〔ནང་དོན་གནད་བསྡུས།〕རྩོམ་འདིའི་ནང་ཧྥ་རན་སིའི་རྒྱལ་གཉེར་མཛོད་ཁང་དུ་ཉར་བའི་ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཡིག་ཚགས་རྙིང་གྲས་སྔར་རྒྱལ་ནང་དུ་སུས་ཀྱང་ཞིབ་འཇུག་གི་གནས་སུ་མ་ཐོབ་པའི་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པའི་ཤོག་དྲིལ་ཁ་ཐོར་གྱི་མཛད་པ་པོ་དང་ཤོག་དྲིལ་གྱི་བརྡ་སྤྲོད་ཁྱད་ཆོས་སོགས་ལ་དཔྱད་པ་བྱས་ཡོད། 〔བརྡ་ཆད་གཙོ་བོ།〕P.T151བཟང་སྨོན། འགྲེལ་པ། མཛད་པ་པོ། བརྡ་སྤྲོད། ཁྱད་ཆོས། ཁོ་བོས་དུས་ཡུན་ཅུང་རིང་པོ་ཞིག་གི་ནང་དུ་རང་རེའི་ཡིག་ཆ་རྩ་ཆེན་ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཡིག་ཚགས་ཀྱི་སྐོར་ལ་ཉམས་རྟོགས་དང་དཔྱད་འཇུག་བྱས་རྗེས་ཕྲན་ལ་ཚོར་སྣང་ཞིག་སྐྱེས་པ་ནི་ཡིག་ཚགས་དེ་དག་གི་ཁྲོད་ན་བོད་བརྒྱུད་ནང་པའི་ཆོས་གཞུང་གིས་གྲངས་ཚད་ངེས་ཅན་ཞིག་ཟིན་འདུག ཡིན་ནའང་བོད་ཡིག་ལམ་ནས་ཡིག་རྙིང་ལ་ཞིབ་འཇུག་བྱེད་མཁན་ཕལ་མོ་ཆེས་ལོ་རྒྱུས་དང་། སྐད་ཡིག། གཏམ་རྒྱུད་སོགས་ཅུང་ཟད་གོ་སླ་བའི་རིགས་ལ་བསམ་བློ་གཏོང་བ་ལས། བོད་ཀྱི་ནང་ཆོས་གཞུང་ལུགས་ལ་དཔྱད་བརྗོད་བྱས་པའི་གྲུབ་འབྲས་ཐོན་པ་ད་བར་ཉུང་ཉུང་ཙམ་མ་གཏོགས་བྱུང་མེད། འདི་ཕྱོགས་ལ་གཅེས་སྤྲས་དང་མཐོང་ཆེན་མི་བྱེད་པ་ནི་ཧ་ཅང་ཡིད་ཕངས་དགོས་པའི་གནས་ཤིག་ཏུ་གྱུར། ཡིན་ནའང་ད་ལྟ་རྒྱལ་སྤྱི་རྒྱལ་ནང་གང་སར་ཏུང་ཧོང་བོད་ཡིག་ཡིག་ཚགས་ཀྱི་རིན་ཐང་སྔར་བས་གཏིང་ཟབ་ཏུ་ཤེས་ཏེ་འདིའི་ཕྱོགས་ཀྱི་ཞིབ་འཇུག་གི་ལས་དོན་ལ་ཤུགས་སྣོན་བྱེད་བཞིན་ཡོད་པར་བརྟེན། ད་ལན་ཁོ་བོར་ཡང་དེའི་གོ་སྐབས་ཐོབ་སྟེ་སྔར་སུས་ཀྱང་དཔྱད་ཡུལ་དུ་མ་བཟུང་བ་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཤོག་དྲིལ་ཨང་རྟགས་P.T151བཀོད་པ་འདི་ལག་སོན་བྱུང་། ཡིག་ཚུགས་འདི་ནི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་འགྲེལ་པ་ལག་བྲིས་ཁ་ཐོར་ཞིག་ཡིན་པ་དང་། གཞུང་འགྲེལ་འདི་ལ་སྔར་ཁོ་བོས་མཐོང་བའི་ཏུན་ཧོང་བཟང་སྨོན་གྱི་ཕྱོགས་གཏོང་གས་གཞན་དག་དང་ཅུང་མི་འདྲ་བའི་བོད་བཙན་པོའི་དུས་ཀྱི་ཡི་གེའི་ཁྱད་ཆོས་མི་ཉུང་བ་ཞིུག་ཡོད་པར་མཐོང་བས་དཔྱད་གཞིའི་རིན་ཐང་ངེས་ཅན་ཞིག་ལྡན་པར་བརྟེན། འདིར་ཉམས་རྟོགས་ཅུང་ཟད་བྱེད་པ་ལ།
དང་པོ། ཏུན་ཧོང་བཟང་སྨོན་འགྲེལ་པ་ཨང་རྟགས་P.T151མཛད་མཁན་ལ་དཔྱད་པ།
དེ་ཡང་དཀར་ཆག་ལྡན་དཀར་མ་དང་དཀར་ཆག་འཕང་ཐང་མའི་ནང་དུ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་འགྲེལ་པའི་སྐོར་ལ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་བཤད་པ་ཞེས་པ་དང་། སློབ་དཔོན་ཤཱཀྱའི་བཤེས་་གཉེན་གྱི་འགྲེལ་པ། སློབ་དཔོན་རྒྱན་བཟང་པོའི་འགྲེལ་པ། སློབ་དཔོན་ཡོན་ཏན་འོད་ཀྱི་འགྲེལ་པ་དང་། ཡེ་ཤེས་སྡེས་མཛད་པའི་བཟང་སྤྱོད་ཀྱི་འགྲེལ་པ་ཞེས་བཀོད་འདུག ད་ལྟའི་བསྟན་འགྱུར་དཔར་བཞུགས་པ་དག་གི་ནང་དུ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཅིང་ཁ་ཆེའི་མཁན་པོ་ཐིག་ལེ་བུམ་པ་དང་། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཆེན་པོའི་བཤད་སྦྱར་དང་། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་བཤད་པ། ﹙འདི་སྒྱུར་མཁན་གྱི་ལོ་ཙཱ་བ་སུ་ཡིན་བསྟན་འགྱུར་ནང་མི་གསལ།﹚སློབ་དཔོན་ཤཱཀྱའི་བཤེས་གཉེན་གྱིས་མཛད་ཅིང་རྒྱ་གར་གྱི་མཁན་པོ་ཤཱཀྱ་སེང་ཧ་དང་ཞུས་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་པ། སློབ་དཔོན་རྒྱན་བཟང་པོས་མཛད་ཅིང་རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་ཞུས་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཏེ་གཏན་ལ་ཕབ་པའི་ཕགས་པ་བཟང་པོ་སྤྱོད་པསི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་ཅིང་རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨརྱཱ་ཨཱ་ནནྡ་དང་ལོ་ཙཱ་བ་དགེ་སློང་བྷ་དྲ་པཱ་ལས་བསྒྱུར་བའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ་ལྔ་དང་། དེའི་སྟེང་མཁན་པོ་ཤེས་སྡེས་མཛད་པའི་བཟང་སྤྱོད་ཀྱི་འགྲེལ་པ་བཞིའི་དོན་བསྡུས་ནས་བརྗེད་བྱས་དུ་བྱས་པ་དང་བཅས་དྲུག་བཀོད་འདུག དེ་དག་གི་ནང་དུ་སློབ་དཔོན་སངས་རྒྱས་གྲགས་པའི་བཟང་སྨོན་འགྲེལ་པ་ཞིག་གཏན་ནས་བཀོད་མེད་པ་མ་ཟད་ཅིང་ཟུར་ཙམ་ཡང་བཀོད་མེད་མོད། སློབ་དཔོན་འདིས་མཛད་པའི་དེ་འདྲའི་བཟང་འགྲེལ་ཞིག་ཡོད་པ་ནི་བོད་བཙན་པོའི་དུས་ཀྱི་ལོ་ཙཱ་བ་ཆེན་པོ་ཞང་ཡེ་ཤེས་སྡེས་མཛད་པའི་བཟང་སྤྱོད་ཀྱི་འགྲེལ་པ་བཞིའི་དོན་བསྡུས་ནས་བརྗེད་བྱང་དུ་བྱས་པ་ལས། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོས་འགྲེལ་པ་མཛད་པ་དང་། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་འགྲེལ་པ་མཛད་པ། སངས་རྒྱས་གྲགས་པས་འགྲེལ་པ་མཛད་པ་དང་། རྒྱན་བཟང་པོས་ཊཱིཀ་མཛད་པ་དང་རྣམ་པ་བཞིའི་དོན་དང་། འཕྲལ་དུ་མཁན་པོ་དག་ལས་ཐོས་པ་དང་། མདོ་སྡེ་ནས་འབྱུང་བ་དང་སྦྱར་ཏེ་བཤད་པ་བརྡ་ཕྲོད་སླ་བར་བརྗེད་བྱང་དུ་བྱས་པ་ཞེས་བཀོད་ཡོད་པ་དང་། དེ་བཞིན་དུ་སློབ་དཔོན་ཡོན་ཏན་འོད་ལའང་བཟང་པོ་སྤྱོད་པའི་བཤད་སྦྱར་ཞིག་ཡོད་པར་བསྟན་པ་སྔ་དར་དུས་ཀྱི་བཀའ་བསྟན་དཀར་ཆག་ལྡན་དཀར་མ་དང་འཕང་ཐང་མ་གཉི་གར་བཤད་ལ། ཕྱི་དར་དུས་ཀྱི་ཆོས་འབྱུང་ཅུང་ཟད་སྔ་བ་བུ་སྟོན་གསུང་རབ་རིན་པོ་ཆེའི་མཛོད་ནའང་སློབ་དཔོན་ཡོན་ཏན་འོད་ལ་བཟང་སྨོན་གྱི་འགྲེལ་པ་ཤོ་ལོ་ཀ་ལྔ་བྲགྱའི་བདག་ཉིད་ཅན་ཞིག་ཡོད་པར་བཤད། ལུང་འདྲེན་སྔ་ཕྱི་དེ་དག་ལ་གཞིགས་ན་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ་དང་། སློབ་དཔོན་སངས་རྒྱས་གྲགས་པས་མཛད་པའི་བཟང་སྤྱོས་སྨོན་ལམ་གྱི་འགྲེལ་པ་ཞིག་བོད་བཙན་པོའི་སྐབས་སུ་བསྒྱུར་ཡོད་པ་ཐེ་ཚོམ་གྱི་ཡུལ་མ་ཡིན། གོང་དུ་བཤད་པ་ལྟར་ད་ལྟའི་བསྟན་འགྱུར་དག་གི་ཁྲོད་དུ་སློབ་དཔོན་འདི་གཉིས་ཀྱི་བཟང་སྨོན་གྱི་འགྲེལ་པ་ཞིག་མི་ཞབུགས་པ་ཧ་ཅང་གསལ་བ་དང་། བུ་སྟོན་ཆོས་འབྱུང་ལས་ཀྱང་སློབ་དཔོན་སངས་རྒྱས་གྲགས་པར་དེ་འདྲིའི་འགྲེལ་པ་ཞིག་ཡོད་ཚུལ་བཀོད་མེད་ལ། རྗེ་བཙུན་ཏཱ་ར་ནཱ་ཐས་ཀྱང་བཟང་སྨོན་འགྲེལ་པ་མཛད་སྐབས་སངས་རྒྱས་གྲགས་པའི་འགྲེལ་པ་དེ་མ་མཐོང་ཞིང་ལག་སོན་མ་བྱུང་སྟབས། ཁོང་ཉིད་ཀྱི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་པ་འཕགས་མཆོག་རྣམས་ཀྱི་གསང་བའི་མཛོད་ལས། སངས་རྒྱས་གྲགས་པའི་འགྲེལ་པ་མ་མཐོང་ལ་ཞེས་གསུངས་འདུག་པ་དང་། སློབ་དཔོན་ཡོན་ཏན་འོད་ལ་འདིའི་སྐོར་གྱི་འགྲེལ་པ་ཞིག་ཡོད་མེད་དང་དེ་ཕྱག་སོན་བྱུང་མ་བྱུང་གཏན་ནས་གླེང་མེད་པར་གཞིགས་ན། ཀུན་མཁྱེན་བུས་སློབ་དཔོན་ཡོན་ཏན་འོད་ལ་བཟང་སྨོན་འགྲེལ་པ་ཞིག་ཡོད་ཚུལ་བཤད་པའང་སྔར་གྱི་དཀར་ཆག་རྙིང་གྲས་སུ་མཚན་བྱང་ཙམ་བཀོད་འདུག་པ་གཞིར་བྱས་པ་ཡིན་འདུག་པས། གལ་ཏེ་དེ་ལྟར་ན་འགྲེལ་པ་དེ་གཉིས་བསྟན་པ་ལ་ཉམས་རྒུད་བྱུང་སྐབས་འཇིག་ཟིན་པ་ཡིན་ནམ་སྙམ་སྟེ་གང་ལྟར་ད་ལྟ་ང་ཚོའི་མིག་གི་བགོ་སྐལ་དུ་མ་གྱུར་ཏོ། ཡང་ཕྱོགས་གཞན་ཞིག་ནས་དཔྱད་ན། ད་ལྟའི་བསྟན་འགྱུར་དག་གི་ནང་དུ། བསྟན་པ་སྔ་དར་དུས་ཀྱི་དཀར་ཆག་དེ་གཉིས་ཀར་བཀོད་མེད་པ་ཕྱི་དར་གྱི་དུས་སུ་ཁ་ཆེའི་མཁན་པོ་ཐི་ལེ་བུམ་པ་དང་སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ་ཆེན་པོའི་བཤད་སྦྱར་ཞིག་དང་། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨེརྱཱ་ཨཱ་ནནྡ་དང་ལོ་ཙཱ་བ་དགེ་སློང་བྷ་དྲ་པཱ་ལས་བསྒྱུར་ཅིང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ་གཉིས་གཞུང་དོན་དང་བཅས་པ་བཀོད་འདུག་ལ། འགྲེལ་པ་འདི་གཉིས་སློབ་དཔོན་ཆེན་པོ་དེ་གཉིས་ཀྱི་ཡིན་མིན་ལ་ཡང་སྔོན་གྱི་མཁས་པ་དག་གིས་སོམ་ཉི་བྱེད་ཅིང་དཔྱད་བརྗོད་གནང་འདུག་སྟེ། རྗེ་བཙུན་ཏཱ་ར་ནཱ་ཐས། སློབ་དཔོན་དབྱིག་གཉེར་གྱིས་མཛད་ཟེར་བའི་འགྲེལ་པ་དང་། རྔོག་འགྱུར་ཀླུ་སྒྲུབ་ཀྱིས་མཛད་ཟེར་བའི་འགྲེལ་པ་དེ་གཉིས་རྒྱན་བཟང་པོའི་འགྲེལ་པ་དང་འགྱུར་ཁྱད་མ་གཏོགས་གཅིག་པས། དེས་ཐོག་མ་དབང་བཙན་པར་བྱས་ཏེ་རྒྱན་བཟང་པོའི་ཡིད་གྱི་སློབ་དཔོན་ཆེན་པོ་དེ་གཉིས་ཀྱི་མིན་ནོ། ཞེས་གསུངས་ཏེ་འགྲེལ་པ་འདི་གཉིས་སློབ་དཔོན་ཀླུ་སྒྲུབ་དང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཡིན་མིན་དོགས་གཞི་ཅན་དུ་བྱས་ཡོད་པས། སྔ་དར་དུས་ཀྱི་དཀར་ཆག་ལྡན་དཀར་མ་དང་འཕང་མཐང་མ་གཉིས་ཀའི་ཁྲོད་དུ་སློབ་དཔོན་ཡོན་ཏན་འོད་ལ་བཟང་པོ་སྤྱོད་པའི་བཤད་སྦྱར་ཞིག་ཡོད་པ་མ་གྲོས་གཅིག་ཏུ་མཐུན་པར་བསམས་ན། ད་ལྟའི་བསྟན་འགྱུར་གྲས་ཀྱི་ཀླུ་སྒྲུབ་བཤད་སྦྱར་དེ་ཡོན་ཏན་འོད་ཀྱི་བཤད་སྦྱར་དང་བསྟན་བཅོས་གཅིག་ཡིན་མིན་སྐོར་ལ་དཔྱད་རྒྱུ་ཡོད་དོ་སྙམ། ཡང་སངས་རྒྱས་གྲགས་པའི་འགྲེལ་པ་ནི་མ་མཐོང་ལ་འདིར་ཕྱོགས་གླང་དང་ཤཱཀྱ་བཤེས་གཉེན་གྱི་འགརཻལ་པའི་དོན་གྱི་སྙིང་པོ་གལ་པོ་ཆེ་རྣམས་ཚང་བར་བྱས་ལ། ཕལ་ཆེར་ཡེ་ཤེས་སྡེའི་གསུང་གི་ཡང་རྗེས་སུ་འབྲངས་ཤིང་། རང་བློས་རྟོགས་པའི་ལེགས་བཤད་ཅུང་ཟད་ཀྱིས་བརྒྱན་ཏེ་བཤད་པ་ཡིན་ནོ།། ཞེས་འཁོད་པར་གཞིགས་ན་ཁོང་གིས་ཀྱང་འགྲེལ་པ་དེ་དངོས་སུ་མཐོང་མེད་པས་ཡིད་ཚོད་ཀྱི་དཔྱད་པ་ལས་མ་འདས། ཧྥ་རན་སིའི་རྒྱག་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ཨང་རྟགས་P.T151འཕགས་པ་ཀུན་ཏུ་བཟང་པོ་སྤྱོད་པའི་སྨོན་ལམ་ཆེན་པོ་འགྲེལ་པའི་མདོ་ཞེས་པ་འདི་ལ་མཛད་མཁན་དང་སྒྱུར་མཁན་མི་གསལ་བས། བདག་གིས་འདི་དང་བསྟན་འགྱུར་ཁྲོད་ཀྱི་བཟང་སྨོན་འགྲེལ་པ་ཡོད་དོ་ཅོག་གི་ཚིག་ཞིབ་ཏུ་བསྡུར་སྐབས། ཏུན་ཧོང་བཟང་སྨོན་གྱི་འགྲེལ་པ་འདི་དང་མཐུན་པ་ཞིག་མི་འདུག ཏུན་ཧོང་ཡིག་ཚགས་འདིའི་ཚིག་སྦྱོར་དང་བརྡ་སྤྲོད་ཁྱད་ཆོས་སོགས་ལ་གཞིགས་ན། སྔར་ཁོ་བོས་མཐོང་བའི་ཧྥ་རན་སིའི་ཏུན་ཧོང་བཟང་སྨོན་དང་བཟང་སྨོན་འགྲེལ་པ་གང་ལ་བསྡུར་ཡང་ཡིག་ཚགས་ཨང་རྟགས་P.T151འདིར་བོད་བཙན་པོའི་དུས་ཀྱི་ཡི་གེའི་ཁྱད་ཆོས་མང་པོ་ཞིག་འབུར་དུ་ཐོན་པོད་པས། ཏུན་ཧོང་ཡིག་ཚགས་འདི་ནི་གནའ་སྔ་མོ་ཞིག་ནས་རང་རེའི་ཡུལ་དུ་བག་ལ་ཞ་ཟིན་པའི་སློབ་དཔོན་ཡོན་ཏན་འོད་དམ་ཡང་ན་སློབ་དཔོན་སངས་རྒྱས་གྲགས་པའི་བཟང་སྨོན་འགྲེལ་པ་གང་རུང་ཞིག་ཨེ་ཡིན་བསམ་ཡང་། གོང་དུ་དཀར་ཆག་རྙིང་གྲས་དག་ལས་བཤད་པ་ལྟར་སློབ་དཔོན་ཡོན་ཏན་འོད་ཀྱི་འགྲེལ་པ་ནི་བཤད་སྦྱར་ཡིན་འདུག་པས། བཟང་སྨོན་འགྲེལ་པ་ཕྱགས་བྲིས་མ་འདི་སློབ་དཔོན་སངས་རྒྱས་གྲགས་པའི་འགྲེལ་པ་རང་ལས་འོས་མི་འདུག་པར་མངོན་ཡང་། སྔར་གྱི་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པའི་རྒྱ་གཞུང་བོད་འགྱུར་མ་ད་ལྟ་བསྟན་འགྱུར་དུ་བཞུགས་པ་དག་གི་ནང་ན་གཡུང་དྲུང་ཞེས་པའི་ཐ་སྙད་ཅིག་གཏན་ནས་བྱུང་མེ།ད དེ་ལས་ལྡོག་སྟེ་ཏུན་ཧོང་ཤོག་དྲིལ་འདིའི་ཁྲོད་རྒྱ་འགྲེལ་དེ་དག་དང་མི་མཐུན་པར་རྫོགས་པའི་བྱང་ཆུབ་ཅེས་པའི་ཚིག་བྱུང་ཚད་ཀྱི་སྔོན་དུ་གཡུང་དྲུང་བསྣན་ཏེ་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཅེས་པ་སྔ་གཞུག་ཏུ་ཐེངས་ལྔ་ཙམ་བྱུང་འདུག་པས་ཤེས་ལྡན་པ་དག་གིས་མུ་མཐུད་དུ་དཔྱད་པར་འཚལ།
གཉིས་པ། ཏུན་ཧོང་བོད་ཡིག་ཡིག་ཚགས་ཨང་རྟགས་P.T151བཟང་སྨོན་འགྲེལ་བའི་ བརྡ་སྤྲོད་ཁྱད་ཆོས་ལ་དཔྱད་པ།
༡. དབྱངས་ཡིག་སོགས་ཀྱི་སྐོར། ཧྥ་རན་སིར་ཉར་བའི་ཏུན་ཧོང་གི་བོད་ཡིག་ཡིག་ཚགས་ཁྲོད་དུ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་སྐོར་མང་ཙམ་བཞུགས་ཡོད་ཅིང་། འདིའི་ཡིག་ཚགས་ཨང་གྲངས་151འདི་བཟང་སྤྱོད་སྨོན་ལམ་མ་བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ་གཞན་གང་དང་བསྡུར་ན་ཡང་ཡིག་ཚགས་འདིར་་གཞན་དང་མི་འདྲ་བའི་གནའ་བོའི་ཡི་གེའི་ཁྱད་ཆོས་མང་ཙམ་འདུག་པས། འདིར་ཐོག་མར་བརྡ་སྤྲོད་བདེ་སྤྱོད་བྱེད་སྟངས་ཀྱི་ཁྱད་ཆོས་ཕྱོགས་ནས་བལྟས་ན། སྤྱིར་བསྟན་པ་སྔ་དར་ཡར་སྔོན་གྱི་ཅུང་སྔ་བའི་བོད་ཡིག་ཡིག་ཚགས་ཁྲོད་དུ་གུག་གུ་ཕྱིར་ལོག་ཏུ་བྲིས་པ་སོགས་ཡིག་རྙིང་གི་ཁྱད་ཆོས་མང་པོ་ཡོད་ཅིང་། ཕྱིས་སུ་བྱུང་བའི་ཡིག་ཚགས་གི་ནང་རིམ་གྱིས་དེ་འདྲའི་ཡིག་རྙིད་གི་ཁྱད་ཆོས་མངོན་གསལ་ཅན་ཇེ་ཉུང་དུ་སོང་ཡོད་པ་ཏུན་ཧོང་བོད་ཡིག་ཡིག་ཚགས་དག་ལ་བལྟས་ན་ཤེས་ནུས། ཧྥ་རན་སིར་ཉར་བའི་ཏུན་ཧོང་བོད་ཡིག་བཟང་སྨོན་འགྲེལ་སྐོར་ལས་ཕྱིའི་ཡིག་གཟུགས་བཀོལ་སྟངས་སོགས་ལ་གཞིགས་ན་འདི་ནི་གནའ་ཡིག་གི་ཁྱད་ཆོས་ཅུང་མང་བའི་ཤོག་དྲིལ་ཕྱག་བྲིས་མ་ཞིག་ཡིན་ཏེ། དཔེར་ན་གུག་གུ་ཕྱིར་ལོག་ལྟ་བུར་མཚོན་ན། ཤོག་དྲིལ་འདིའི་ནང་གུག་གུ་ཉུང་ཤས་ཙམ་མ་གཏོགས་བརྒྱ་ཆ་དགུ་བཅུ་ཡན་ཕྱིར་ལོག་གིས་ཟིན་འདུག་པས་གུག་གུ་ཕྱིར་ལོག་ཏུ་བྲིས་པའི་གྲངས་ཚད་ཤིན་ཏུ་མཐོ། དེ་ལྟར་ཧྥ་རན་སིའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ཁྲོད་ཀྱི་བཟང་སྨོན་སྐོར་ན་གུག་གུ་ཕྱིར་ལོག་ཏུ་བྲིས་པའི་གྲངས་ཚད་ཤིན་ཏུ་མཐོ། དེ་ལྟར་ཧྥ་ན་སིའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ཁྲོད་ཀྱི་བཟང་སྨོན་སྐོར་ན་གུག་གུ་ཕྱི་ལོག་ཏུ་བྲིས་པ་འདི་འདྲ་མང་པོ་ད་བར་མཐོང་ཡུལ་དུ་མ་གྱུར་པས། ཤོག་དྲིལ་འདི་ལ་སྔ་དར་དུས་ཀྱི་ཡི་གེའི་ཁྱད་ཆོས་མངོན་གསལ་དུ་ལྡན་ནོ། དེ་ཡས་ཡིག་ཚགས་ཇི་ལྟར་སྔ་ན་དེ་ལྟར་དེའི་ནང་གུག་གུ་ཕྱིར་ལོག་གི་གྲངས་ཚད་མང་ལ། དེ་ལས་ལྡོག་སྟེ་ཡིག་ཚགས་ཇི་ལྟར་བྱུང་བ་ཕྱི་ན་དེ་ལྟར་གུག་གུ་ཕྱིར་ལོག་གི་གྲངས་ཚད་ཀྱང་ཇེ་ཉུང་དུ་སོང་འདུག་པ་ནི་དོན་དངོས་ཤིག་ཡིན། སྔོན་ཆད་ཡིག་ཚགད་དེ་དག་གི་ནང་དུ་གུག་གུ་ཕྱིར་ལོག་མིན་འདྲེས་མར་བྱུང་བ་འདི་ལ་ཁ་ཅིག་གིས་ལག་བྲིས་བྱང་མིན་ལས་ཐོན་པར་བཞེད་མོད། ཁོ་བོས་བསམས་ན་དེ་ནི་ལག་བྲིས་བྱང་མ་བྱང་ལ་བལྟོས་པ་ཙམ་མ་ཡིན་པར་དེ་ལས་རྒྱུ་མཚན་གཞན་ཞིག་ཡོད་པར་སྙམ་སྟེ། བོད་བཙན་པོའི་སྐབས་སུ་ཡི་གེའི་སྒྲ་གདངས་ཀྱི་ཁྱད་པར་ཞིག་གི་དབང་གིས་དམིགས་ཀྱིས་གུག་གུ་གཉི་ག་བཀོལ་སྤྱོད་ཀྱི་སྲོལ་ཡོད་པ་ཨེ་ཡིན། དཔེར་ན་བཟང་སྨོན་འགྲེལ་པའི་ཤོག་དྲིལ་འདིར་མཚོན་ན། ཞིང་ལྟ་བུའིག་ཡི་གེ་འདི་སྔ་ཕྱི་གང་དུ་བྱུང་ཡང་ཕལ་ཆེར་གུག་གུ་ཕྱིར་ལོག་ཏུ་བྲིས་མེད་ལ། ནྀ་ལྟ་བུ་ཡི་གེ་འདི་སྔ་ཕྱི་གང་ན་ཡོད་ཀྱང་ཕལ་ཆེར་གཅིག་མཐུད་དུ་གུག་གུ་ཕྱིར་ལོག་ཏུ་བྲིས་འདུག གཞན་ཡང་རང་རེའི་ཡི་གེའི་ཁུངས་རྒྱ་གར་ལ་གཏུགས་པ་འདི་དང་འབྲེལ་བ་ཨེ་ཡོད་སྙམ་སྟེ། རྒྱ་གར་ནས་བྱུང་བའི་སྒྲ་རིག་པའི་གཞུང་ལ་ཅུང་ཙམ་སྦྱོང་མཁན་ཞིག་ཡིན་ཚེ། སྒྲའི་ནང་དུ་གུག་གུ་ཕྱིར་འཁོར་ཅན་ལ་དབྱངས་རྀ་དང་། འགྲེང་བུ་དང་ན་རོ་གཉིས་བརྩེགས་ཅན་ལ་ཀེེ་ཤ་ཅན་དུ་འབོད་ཀྱི་ཡོད་པ་རྟོགས་ཐུབ་པས། དེར་བལྟས་ན་རང་རེའི་བོད་ཀྱི་གནའ་ཡིག་ཁྲོད་དུ་གུག་གུ་ཕྱིར་ལོག་དེ་འདྲ་འབྱུང་བ་ནི་རྒྱ་གར་གྱི་ཡིག་གཟུགས་ཙང་ཐོག་མར་དཔེ་བྱས་ཏེ་བྱུང་བའི་འབྲས་བུ་ཞིག་ཡིན་ནམ་དཔྱད་དགོས་སོ། ༢.མིང་གཞིའི་སྐོར། སྡེ་པ་གཅིག་པའི་མིང་གཞིའི་ཡི་གེ་ཆའི་དོད་དུ་ཅ་བཞག་པ། ཆེན་པོ་ལ་ཅེན་ཕོ། རིན་ཆེན་ལ་རིན་ཅེན་དང་། ཆོས་ཉིད་ལ་ཅོས་ཉིད། མཆོད་པ་མཅོད་པ་ཞེས་ལྟ་བུ་དང་། ཡང་དེ་ལས་ལྡོག་སྟེ་ཅའི་དོན་དུ་ཆ་བཞག་པ། སེམས་ཅན་ལ་སེམས་ཆན། ཅུང་ཟད་ལ་ཆུང་ཟད་ཅེས་པ་ལྟ་བུ་དང་། སྡེ་པ་གཅིག་པའི་མིང་གཞིའི་ཡི་གེ་ཏའི་དོན་དུ་ཐ་བཞག་པ། སྟེང་དུ་སྠེང་དུ་དང་། སྟོབས་ལ་སྠོབས་ལྟ་བུ། ཡང་སྡེ་པ་གཅིག་པའི་མིང་གཞིའི་ཡིག་གེ་ཚའི་དོད་དུ་ཙ་བྲིས་པ་དཔེར་ན། མཚུངས་པ་ལ་མཅུངས་ཕ། ཚིགས་བཅད་ལ་ཙིགས་བཅད། རྒྱ་མཚོ་ལ་རྒྱ་མཙོ། འཚང་རྒྱ་བ་ལ་འཙང་རྒྱ་བ་ཞེས་པ་ལྟ་བུ་དང་། སྡེ་པ་གཅིག་པའི་མིང་གཞིའི་ཡི་གེ་ཁའི་དོད་དུ་ཀ་དང་ག་བྲིས་པ་དཔེར་ན། ནམ་མཁའ་ལ་ནམ་ཀ་ཞེས་པ་ལྟ་བུའོ། ༣.སྔོན་འཇུག་གི་སྐོར། སྔོན་འཇུག་འིའི་དོད་དུ་ད་བཞག་པ་དཔེར་ན་འགྱུར་ལ་དགྱུར་དང་། སྔོན་འཇུག་མའི་དོད་དུ་སྔོན་འཇུག་འ་བཞག་པ། མཐུན་པ་ལ་འཐུན་པ་ཞེས་པ་ལྟ་བུ་རེ་གཉིས་ཙམ་ལས་སྔོན་འཇུག་ཕན་ཚུན་བརྗེས་པ་ཤིན་ཏུ་ཉུང་ངོ་། ༤.རྗེས་འཇུག་གི་སྐོར། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་གི་གནའ་ཡིག་ཡིག་ཚགས་འདི་དག་གི་ནང་དུ་ཕྱིས་བྱུང་བརྡ་སྤྲོད་པའི་བསྟན་བཅོས་དག་ལས་སྔོན་ཆད་དངོས་སུ་མ་བསྟན་པའི་བརྡ་སྤྲོད་ཀྱི་ཆོས་ཉིད་མང་པོ་ཞིག་བསྟན་འདུག་སྟེ། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ་བྲིས་མ་ཁོ་ཐོར་འདིར་མཚོན་ན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སམ་དེའི་ཡར་སྔོན་ཙམ་ནས་སྐད་གསར་བཅད་ཐེངས་དང་པོའི་སྒྱུར་ཐབས་སྤྱད་ཅིང་ཡི་གེའི་སྐྱེ་གནས་འདྲ་བ་རྒྱུ་མཚན་དུ་བགྱིས་ནས། མིང་གཞིའི་སྡེ་པ་གཅིག་པའི་རྗེས་འཇུག་ངའི་དོད་དུ་བཞག་པ་དཔེར་ན། གང་ལ་གག་ལྟ་བུ་དང་། སྔོན་འཇུག་དང་མགོ་ཅན་ཡོད་པའི་མིང་གཞིའི་རྗེས་སུ་འ་བཞག་པ་བགྱི་ལ་བགྱིའ་ཞེས་པ་ལྟ་བུ་དང་། མིང་གཞིའི་ཡི་གེ་རྐྱང་པའི་རྗེས་སུ་འ་བཞག་པ་དཔེར་ན། པའ། ལྟ་བུ་དང་། ཡང་དཔེར་ན། དཔེའ་བྱད་ཅེས་པ་ལྟ་བུའང་ཡོད་ལ། མིང་གཞིའི་ཡི་གེ་ཕལ་མོ་ཆེའི་རྗེས་སུ་འ་བཞག་པ་དེ་ནི་སྔོན་སྐད་གསར་བཅད་མཛད་སྐབས་ཚིག་ཚོགས་སྐྱུང་སླད་དོར་བ་ཡིན་པས། ད་ལྟ་བེད་སྤྱོད་གཏོང་མཁན་མེད། ༥.ཡང་འཇུག་གི་སྐོར། ཏུན་ཧོང་བོད་ཡིག་ཡིག་ཚགས་ཁྲོད་དུ་རྗེས་འཇུག་འ་ཡིག་གི་མཐར་ས་བཞག་པ་དང་ར་ལའི་རྗེས་སུ་ད་དྲག་བཞག་པ་ཅུང་མང་ཞིང་། སྐབས་འདིར་ཡང་དེ་འདྲའི་ཁྱད་ཆོས་ཅན་གྱི་འབྲི་ཚུལ་བྱུང་འདུག་སྟེ། དཔེར་ན། མྱ་ངན་འདའ་ལ་མྱེ་ངན་འདའས།། གྱུར་ལ་གྱུརད། འགྱུར་ལ་འགྱུརད་ལྟ་བུ་དང་། བསྐལ་པ་ལ་བསྐལད་པ་ཞེས་པ་ལྟ་བུའི་བརྡ་སྤྲོད་བཀོལ་སྤྱོད་བྱེད་སྟངས་ཅུང་ཟད་མང་ངོ་། ༦.མགོ་ཅན་གྱི་སྐོར། སྤྱིར་ཏུན་ཧོང་གི་ཡིག་ཚགས་ཁྲོད་དུ་མགོ་ཅན་སའི་དོད་དུ་སྔོན་འཇུག་ད་བཞག་པ་སྤྱོད་པ་ལ་དཔྱོད་པ་ལྟ་བུ་དང་། ར་ས་གཉིས་ཀྱི་འབྱིན་པ་བྱེད་པའི་རྒྱུ་ལྕེ་རྩེ་ཡིན་པས། ར་མགོའི་དོད་དུ་ས་མགོ་བཞག་པ་སངས་རྒྱས་ལ་སངས་སྒྱས་ལྟ་བུ། ས་མགོའི་དོད་དུ་ར་མགོ་བཞག་པ་རྩོད་པ་ལ་སྩོད་པ་ཞེས་པ་ལྟ་བུ། ར་མགོ་དང་ས་མགོ་ཕན་ཚུན་རེས་མོས་ཀྱིས་བརྗེས་པ་སོགས་ཁྱད་ཆོས་ཤིག་ཏུ་གྱུར་ཡོད། འོན་ཀྱང་བཟང་སྨོན་འགྲེལ་པ་ཁ་ཐོར་འདིའི་ནང་དེ་འདྲའི་རིགས་བྲིས་པ་ཟུར་ཙམ་ཡང་མཐོང་གནས་སུ་མ་གྱུར་མོད། ས་མགོ་ཅན་དང་ལ་མགོ་ཅན་གྱི་མིང་གཞི་བརྗེས་པ། དཔེར་ན། བསྐལ་པ་ལ་བསྒལ་ཕ་དང་། ལྕགས་ལ་ལྖགས་བྲིས་པ་དང་། ཙ་ཡིག་ས་མགོ་ཅན་ནམ་ས་ལ་ཙ་བཏགས་པ་ནི་དཔེར་ན། ལ་སོགས་ལ་ལས་སྩོགས་ལྟ་བུ་བྲིས་པ་ཅུང་ཟད་མང་པོ་ཡོད་དོ། ༧.འདོགས་ཅན་གྱི་སྐོར། ཏུན་ཧོང་བཟང་སྨོན་འགྲེལ་པ་འདིའང་ཡིག་རྙིང་གཞན་དང་འདྲ་བར་མི་དང་མེད་སོགས་ལ་ཡ་བཏགས་འདོགས་སྲོལ་རྒྱུན་འབྱམས་སུ་སོང་ཡོད་དེ། དཔེར་ན། མི་ལ་མྱྀ་དང་། མེད་ལ་མྱེད། སྨིན་ལ་སྨྱིན་ཞེས་པ་ལྟ་བུ་ཅུང་ཟད་མང་པོ་ཡོད། ༨.རྣམ་དབྱེ་དང་ཚིག་ཕྲད་སོགས་ཀྱི་སྐོར། ལ་དོན་བཤད་པ། ད་དང་ཏ་གཉིས་ཀྱི་སྐྱེ་གནས་སོ་དང་ལྕེ་རྩེ་ཡིན་པ་འདྲ་བའི་རྒྱུ་མཚན་གྱིས། ལ་དོན་གྱི་ཕྲད་ཏུའི་དོད་དུ་ཕྲད་དུ་ཡིག་བཞག་པ་ཤིན་ཏུ་མང་སྟེ། དཔེར་ན། ཤིན་ཏུ་ལ་ཤིན་དུ་དང་། བྱང་ཆུབ་ཏུ་ལ་བྱང་ཆུབ་དུ་དང་། གཅིག་ཏུ་ལ་གཅིག་དུ་དང་། རྟག་ཏུ་ལ་རྟག་དུ་དང་། རབ་ཏུ་ལ་རབ་དུ་ཞེས་པ་ལྟ་བུའོ། འདིའི་ལ་དོན་གྱི་ཕྲད་ཏུ་ནི་སུམ་ཅུ་པར་ཤུགས་བསྟན་དུ་བཤད་ལ་སྔོན་གྱི་གནའ་ཡིག་གི་ནང་དུའང་བཀོལ་སྤྱོད་བྱས་པ་ཤིན་ཏུ་ཉུང་། ལྷག་པར་དུ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཡར་སྔོན་གྱི་ཡིག་ཚགས་ཁྲོད་དུ་ཕལ་ཆེར་མཐོང་པ་དཀོན། དེ་བས་ན་སྐབས་དེ་དུས་ཙ་ན་དུ་ལས་ཏུ་བཀོལ་སྤྱོད་བྱེད་པའི་བརྡ་སྤྲོད་ཀྱི་རྣམ་གཞག་ཁྱབ་བརྡལ་དེ་འདྲ་མ་ཕྱིན་པར་མངོན། འབྲེལ་སྒྲ་དང་བྱེད་སྒྲ་སོགས་བཤད་པ། ཏུན་ཧོང་བཟང་སྨོན་འགྲེལ་པ་ལག་བྲིས་མ་འདིའི་ནང་བརྡ་སྤྲོད་ཀྱི་རྩ་བ་དང་མི་མཐུན་པའི་འཇུག་ཚུལ་མང་པོ་ཞིག་བཀོད་འདུདག་སྟེ། དཔེར་ན་རྗེས་འཇུག་ས་དང་བ་དང་ད་དང་ད་དྲག་གི་ཡང་འཇུག་ཅན་གྱི་རྗེས་སུ་ཕྲད་ཀྱི་ཐོབ་དགོས་པ་ལ་གྱི་སྦྱར་བ་དཔེར་ན། སངས་རྒྱས་ཀྱི་ཞིང་ལ་སངས་རྒྱས་གྱི་ཞིང་དང་། ཆོས་ཀྱི་འཁོར་ལོ་ལ་ཆོས་གྱི་འཁོར་ལོ་དང་། བྱང་ཆུབ་ཀྱི་སྤྱད་པ་ལ་བྱང་ཆུབ་གྱི་སྤྱད་པ་དང་། ཚད་ཀྱི་ལ་ཚད་གྱི་དང་། འཁོརད་གྱི་དབུས་ན་ཞེས་པ་དང་། ཏིང་ངེ་འཛིནད་གྱི་སྟོབས་ཞེས་པ། རྡུལད་གི་ཞེས་པ་ལྟ་བུ་ཡོད་དོ། དེ་བཞིན་དུ་བྱེད་སྒྲའི་ཕྲད་སྦྱོར་ཚུལ་ཡང་འབྲེལ་སྒྲའི་ཕྲད་སྦྱོར་ཚུལ་དང་མཐུན་མོད། བཟང་སྨོན་འགྲེལ་པ་འདིའི་ནང་བཅོམ་ལྡན་འདའས་གྱིས་ཞེས་པ་དང་། རྟགས་གྱིས་ཞེས་པ་དང་། བཀའ་ཡིག་ཀྱིས་དང་། བསམ་ཀྱིས་མྱི་ཁྱབ་ཅེས་པ་ལྟ་བུ་སུམ་ཅུ་པའི་རྩ་བའི་རྣམ་གཞག་དང་མི་མཐུན་པ་མང་། འདི་འདྲའི་སྦྱོར་ཚུལ་ལི་ཡུན་ནས་ཐོན་པའི་ཤིང་གི་བྱང་བུ་སོགས་སུ་རུ་དཔོན་གྱི་ལ་རུ་དཔོན་ཀྱི་ཞེས་པ་དང་། སོགས་ཀྱི་ལ་སོགས་ཀྱི་ཞེས་པ། རྒོད་ཀྱི་ཞིང་ལ་རྒོད་གི་ཞིང་ཞེས་པ་ལྟ་བུ་མང་པོ་བྲིས་པ་མཐོང་ཐུབ་པས། དེར་གཞིགས་ན་བཟང་སྨོན་འགྲེལ་པ་འདི་ཅུང་ཟད་སྔ་བ་ཞིག་ཡིན་པ་རྟོགས་ཐུབ་སྙམ། བདག་སྒྲ་སོགས་བཤད་པ། བདག་སྒྲ་དང་མིང་མཐའི་པ་བ་དང་པོ་བོ་གང་ཡིན་གྱི་དོད་དུ་ཕ་དང་ཕོ་ཁོ་ནས་འཐུས་པར་བྱས་ཡོད་དེ། པའི་དོད་དུ་ཕ་བྲིས་པ་དཔེར་ན། ཞེས་པ་ལ་ཞེས་ཕ་དང་། རྫོགས་པ་ལ་རྫོགས་ཕ་དང་། གནས་པ་ལ་གནས་ཕ། ཉོན་མོངས་པ་ལ་ཉོན་མོངས་ཕ། རིམ་པ་ལ་རིམ་ཕ། དམ་པ་ལ་དམ་ཕ། ཆུབ་པ་ལ་ཆུབ་ཕ། ཞུགས་པ་ཞུགས་ཕ། ཁྱབ་པ་ལ་ཁྱབ་ཕ། ཡང་དག་པར་གཤེགས་པ་ལ་ཡང་དག་ཕར་གཤེགས་ཕ། བསམ་གཏན་པ་ལ་བསམ་གཏན་ཕ། རྒྱས་པ་ལ་རྒྱས་ཕ། སྡིག་པ་ལ་སྡིག་ཕ། མཁས་པ་ལ་མཁས་ཕ། འཕགས་པ་ལ་འཕགས་ཕ། སྨྲས་པ་ལ་སྨྲས་ཕ། མ་འོངས་པ་ལ་མ་འོངས་ཕ་ཞེས་པ་ལྟ་བུ་དང་། བའི་དོད་དུ་ཕ་བྲིས་པ་དཔེར་ན་བསྐལ་བ་ལ་བསྐལ་ཕ་ལྟ་བུ་དང་། པོ་ཡི་དོད་དུ་ཕོ་བྲིས་པ་དཔེར་ན། བཟང་པོ་ལ་བཟང་ཕོ། གཉིས་པོ་ལ་གཉིས་ཕོ། ཐེག་པ་ཆེན་པོ་ལ་ཐེག་ཕ་ཅེན་ཕོ་དང་། བོ་ཡི་དོད་དུ་ཕོ་བྲིས་པ་ནི་དགུ་བོ་ལ་དགུ་ཕོ་ཞེས་པ་ལྟ་བུའོ། ཡིག་ཚགས་འདིའི་ནང་དུ་པ་བ་དང་པོ་བོ་ཡོད་ཚད་ཀྱི་དོད་དུ་ཕ་དང་ཕོས་འཐུས་པར་བྱས་འདུག་པའི་རྒྱུ་མཚན་ནི་དེ་དག་གི་སྐྱེ་གནས་མཆུ་ཡིན་པ་འདྲ་བའི་དབང་གིས་ཡིན། འདིའི་ཕྱི་ཚུལ་ལ་བལྟས་མ་ཐག་ནས་འདི་ནི་གནའ་བོའི་ཡིག་རྙིང་རྙིང་ཤོས་ཤིག་རེད་སྙམ་པའི་སྣང་བ་འཆར། ལྷག་བཅས་བཤད་པ། ཏུན་ཧོང་གནའ་ཡིག་འདིའི་ཁྲོད་དུ་ལྷག་བཅས་ཀྱི་ཕྲད་ཏེ་དང་སྟེའི་དོད་དུ་ཐེ་དང་སྠེ་བྲིས་པ་དཔེར་ན། དེ་བཞིན་ཏེ་ལ་དེ་བཞིན་ཐེ་དང་། ཞེས་བྱ་བ་སྟེ་ལ་ཞེས་བྱ་ཕ་སྠེ་དང་། ཕྱོགས་བཅུ་སྟེ་ལ་ཕྱོགས་བཅུ་སྠེ་དང་། འགྱུར་ཏེ་ལ་འགྱུར་ཐེ་དང་། གྱུརད་ཏེ་ལ་གྱུརད་ཐེ་ཞེས་པ་དང་། ད་དྲག་ཅན་གྱི་རྗེས་སུའང་ཐེ་སྦྱར་བ་སྟོནད་ཐེ་ལྟ་བུའོ། འདི་འདྲའི་རིགས་ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་འཕྲོ་མཐུད་ཞེས་པ་སོགས་ཀྱི་ནད་དུའང་མང་ཙམ་བཀོལ་སྤྱོད་བྱས་འདུག རྒྱན་སྡུད་བཤད་པ། བརྡ་སྤྲོད་གཞུང་གི་ཐོབ་ཐང་ལྟར་ན་རྗེས་འཇུག་ད་དང་ས་དང་གའི་མཇུག་ཏུ་ངེས་པར་རྒྱན་སྡུད་ཀྱི་ཕྲད་ཀྱང་ཐོབ་པ་རྩོད་མེད་ཡིན་མོད། ཏུན་ཧོང་གཏེར་ཡིག་འདིར་སངས་རྒྱས་གྱི་ཞིང་རྣམས་དེ་ཉིད་གྱང་བསམ་གྱིས་མྱི་ཁྱབ་ཅེས་དང་། དེ་བཞིན་དུ་ཐམས་ཅད་ཀྱང་ཞེས་དང་། རྣམས་ཀྱང་ཞེས་དང་། ཐམས་ཅད་གྱིས་གྱང་ཞེས་དང་། འགའ་ཞིག་གྱང་ཞེས་པ་ལྟ་བུ་སོགས་མང་ངོ་། ཚིག་ཕྲད་ཞིང་སོགས་བཤད་པ། ས་མཐར་དམིགས་བསལ་ཞེས་མ་གཏོགས།། ཞེས་ས་མཐར་ཤེས་མི་འཇོག་པར་དེའི་དོད་དུ་ཞེས་འབྲི་དགོས་པ་བརྡ་སྤྲོད་ཀྱི་གཞུང་ལས་བཤད་ཀྱང་། བཟང་སྨོན་འགྲེལ་པ་ལག་བྲིས་མ་འདིའི་ནང་ཕལ་མོ་ཆེ་ནི་ཞེས་པ་མ་བྲིས་པར་ཤེས་པ་བྲིས་འདུག་པ་དང་། ཡང་བྱང་ཆུབ་ཅེས་པ་ལ་བྱང་ཆུབ་ཞེས་ཕ་ཞེས་རྗེས་འཇུག་བའི་མཐའ་ཞེས་བྲིས་པ་དང་། དེ་བཞིན་དུ་བསླབ་ཅིང་ལ་བསླབ་ཆིང་དང་། འགྱོད་ཅིང་ལ་འགྱོད་ཆིང་ཞེས་པ་ལྟ་བུ་རྗེས་འཇུག་བ་དང་དའི་རྗེས་སུ་ཚིག་ཕྲད་ཅིང་ཐོབ་པ་ལ་འདིར་སྡེ་པ་གཅིག་པའི་ཡི་གེ་ཕན་ཚུན་བརྗེས་ནས་ཚིག་ཕྲད་ཆིང་བྲིས་པ་ལྟ་བུ་བརྡ་སྤྲོད་ཀྱི་སྲོལ་ལུགས་དང་མི་མཐུན་པ་འགའ་རེ་ཡོད་དོ། ༩.སྐུང་ཡིག་གི་སྐོར། བོད་ལ་གནའ་སྔ་མོའི་དུས་ནས་དུས་ཡུན་རིང་པོ་ཞིག་གི་ནང་དུ་སྐུང་ཡིག་འབྲི་སྲོལ་དར་ཁྱབ་ཧ་ཅང་ཆེ་བ་བྱུང་ཡོད་ཚུལ་ཏུན་ཧོང་གནའ་ཡིག་ཡིག་ཚགས་རྣམས་ལས་གསལ་བར་མཐོང་ནུས། དེའི་ཐད་ཏུན་ཧོང་བཟང་སྨོན་གྱི་འགྲེལ་པ་རྙིང་གྲས་འདིའི་ནང་རྗེས་སུ་ལ་རྗེསུ་ལྟ་བུ་དང་། དང་ལ་དྔ་དང་། ཁམས་ལ་ཁཾ་དང་། གདན་ལ་གྡན་དང་། རྣམས་སོ་ལ་རྣམསོ་དང་། གཉིས་སུ་ལ་གཉིསུ་ཞེས་པ་ལྟ་བུ་ཙམ་ལས་སྐུང་ཡིག་ཀློག་མི་ཤེས་པ་ལྟ་བུ་འགྲེལ་པ་ཕྱག་བྲིས་མ་འདིར་མི་འདུག
མཇུག་བསྡུ་བའི་གཏམ།
ད་ལྟ་ཡིག་རྙིང་ཞིབ་འཇུག་མཁན་མང་པོ་ཞིག་གིས་ཏུན་ཧོང་བོད་ཡིག་ཡིག་ཚགས་ལས་བརྡ་སྤྲོད་ཀྱི་གཞུང་གི་ཐོབ་ཐང་དང་མཐུན་པའི་དཔེར་བརྗོད་འགའ་རེ་བཙལ་ཏེ་བརྡ་སྤྲོད་ཀྱི་སྲོལ་ལུགས་དང་མཐུན་ཟེར་བ་དང་། ཡང་ཁ་ཅིག་གིས་བརྡ་སྤྲོད་ཀྱི་གཞུང་གི་འགྲོ་ཚུལ་དང་མི་མཐུན་པའི་དཔེར་བརྗོད་རེ་གཉིས་བཙལ་ཏེ་ད་ལྟའི་བརྡ་སྤྲོད་ཀྱི་ལུགས་དང་མི་མཐུན་ཞེས་བཤད་པ་མང་མོད། སྤྱིར་བོད་ཡིག་ཡིག་རྙིང་དེ་དག་གི་ནང་དུ་བརྡ་སྤྲོད་ཀྱི་རྣམ་གཞག་དང་མཐུན་མི་མཐུན་གཉི་ག་ཞིབ་བསལ་བྱས་ན་ལག་ཏུ་རྙེད་མི་ཐུབ་པ་མིན་པས། ཏུན་ཧོང་ཡིག་ཚགས་ཀྱི་བརྡ་སྤྲོད་ཁྱད་ཆོས་ཙམ་གྱི་སྟེང་ནས་མཐའ་གཅིག་ཏུ་ཡིག་ཚགས་ནམ་བྱུང་གི་ལོ་ཚིགས་ངེས་ཅན་ཞིག་གཏན་ཁེལ་བྱེད་རྒྱུ་ཧ་ཅང་དཀའ་བ་ལྟར། བཟང་སྨོན་འགྲེལ་པ་ཁ་ཐོར་འདིའི་ནམ་བྲིས་ཀྱི་དུས་ཚོད་དང་ཏུན་ཧོང་བྲག་ཕུག་ཏུ་ནམ་བཅུག་གི་དུས་ངེས་ཅན་ཞིག་སོགས་ཀྱང་ཁ་ཚོན་གཅོད་རྒྱུ་ནི་ཤིན་ཏུ་དཀའ་བ་བཤད་མི་དགོས། ཡིག་ཚགས་འདི་ནི་གོང་དུ་བཤད་ཟིན་པ་ལྟར་ཏུན་ཧོང་བཟང་སྨོན་ཁྲོད་དུ་ཡིག་རྙིང་གི་ཁྱད་ཆོས་འབུར་དུ་ཐོན་པའི་འགྲེལ་བ་ལག་བྲིས་མ་ཞིག་ཡིན་པ་དཔེར་ན་བཟང་སྨོན་འདིའི་མཇུག་གི་མཚན་བྱང་དུ། འཕགས་ཕ་ཀུན་དུ་བཟང་ཕོ་སྤྱོད་ཕའི་སྨོན་ལམ་ཅེན་ཕོ་འགྲེལད་ཕའྀ་མདོ་རྫོགས་སོ། ཞེས་བཀོད་ཡོད་པར་གཞིགས་ནའང་། ཏུན་ཧོང་བཟང་སྨོན་གཞན་དག་ལ་འདི་འདྲའི་བོད་བཙན་པོའི་སྐབས་ཀྱི་རྡོ་རིང་དང་བྲགབ་བརྐོས་ཡི་གེའི་ཁྱད་ཆོས་ལྡན་པ་དཀོན་ལ། ལྷག་པར་དུ་འདིའི་མཇུག་བྱང་དུ་འགྲེལ་པའི་མདོ་ཞེས་བྲིས་པ་ཞིག་སྔོན་གྱི་ཆོས་འབྱུང་དང་དཀར་ཆག་རྙིང་གྲས་གང་གི་ནང་དུའང་བཀོད་མེད་ཅིང་། ད་ལྟའི་བཀའ་བསྟན་གྱི་ཁྲོད་ནའང་འདི་འདྲའི་མཚན་བྱང་ཅན་ཞིག་གཏན་ནས་མི་བཞུགས་པས། བཟང་སྨོན་འགྲེལ་པ་འདིའི་ཚིག་གི་སྦྱོར་སྟངས་སོགས་ལ་བལྟས་ན་ཕལ་ཆེར་བོད་འགྱུར་བཟང་འགྲེལ་ཞིག་ཡིན་པར་ངེས་སྟབས། ཁོ་བོས་གོང་དུ་ཞིབ་དཔྱད་བྱས་པ་ལྟར་སློབ་དཔོན་ཡོན་ཏན་འོད་ཀྱི་བཟང་སྨོན་འགྲེལ་པ་ནི་བཤད་སྦྱར་ཡིན་པར་བཙན་པོའི་དུས་ཀྱི་དཀར་ཆག་འཕང་ཐང་མ་དང་ལྡན་དཀར་མ་གཉིས་ཀར་གསལ་བར་བཤད་པས། དེ་ལྟ་ན་ཕལ་ཆེར་སློབ་དཔོན་སངས་རྒྱས་གྲགས་པའི་བཟང་སྤྱོད་འགྲེལ་པ་ལས་འོས་མི་འདུག་སྙམ་པ་འཆར་ཡང་དེ་ནི་མུ་མཐུད་དུ་དཔྱད་དགོས་པའི་གནས་ཞིག་གོ། |