྲེང་བ་》ཞེས་བྱ་བ་ལས། “འདུལ་བའི་མདོ་ཡི་དགོངས་འགྲེལ་གྱི་བསྟན་བཅོས་ལ་སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བ་བམ་པོ་དགུ་པ།……སློབ་དཔོན་ཁྱད་པར་བཤེས་གཉེན་གྱིས་མཛད་པའི་འདུལ་བ་ཀུན་ལས་བཏུས་པ། སློབ་དཔོན་སྦྲང་མའི་རྐང་བུ་ཅན་གྱིས་མཛད་པའི་མའི་གསོ་ཐར་གྱི་འགྲེལ་བ།……ཕྱི་མ་གཉིས་པོ་དེ་འགྲེལ་ཚད་ལྡན་མ་ཡིན་པར་གྲགས་སོ།།”ཞེས་སོ་སོར་ཐར་པའི་མདོ་ཡི་འགྲེལ་པ་《འདུལ་བ་བསྡུས་པ་》འདི་ཉིད་ཀྱང་འགྲེལ་པ་ཚད་ལྡན་ཞིག་མིན་པར་གསུངས་ཡོད་ནའང་དེ་ནི་སློབ་དཔོན་ཁྱད་པར་བཤེས་གཉེན་གང་ཉིད་སེམས་ཙམ་པའི་སློབ་དཔོན་ཞིག་ཡིན་པའི་ཆ་ནས་མ་ཡིན་ལ་གཞུང་འགྲེལ་ལེགས་པོ་ཞིག་བྱུང་མེད་པའི་རྒྱུ་མཚན་དེ་བས་ཀྱང་མ་ཡིན་ཏེ། རྒྱུ་མཚན་ནི་བསྟན་ཕྱི་དར་ནས་བཟུང་སྟེ་བོད་ཁམས་ཀྱི་དགོན་པ་སོ་སོ་ནས་འདུལ་བའི་གཞུང་ལ་བསླབ་གཉེར་བྱེད་སྐབས་ཀྱི་ཡིག་ཆ་གཙོ་བོ་ནི་སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་ཞེས་པ་དེ་རང་ཡིན་པས་དེའི་ཡོན་ཏན་འབུར་དུ་འདོན་ཆེད་དུ་ཨེ་ཡིན་སྙམ་མོ།། |