| མགོན་པོ་འོད་དཔག་ཏུ་མེད་པ་སྲས་ཀྱི་ཐུ་བོ་གཉིས་དང་བཅས་པའི་ཞབས་ལ་ཕྱག་འཚལ་ལོ། །འདྲེན་པ་འོད་དཔག་མེད་པའི་སྨོན་ལམ་དང་། །ཕྱག་ན་པདྨོའི་སྤྱན་ཆབ་ལས་འཁྲུངས་ནས། །འགྲོ་ཀུན་བདེ་བ་ཅན་དུ་ཁྲིད་མཛད་མ། །སེང་ལྡེང་ནགས་ཀྱི་ལྷ་མོའི་ཞབས་ལ་འདུད། །རྟག་ཏུ་ཐབས་མཁས་ཐུགས་རྗེའི་གྲུ་ཆེན་གྱིས། །མུ་མེད་སྲིད་མཚོར་བྱིང་བའི་འགྲོ་བ་རྣམས། །མཆོག་ཏུ་ཞི་བའི་གླིང་དུ་སྒྲོལ་མཛད་མ། ། དོན་ལ་མཚན་གསོལ་སྒྲོལ་མའི་ཞབས་ལ་འདུད། །ཁྱོད་ཀྱི་གནས་ཆེན་སེང་ལྡེང་ནགས་ཀྱི་ཚལ། ། རྣམ་དག་ཞིང་གི་དཔལ་ལ་འགྲན་པ་བཞིན། །རྩོད་དུས་འདིར་ཡང་ངེས་པར་བྱུང་བ་ནི། །ཡོད་ཅེས་འདི་སྐད་བདག་གིས་གསལ་བར་ཐོས། །སེང་ལྡེང་ཨུ་དུམ་ཝ་ར་རྒྱ་ཤུག་དང་། ཐང་ཤིང་ཏ་ལ་དང་ནི་ནྱ་གྲོ་ངྷ། །མྱ་ངན་མེད་དང་བིལ་བ་ཨ་ཀ་རུ། །ཙན་དན་ཛ་ཏི་ལི་ཤི་སོགས་ཀྱི་ཚལ། །རྐང་འཐུང་བུ་མོ་ལོ་འདབ་གོས་ཀྱིས་བཀླུབས།། མེ་ཏོག་ཐོང་མཛེས་འབྲས་བུའི་རྣ་རྒྱན་འཆང་། །ཕན་ཚུན་ཡལ་གའི་ལག་སྦྲེལ་དོ་ར་ན།། རླུང་གིས་སྐྱོད་པའི་ལྗོན་ཤིང་གར་མཁན་མ། །པདྨའི་ན་ཆུང་སྦྲང་རྩིས་མྱོས་པ་རྣམས། །གླུ་ལེན་འཕུར་ལྡིང་རོལ་བས་སྣང་བ་འཁྲིགས། །ནེའུ་ཙོ་སྨྲ་མཁས་བདེན་པའི་ཚིག་བརྗོད་ཅིང་། །རྨ་བྱ་མཇུག་སྒྲོ་བཏེག་ནས་ཟློས་གར་བྱེད། །ཡིད་འོང་ནགས་ཀྱི་བྱེའུ་སྣ་ཚོགས་དང་།། ཟབ་མོའི་གླིང་བུ་སྒྱུར་བའི་ཁུ་བྱུག་སོགས། །འདབ་ཆགས་སྐད་སྙན་སྣ་ཚོགས་སྒྲོག་པ་ནི། །ནགས་ཀྱི་བསྔགས་པ་བརྗོད་ལ་འགྲན་པ་བཞིན། །དོམ་དང་སྟག་གཟིག་དྲེད་དང་ཅེ་སྤྱང་སོགས། །རྒྱུག་ཅིང་མཆོང་དང་དྲེགས་པས་རྣམ་པར་འགྱིང་། །གདུག་པའི་རིགས་ཅན་གཅན་གཟན་དེ་དག་ཀྱང་། །གནོད་པའི་སེམས་སྤངས་རི་དྭགས་བྱམས་པས་སྐྱོང་། །སྤྲ་དང་སྤྲེའུ་ཡང་རྩལ་འགྲན་བྱེད་ཅིང་། །ཀྲྀཥྣ་ས་ར་ཡིད་ཕེབས་བྱིའུ་མཆུན་(འཆུན)། །ནུ་ཞོས་ཚིམ་པའི་རི་དྭགས་ཕྲུ་གུ་རྣམས། །མིག་ཟུམ་མཇིང་བ་བལྟབས་ནས་བདེ་བར་ཉལ། །འཇིགས་མེད་བདེ་བར་རྒྱུ་བའི་རི་དྭགས་རྣམས། །ཕན་ཚུན་བརྩེ་བས་འདེད་བའི་བང་ག་སྦྱོང་། །ཁ་ཅིག་མགྲིན་པ་བཏེག་ནས་ཕྱོགས་སུ་ལྟ། །སླར་ཡང་སྔོ་ལྗང་རྩྭ་ཡི་རྩེ་མོ་འཛིན།། ནགས་ཚལ་ལྟ་བའི་ལྷ་ཡི་བུ་མོ་རྣམས། །གདུ་བུ་འཁྲོལ་བའི་ལག་སྦྲེལ་དོ་ར་བཅས། །འཇམ་མཉེན་ཡན་ལག་སྐྱོད་པའི་རྣམ་འགྱུར་དང་། །མགྲིན་པ་བསྡེབས་ནས་དྲུག་ལྡན་ལེན་ལ་མཁས། །རྣ་བའི་དགའ་སྟོན་འགྱེད་པའི་དཔལ་ཡོན་ཅན། །དྲི་ཟའི་ན་ཆུང་རྒྱུད་མངས་སྦྲེང་བྱེད་ཅིང་། །དབྱངས་ཅན་མགྲིན་པར་བྱེད་པའི་དཔལ་ཡོན་ཅན། །རི་དྭགས་མིག་ཅན་བསྟོད་དབྱངས་རྒྱ་མཚོ་སྒྲོག །འབབ་ཆུའི་ན་ཆུང་དབུ་བའི་འཛུམ་དཀར་ཅན། །ཡན་ལག་བརྒྱད་ལྡན་དལ་གྱིས་འབབ་པའི་རྗིང་། །གནམ་སྔོན་ཞུན་མ་འཁྱིལ་འདྲའི་ཆུ་ངོགས་ན། །རིག་འཛིན་དགའ་མ་རྩེ་ཞིང་ཁྲུས་ལ་འཇུག །མཐིང་རིལ་ངུར་བ་ཆུ་སྐྱར་གཞོན་ནུ་དང་། །བཞད་དང་ཁྲུང་ཁྲུང་ངང་བའི་རྒྱལ་པོ་སོགས། །མགྲིན་པའི་ནང་ནས་སྙན་སྒྲོག་གླུ་དབྱངས་མཁན། །ཆུ་བྱ་སྣ་ཚོགས་དགའ་ཞིང་མཚོ་ལ་ལྡིང་། །ཕུན་ཚོགས་ནགས་ཚལ་དེ་ཡི་དབེན་པའི་ངོས། །ཡངས་པའི་རྡོ་ལེབ་ཟླ་བ་ལྟ་བུའི་སྟེང་། །མེ་ཏོག་འབྲས་བུ་རྒྱས་པའི་ཤིང་དྲུང་ན། །རིག་འཛིན་གྲུབ་པ་རྙེད་པའི་རྣལ་འབྱོར་བ། །འདུ་འཛིས་མ་གོས་ཞི་བའི་སྤྱོད་ལམ་ཅན། །དྲང་པོར་ལུས་བསྲང་སེམས་ལ་བལྟ་བ་བཞིན། །མིག་ཟུར་གཡོ་མེད་ཏིང་འཛིན་རོ་ལ་ཆགས། །འཁྲུལ་མེད་བསམ་གཏན་མཛད་པ་དུ་མ་བཞུགས། །སྟེང་ནས་ཆུ་འཛིན་དཀར་པོའི་སྟོད་གཡོགས་བགོས།། ངོས་ནས་འབབ་ཆའི་མུ་ཏིག་དོ་ཤལ་འཆང་། །རྐེད་སྐབས་ནགས་ཚལ་སྔོན་མོའི་ཤམ་ཐབས་ཅན། །ས་འཛིན་བུ་མོས་ཕྱོགས་ནས་མཛེས་པར་བསྐོར། །ལྷ་ཡི་ལམ་ལ་འཇའ་འོད་གུར་གྱིས་ཕུབ། །ཕྱོགས་ནས་དཀར་འཇམ་སྤྲིན་གྱི་བླ་རེས་བྲེས། །དེ་ལ་འཕྱང་བའི་འཇའ་ཚོན་མཛེས་པའི་འཕན། །སྤྲིན་གསེབ་ལྷ་རྣམས་བླ་རེ་འཛིན་པའི་ཚུལ། །ལྷ་ཡི་མཁའ་ལས་བབས་པའི་མེ་ཏོག་ཆར།། ས་ཡི་རྡུལ་གྱིས་གོས་ན་མི་རུང་ཞེས། །རླུང་གིས་བཏེག་ནས་བར་སྣང་འཁོད་པ་རྣམས། །ཉི་མའི་འོད་དང་འགྲོགས་པས་ལྷག་པར་མཛེས། །འོག་གཞི་བེེ་ཌཱུརྱ་ཡི་ནེའུ་གསིང་ལ། །རིན་ཆེན་མེ་ཏོག་དུ་མ་གཅལ་དུ་བཀྲམ། །ཛཱ་ཏི་ཙམ་པ་ལི་ཤི་སོགས་ཀྱི་དྲི། །རླུང་གིས་བཀུག་པའི་དྲི་ངད་བཟང་པོས་ཁྱབ། །འཆི་མེད་དབང་པོའི་བཀོད་པ་སྐྱེངས་པའི་གནས།། རྒྱལ་བའི་ཡེ་ཤེས་སྒྱུ་མ་སྤྲུལ་པ་དེར། །མར་གད་ལྗོན་པ་གོམ་པ་འགོད་པ་བཞིན། །སྒྲོལ་མ་བཞེངས་དང་འབྱོན་གཤེགས་སྤྱོད་ལམ་མཛད། །དེ་དབུས་རབ་གསལ་ཤེལ་གྱི་ས་གཞི་བསྟར། །རིན་ཆེན་ཚོན་སྣ་བརྒྱ་ཡིས་རྣམ་པར་བཀྲ། །རིན་ཆེན་སྣ་ཚོགས་འབར་བའི་ཁྲི་སྟེང་ན། །དགེ་མ་མར་གད་མདོག་ཅན་ཉི་འོད་འཕྲོ། །ཕྱག་གཡས་སྒྲུབ་ལ་མཆོག་སྦྱིན་ཕྱག་རྒྱ་དང་། །གཡོན་པ་འཇིགས་པ་ཀུན་སྐྱོབ་སྐྱབས་སྦྱིན་ཅན། །གདུལ་བྱའི་བུང་བ་ཡེ་ཤེས་སྦྲང་རྩིའི་རོས། །ཚིམ་མཛད་ཨུ་ཏྤལ་སྔོན་པོས་ཕྱག་གཉིས་མཛེས། །གཡས་ན་གསེར་གྱི་མདོག་ཅན་འོད་ཟེར་ཅན། །ཞི་བའི་ཉམས་ལྡན་རྡོ་རྗེ་ཨོ་ཤ་འཛིན། །གཡོན་ན་རལ་གཅིག་སྔོན་པོ་ཁྲོས་པའི་སྐུ། །གྲི་གུག་ཐོད་པ་སྟག་གི་ཤམ་ཐབས་ཅན། །གཙོ་འཁོར་གསུམ་ག་ལྷ་ཡི་ན་བཟའ་དང་།། མཛེས་སྡུག་རྒྱན་གྱི་ཁྱད་པར་སྣ་ཚོགས་ཀྱིས། །བརྒྱན་པའི་མིག་གི་བདུད་རྩིར་གྱུར་པ་ནི། །ནགས་ཚལ་དེ་ཡི་ཐིག་ལེ་ལྟ་བུར་བཞུགས། །རྒྱལ་ཡུམ་མཆོད་པར་རྩོམ་པའི་ལྷ་མོ་ནི། །ཕུལ་བྱུང་གཟུགས་མཛེས་རྣམ་དག་ཞིང་གི་རྒྱན། །ཡིད་འཕྲོག་རྒྱན་གྱིས་སྤུད་པ་སྣ་ཚོགས་ཀྱིས། །མཆོད་རྗས་འདི་དག་གུས་པས་བཟུང་ནས་མཆོད། །གནམ་སྔོན་དྲི་མེད་འཇའ་ཚོན་ཤམ་བུ་ཅན། །ཁོར་ཡུག་སྐར་མའི་དོ་ཤལ་འཆང་བ་བཞིན། །མུ་ཏིག་ཆུན་འཕྱང་མཛེས་པའི་བླ་རེ་དང་། །དྲི་ཞིམ་བདུག་པའི་སྤྲིན་ཕུང་ནམ་མཁའི་རྒྱན། །རྒྱབ་ནས་དར་དཀར་བརྐྱངས་པའི་ཡོལ་བ་དང། །སྣ་ཚོགས་ནོར་བུའི་ཐིག་ལེ་བཀྲ་བ་ཡི། །ལྷ་ཡི་གདུགས་དཀར་གསེར་གྱི་ཡུ་བ་ཅན། །རབ་མཛེས་རྒྱལ་མཚན་བ་དན་གནམ་དུ་བསྒྲེངས། །གཡས་ན་རྔ་ཡབ་ནོར་བུའི་ཡུ་བ་ཅན། །དྲིལ་ཆུང་གཡེར་ཁས་བརྒྱན་པ་དུ་མ་དང། །རྨ་བྱ་གདོང་མཛེས་གཤིབས་པའི་རླུང་གཡབ་རྣམས། །ཞི་བའི་ནགས་རླུང་གཡོབ་ལ་ཆས་པ་བཞིན། །གཡོན་ན་པི་ཝང་གླིང་བུ་ཅང་ཏེའུ། །པ་ན་ཧ་དང་རྔ་ཟླུམ་རྫ་རྔ་དང་། །འབུད་དུང་གཡས་འཁྱིལ་ཀ་ལིང་རྔ་བོ་ཆེ། །ཚངས་པའི་དབྱངས་ལ་འགྲན་ཕྱིར་མཆོད་པ་འདྲ། །མདུན་དུ་མཆོད་ཡོན་རྒྱ་མཚོ་ཀུན་ནས་འཁྱིལ། །ཉི་ཟླ་ལ་སོགས་ནོར་བུའི་སྣང་བ་གསལ། །རོ་བརྒྱ་ལྡན་པའི་ལྷ་ཡི་ཞལ་ཟས་སོགས། །སྣ་ཚོགས་བཅུད་འཛིན་གསེར་སྣོད་ཚར་དུ་དངར། །སྤེལ་ལེགས་རིན་ཆེན་མེ་ཏོག་འཕྲེང་བ་དང་། །ཟླ་བ་ཉ་འདྲ་སྒེག་མོའི་མེ་ལོང་སོགས། །འཛིན་མཁས་ལང་ཚོས་བསྙེམས་པའི་མགྲིན་སྙན་རྣམས། །རྩེད་འཇོ་གླུ་གར་བྱེད་པས་ཕྱོགས་ཀུན་མཛེས། །གཞན་ཡང་ལྷ་མིའི་མཆོད་པ་ཕུལ་བྱུང་དང་། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོ་སོགས། །ཡིད་འོང་མཆོད་རྫས་མ་ལུས་གྲོས་བྱས་ནས། །ནགས་ཀྱི་ལྷ་མོའི་དྲུང་དུ་འདུས་པ་བཞིན། །ལྷ་དང་མི་རིག་པ་འཛིན་པ་སོགས། །སྐལ་བཟང་དུ་མ་ཉིན་བཞིན་འོངས་ནས་ནི། །སྒྲོལ་མའི་ཞལ་གྱི་བུམ་པ་བཟང་པོའི་བཅུད། །དད་པའི་སྙིམ་པས་འཐུངས་ཏེ་རྟག་ཏུ་འཚོ། །དེ་ལྟར་ཕུན་ཚོགས་མཐའ་དག་འདུས་པའི་གནས།། སྒྲོལ་མའི་ཕོ་བྲང་སེང་ལྡེང་ནགས་ཚལ་དང་། །རྒྱལ་ཡུམ་དགེ་མ་འཁོར་དང་བཅས་རྣམས་ལ། །ཞིང་རྡུལ་མཉམ་པའི་ལུས་ཀྱིས་ཕྱག་འཚལ་ལོ། །དགེ་བ་འདི་ཡིས་བདག་གཞན་འགྲོ་བ་རྣམས། །སྐྱེ་བ་ཀུན་ཏུ་སྒྲོལ་མའི་ཞབས་པད་ལ། །བཏུད་ནས་དགྱེས་པའི་ཕྱག་གིས་བཟུང་པའི་མཐུས། །རིག་འཛིན་མཆོག་གི་གོ་འཕང་འཐོབ་གྱུར་ཅིང་། །ལེགས་བཤད་རི་མོ་བཀྲ་བཞི་ལུང་གི་གོས། །རྣམ་དཔྱོད་གསེར་གྱི་ཡུ་བ་ལ་བརྟེན་ཅིང་། །བསླབ་གསུམ་ནོར་བུའི་ཏོག་གིས་རབ་མཚན་པའི། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་འཛུགས་པར་ཤོག། སྒྲོལ་མའི་ཕོ་བྲང་སེང་ལྡེ་ནགས་ཀྱི་བསྟོད་པ་ཡིད་ཀྱི་ལྕགས་ཀྱུ་ཞིས་བྱ་བ་འདི་ནི། དཔལ་རྗེ་བཙུན་མའི་ཐུགས་རྗེའི་ཉིན་བྱེད་ཀྱིས་བློ་གྲོས་ཀྱི་པདྨ་ཅུང་ཟད་ཁ་ཕྱེ་བའི་བཀའ་དྲིན་ལ་བརྟེན་ནས། བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་སུ་བྱུང་བའི་སྙན་ངག་མཁན། དགེ་འདུན་གྲུབ་དཔལ་བཟང་པོས་དཔལ་བྱང་ཆུབ་ཆེན་པོའི་དབེན་གནས་ཐེགས་ཆེན་ཕོ་བྲང་ཆེན་པོར་ལེགས་པར་སྦྱར་བའོ།། །།
གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ(སྟོད་ཆ)ལས་བདམས།
|