| བློ་ཆེན་ཡེ་ཤེས་མེ་ལོང་མི་ཡི་སྐུ། །བཟང་པོའི་སྨྲ་བ་དག་མཐར་གཏུགས་པའི་གསུང་། །གྲགས་སྙན་སྟོབས་བཅུའི་རྩལ་ལ་འཁྲིལ་བའི་ཐུགས། །པ་ཊུ་ཡོངས་ཀྱི་གཙུག་རྒྱན་བློ་བཟང་གྲགས། །གང་བློ་ཤེས་བྱའི་ཕ་མཐའ་ལ་སོང་བས། །ལམ་བཟང་མཐར་ཐུག་རང་གིར་བགྱིས་པའི་ཟིལ། །ཟླ་གྲགས་ཀྱིས་ཀྱང་བཟོད་པའི་ཉམས་ཕྲ་བས། །སྟོན་པ་ཟླ་མེད་ཟས་གཙང་སྲས་སུ་སེམས། །རྒྱལ་བའི་གསུང་རབ་རབ་ཏུ་རྟོགས་དཀའ་བ། །ཕྲ་ཞིབ་ལེགས་བཤད་བཤད་པའི་མཐིལ་ཕྱིན་པས། །མངོན་སུམ་ཉིད་མཛད་མཛད་པ་ཟླ་མེད་དུ། །འཛམ་གླིང་རིགས་སྨྲ་སྨྲ་བས་ནོར་འཛིན་མཛེས། །འདི་ནས་དུས་རིང་ཞིག་ན་མགོན་པོ་འདིས། །རང་རེའི་དོན་དུ་དམ་བཅའ་རྡོ་རྗེའི་ཁུར། །མི་འཇིགས་བཞི་ལྡན་བཟུང་བའི་མཚན་གྱི་དབྱངས། །རྒྱལ་ཀུན་དགྱེས་པའི་རོལ་མོར་གྱུར་པ་ཐོས། །དེ་སླད་སྲིད་པའི་དོ་ར་ཡངས་པོ་རུ། །ཟམ་གསང་ཟུང་འཇུག་གནད་ལ་རྩེན་པའི་གར། །གཞན་དང་མི་མཉམ་ས་བཅུའི་སེམས་དཔའ་ཡང་། །ང་སྙམ་བཏང་བའི་སོམ་ཉིའི་ལམ་ལ་བརྟེན། །ཨེ་མ་དེ་ལྟའི་ངོ་མཚར་བརྒྱའི། །རྩ་བའི་གནས་ཀྱི་ཆེ་བ་ཡིས། །མགྲིན་པ་དོན་ལྡན་བྱ་བའི་ཕྱིར། །བྱངས་པ་གླིང་ལ་ཆེད་དུ་བརྗོད། ། འཇམ་དབྱངས་གཞོན་ནུའི་ལྟེ་བའི་མཚལ། །འགྲམ་པའི་ཐིག་ལེར་བཟླུམས་པའི་ཡུལ། །ཙོང་ཁའི་མིང་གི་ཡིག་འབྲུས་ཀྱང་། །ཕྱོགས་ཀྱི་རྣ་བའི་བཅུད་ལེན་བྱེད། །རྫོགས་སངས་རྒྱས་དང་དེ་ཡི་སྲས། །དྲང་སྲོང་གསུམ་རིག་སྨྲ་རྣམས་ཀྱིས། །ལུང་བསྟན་མེ་ཏོག་འདབ་སྟོང་བ། །ཆར་དུ་བསྙིལ་བས་བདུད་སྡེ་འཇིགས། །ཙནྡ་ན་ཡི་ལོ་མ་ལ། །ཀུན་གཟིགས་སེངྒེ་ང་རོའི་སྐུ། །འབུམ་ཕྲག་བསེ་རུ་རང་བྱོན་པ། །གསེར་གྱི་མཆོད་སྡོང་སྙིང་བོར་བཞུགས། །འདི་འདྲ་བསྐལ་པ་དང་པོ་ནས། །བློ་བཟང་རྒྱལ་བ་མ་གཏོགས་པ། །སུ་ལ་བྱུང་དང་འབྱུང་འགྱུར་ཞེས། །བརྒྱ་བྱིན་མིག་སྟོང་ལྡན་པས་འཚོལ། །མི་ཕམ་ནམ་མཁའི་མཐོངས་ན་གནས་པ་ཡང་། །རང་གི་ཆེ་སྲིད་འཆོར་དུ་དོགས་པའི་བློས། །སྣང་བརྙན་རྣམ་པར་བརྫུས་ཏེ་འཁོད་པ་ལས། །བྱམས་པ་གླིང་ཞེས་གྲགས་པ་དོན་དང་མཐུན། །མ་རྒྱལ་བ་ལས་རྒྱལ་བར་འབོད་པ་ལའང་། །འདི་ལྟའི་ཕྲག་པ་དོག་པ་ཅི་ཞིག་ཅེས། །སྐྱེ་བོས་ཡ་ག་སྒྲོག་པས་ངོ་གནོངས་ནས། །ལེགས་པ་རྒྱ་མཚོའི་བགྱི་བ་ཡིན་ནོ་ལོ། །དབང་པོའི་ཏོག་གིས་ལེགས་སོ་སྒྲོན་པའི་དར། །ཆེ་བར་འཆང་བའི་སྙིང་སྟོབས་ཆེན་པོ་ལ། །གནམ་སའི་དཔྱད་པའི་དྭངས་མ་མ་ལུས་པ། །མེས་པོ་ཚངས་པས་བསྒྲིགས་པ་བཞིན་དུ་བཀྲ། །ས་ལ་དཔལ་འབྱོར་རབ་རྒྱས་པདྨའི་གདན། །གནམ་ལ་མི་མཐུན་རྣམ་གནོན་འཁོར་ལོའི་གུར། །ལོགས་ལ་ཕུན་ཚོགས་འགུགས་བྱེད་ཤིས་པའི་རྟགས། །ཡུལ་ལ་དགེ་བཅུ་མཆོག་གི་མཚན་མ་བཞི། །ལུགས་ཀྱི་སྨྲ་བ་ལས་ཀྱང་ལྷག་གོ་ཞེས། །དམ་པ་ཉི་མའི་བློ་ཅན་མང་པོ་ཡིས། །སྙན་ངག་ནོར་བུའི་ཕྲེང་བ་རིང་བོ་བསྟར། །མིག་གི་འཇུག་པ་རྣོ་བར་གྱིས་ལ་ལྟོས། །སྣོད་ཀྱི་ཁྱད་པར་ཟིལ་དུ་བརྩེགས་པས་ཁོར་ཡུག་རི་བོའི་ཁོངས་མཛེས་ཀྱང་། །ནང་ན་སྲིད་ཞིའི་ལེགས་ལམ་མེད་ཚེ་བུམ་པ་བཅུད་ཀྱིས་སྟོངས་པ་བཞིན། །ཡ་རབས་སྐྱེ་བོའི་ཡི་གར་མི་འོང་མི་བསྔགས་ཚེར་མ་ཚལ་དུ་འཕེལ། །རང་གི་ཕན་བདེ་བ་མོའི་དཔལ་ཡང་རིང་དུ་མི་གནས་ནུབ་པར་འགྱུར། །མཐོང་གྲོལ་སྐུ་ཡི་གཟུགས་སྣང་འབུམ་བཀྲ་གྲགས་པ་དོན་ལྡན་བྱམས་པ་གླིང་། །ལུང་རིགས་སེངྒེའི་ང་རོ་གཟེངས་མཐོ་བྱམས་པའི་གཞུང་འཛིན་རྣམ་དཔྱོད་ཅན། །སྟོང་ཕྲག་དུ་མས་རྟག་པར་སྐྱོང་ཞིང་བཤད་སྒྲུབ་ཆོས་ཀྱི་ཆར་འཇོ་བ། །གདོང་ལྔའི་དབྱངས་དང་མི་ཕམ་མགོན་མཚུངས་མཚན་གྱི་དོན་དུ་ཁོ་བོས་འཁུམས། །ཚར་གཅོད་རྗེས་འཛིན་ཀུན་ཤེས་རིག་པ་དྲི་བྲལ་གསེར་གཞིའི་ཁྱོན་ཡངས་པོར། །གུས་རྟག་བརྩོན་པའི་ཆུ་ཀླུང་རབས་མེད་ཟབ་རྒྱས་བྱེ་མ་འགྲེམ་བཞིན་ཉུལ། །གསོག་གསོབ་མ་ལགས་རིགས་ལམ་རྣོན་པོའི་གློག་ལྕེ་འཁྱུག་པས་མཁའ་དབྱིངས་མཛེས། །དེ་ཕྱིར་དེ་ལ་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པས་སྙིང་ནས་བསྔགས། །ཕ་རོལ་ཐལ་བས་སུན་འབྱིན་རལ་གྲིའི་ཆར། །རང་གི་ཞེ་འདོད་སྒྲུབ་ངག་བདུད་རྩིའི་རྒྱུན། །རྟགས་ལས་རྗེས་དཔག་རྟོག་བྲལ་མངོན་སུམ་གྱི། །དགག་གཞག་ཕྲ་ཞིབ་ཚད་མའི་རིགས་ལམ་གཙང་། །ཡུལ་དང་སྦྱོར་བ་འབྲས་བུའི་དངོས་པོ་བརྒྱད། །ཟབ་མདོའི་སྦས་དོན་བདུན་ཅུས་མཚོན་པའི་ཚུལ། །མངོན་སུམ་རབ་གསལ་ནོར་བུའི་མེ་ལོང་མཆོག །འཕགས་སེང་དྲིལ་བའི་འདྲེན་དབང་ཚར་དུ་དངར། །ཀླུ་ཡི་གསུང་རབ་རིགས་ཚོགས་སྣང་བའི་གཏེར། །ཟླ་བའི་གཞུང་ལུགས་ཉི་མས་བསྒྱུར་པ་ལ། །འཁོར་བའི་སྲོག་རྩ་གཅོད་པའི་རྣམ་དཔྱོད་ཅན། །བློ་བཟང་སྨྲ་བའི་སེང་ཆེན་དགྱེས་པ་མང་། །ཕྲ་ཞིབ་མངོན་པའི་མཛོད་དང་འདུལ་བའི་མདོར། །གངས་ཅན་ཡོངས་ལ་གྲགས་པའི་སྤྱི་དོན་དང་། །གསེར་མདོག་ཅོད་པན་འཆང་བའི་མཐའ་དཔྱོད་གཉིས། །ཟུང་འབྲེལ་བརྒལ་བརྟག་འཕྲུལ་གྱི་ཆོས་གྲྭ་མཛེས། །ནམ་ཡང་གནད་ཀྱི་ཐིག་ལས་མི་འཛུར་བར། །གོ་སྟོབས་སྟོང་གསུམ་ཤོང་བའི་སྣོད་དུ་སྐྱེ། །དབང་པོའི་བབ་དང་འཚམ་པའི་འཕྲུལ་འདེགས་ཅན། །འཆད་པའི་ཀ་བའི་ཐུབ་བསྟན་ཁང་བཟང་བཀུར། །ལུང་ཙམ་སྐྱབས་སུ་བཟུང་བ་མ་ལགས་པར། །རྟོག་གེའི་གསང་ཚིགས་གཞན་དང་མ་འདྲེས་པས། །མ་རིག་འཁྲུལ་བའི་དུག་ཤིང་དྲུངས་འབྱིན་པ། །རྩོད་ངག་རྒྱན་དྲུག་དགྱེས་པའི་རོལ་མོ་མཚར། །མདོ་སྔགས་ཐ་སྙད་སྡེ་བཞིའི་དོན་བཟང་ལ། །ཚིག་གི་སྦྱོར་བ་ཡིད་འོང་དཔའ་བོའི་མགྲིན། །གངས་ཀྱི་རི་ནས་གདྒཱ་འབབ་པའི་ཉམས། །རྩོམ་པའི་རྩལ་རྫོགས་ངེས་དོན་དམ་པ་མང་། །འདོད་ཡོན་ལམ་བྱེད་སྲོག་གི་གནད། །བདེ་སྟོང་གསང་བའི་ཐིག་ལེ་ལ། །རྗེ་ཡི་དགོངས་པའི་གཟེར་ཐེབས་པའི། །རིག་འཛིན་ནོར་བུའི་ཁྱུ་ཚོགས་འཁྲིགས། །རྨོངས་པ་དཀར་པོའི་རི་དྭགས་ཀུན། །ཁམ་དུ་བགྱིད་པའི་ཤ་ར་བྷ། །མི་ཤིགས་རྡོ་རྗེའི་རྣལ་འབྱོར་གྱི། །བཤད་སྒྲུབ་ལྷུར་ལེན་དུས་འཁོར་པ། །གསོ་བྱ་གསོ་བྱེད་གསོ་ཚུལ་ཀུན། །ཡིད་ལས་སྐྱེས་ཀྱིས་དྲིས་པའི་ལན། །ཡན་ལག་ཉེར་བཞིར་ལྷང་ངེ་བས། །ཕན་བདེའི་མཆོག་སྦྱིན་འཚོ་བྱེད་པ། །མི་འེཇིགས་མ་འདྲེས་ཁ་བའི་རྡུལ་བརྩེགས་གོ་ཏམ་གངས་ཀྱི་རི་བོ་ལས། །ལེགས་པར་འོངས་པའི་ལུང་རྟོགས་ཆུ་ཀླུང་བྱེ་བ་ཕྲག་བརྒྱ་གཡས་འཁྱིལ་ཞིང་། །མང་ཐོས་བློ་ལྡན་ངང་ངུར་ཁྲི་ཕྲག་རིགས་པའི་མགྲིན་རྔ་འཁྲོལ་བ་ཅན། །ཡན་ལག་བརྒྱད་ལྡན་ཆོས་ཀྱི་རྒྱ་མཚོ་མཐོང་གྲོལ་སྐུ་འབུམ་བྱམས་པ་གླིང་། །འཇམ་དཔལ་སྙིང་པོའི་ཐུགས་བསྐྱེད་རྨད་བྱུང་དག་གསལ་ས་ལེ་སྦྲམ་གྱི་གཞིར། །རིག་གྲོལ་རིན་ཆེན་འདུས་པའི་ལྷུན་པོ་གཞན་ཕན་གླིང་བཞིས་ཀུན་ནས་བསྐོར། །ལྷ་དང་བླ་མའི་ཉི་ཟླ་རབ་གསལ་དགེ་ལེགས་འོད་སྣང་ཕྱོགས་འཅུར་འཕྲོ། །ཚོམ་བུ་བདུན་ལྡན་ཆོས་ཀྱི་མཎྚལ་ཐོས་གྲོལ་སྐུ་འབུམ་བྱམས་པ་གླིང་། །དངོས་བཅས་ཁྲིམས་ཀྱི་རྩ་བ་རབ་བརྟན་མདོར་བསྡུས་ཡལ་གའི་འཁོར་ལོ་ཡངས། །ལྷག་པར་སྡོམ་པ་གོང་མའི་གྲིབ་བསིལ་ཕྱོགས་ཀྱི་ཐ་གྲུལ་ཡངས་པོར་ཁྱབ། །ཐེག་གསུམ་འབྲས་བུའི་མེ་ཏོག་ཡིད་འོང་ཕན་བདེའི་ཉིང་ཁུར་འཛུམ་སྤྲོ་བའི། །འདབ་མ་སྟོང་ལྡན་ཆོས་ཀྱི་ལྗོན་ཤིང་དྲན་གྲོལ་སྐུ་འབུམ་བྱམས་པ་གླིང་། །རྒྱལ་བའི་སྐུ་དང་ཡིག་འབྲུ་སོགས། །རང་བྱོན་སྣང་བ་དཔག་མེད་ཀྱིས། །མཐོང་ཐོས་དྲན་རེག་དོན་ལྡན་དུ། །མཁའ་ཁྱབ་སྐྱེ་རྒུའི་ཡིད་དབང་འགུགས། །དེ་ཕྱིར་ལོ་ཟླའི་ལམ་ནས་ཀྱང་། །མཇལ་བའི་བསོད་ནམས་ལ་སྲེད་པ། །དད་ལྡན་སྐྱེ་བོའི་འཕྲོ་འདུ་ནི། །ཆུ་གཉེར་ལྟ་བུར་ཟད་པ་མེད། །རྒྱབ་ལ་ཁྲེས་པོའི་ཁུར་ལྕི་ཞིང་། །གདོང་ལ་རྔུལ་ཆུ་འཛག་བཞིན་དུ། །འདི་ལ་འཇུག་པའི་ཁྱུ་འཁྲིགས་པས། །གཞན་ན་ཕྱག་ཡུལ་མེད་དམ་ཅི། །དེ་ལྟ་མོད་ཀྱི་མེ་ཏོག་ལ། །བུང་བ་རྣམ་པར་འཁོར་བ་དང་། །རབ་ཏུ་རྣོ་བའི་ཁབ་ལེན་གྱིས། །ལྕགས་ཕྱེ་འདྲེན་པར་སུ་ཞིག་ཚོམ། །ཕལ་ཆེར་ཀློག་པའི་མིག་སྟོང་བགྲད། །ལ་ལ་བསམ་གཏན་ཁང་བུར་རྒས། །གཞན་དག་བྱ་བ་ལས་ཀྱིས་བྲེལ། །འཁོར་ལོ་གསུམ་ལྡན་བྱམས་པ་གླིང་། །ཕྱི་ན་བཀྲ་ཤིས་དགེ་མཚན་ཁྲི་ཕྲག་དཀྲིགས། །ནང་ན་རྟེན་གསུམ་སྐར་མའི་ཚོགས་ལ་འགྲན། །གསང་བ་ཆོས་སྤྱོད་འཕགས་ཡུལ་ནཱ་ལནྡྲ། །ཕྱི་ནང་གསང་བའི་ཟླ་བྲལ་བྱམས་པ་གླིང་། །སྲིད་ཀྱི་དཔལ་འབྱོར་མིག་སྐྱའི་གྲོང་ལ་འཁུ། །ཐོས་བསམ་སྒོམ་པས་ལྷའི་བུའི་སྙིང་ཁ་འགས། །བླང་དོར་གནས་ལ་ལུང་གི་ཞུ་བ་བཞིན། །དེ་དཔེ་ཚོལ་སླད་ཚངས་པས་གདོང་མང་སྤྲུལ། །བླང་དོར་མཁས་པས་ལས་བཞི་འགལ་མེད་སྒྲུབ། །ཀུན་ཀྱང་འདུས་སྡེ་སྤེལ་བའི་ཐབས་སུ་ཤར། །གོང་མའི་དགོངས་པ་ལེགས་པར་རྙེད་པས་བདེ། །ཉེས་སྐྱོན་ཆེན་པོའི་སྒོ་ཡང་ངང་གིས་འགག །ཆེ་བ་བཞི་ལྡན་སྐུ་འབུམ་བྱམས་པ་གླིང་། །ལམ་གྱི་རིམ་པ་ཡིན་མིན་དོགས་སོ་ལོ། །གཞུང་ནི་གཟུགས་ཀྱི་ཕྱིར་ན་མི་འཐད་ཅེས། །གཏན་འབེབས་དཔེ་རུ་དཎྜིའི་མེ་ལོང་སྨྲ། །འདོད་རྒུའི་ཆུ་བོ་ཕྱོགས་དང་ཕྱོགས་མཚམས་ནས། །མཆོད་པའི་ཡོན་དུ་རྒྱུན་ཆད་མེད་པར་འབབ། །བུད་བསྙེགས་ཐོབ་གསུམ་འགྲིག་གི་གོས་འོག་ཏུ། །སྦེད་པའི་བཀའ་གདམས་སྐྱེས་བུ་བགྲང་ལས་འདས། །འཛམ་གླིང་ས་ཡི་ཉི་ཟླ་ཟུང་གཅིག་རྒྱལ་བ་དྲུག་དང་པཎ་ཆེན་གཉིས། །ཟག་ཟད་ཐུགས་ཀྱི་གསང་བ་ཟབ་མོས་དངོས་སུ་གཤེགས་ཤིང་བྱིན་བརླབས་པ། །མ་བཅོས་རང་བྱུང་ལྷ་ཡི་སྐུ་འབུམ་མི་ཕམ་བྱམས་པ་གླིང་ལས་གཞན། །འདི་ན་སུ་ཞིག་སྙམ་དུ་སེམས་ཏེ་ཀུན་གསལ་ཀློག་གི་སྒྲོན་མེར་བགྲོས། །སྔོན་གྱི་དབང་ཕྱོགས་འཛིན་མའི་ཚངས་ཆེན་ཏཱ་མིང་རྒྱལ་རབས་རྣམ་གསུམ་དང་། །མན་ཇུའི་སྟོབས་ཀྱི་འཁོར་ལོས་བསྒྱུར་པ་འབྱོར་བའི་གྲངས་ཀྱིས་མཐོར་བཏེགས་ཏེ། །མི་མཐུན་བདུད་ལས་རྒྱལ་བའི་རྒྱལ་མཚན་བཀྲ་ཤིས་འབུམ་འབོད་ལྷ་ཡི་ལུང་། །རིམ་པར་བབས་པའི་སོར་རིས་མ་མཉམ་མིག་གི་བདུད་རྩིར་འདི་ན་འཁྱིལ། །འདི་ཡང་གཞན་ན་མེད་པའི་ཆོས། །འཇམ་མགོན་ཆོས་ཀྱི་རྒྱལ་པོའི་བྱིན། །རྟག་ཏུ་དྲན་པ་མངོན་བྱོས་ལ། །ཕྱི་ནང་གསང་བའི་གསོལ་འདེབས་འབུངས། །མ་དག་འཁྲུད་དང་མི་ཤེས་བསལ། །བརྒྱད་ཁྲི་བཞི་སྟོང་གདམས་པའི་མཛོད། །དེ་ན་དེ་དང་འདིར་འདི་ཞེས། །གཞན་ལ་འགྲམ་ཆུ་ཅིའི་ཕྱིར་ལྡང་། །རང་ཉིད་རྟ་ལ་ཞོན་བཞིན་དུ། །རྟ་ཉིད་བརྗེད་པར་གྱུར་པ་ཞེས། །དཔལ་མགོན་ཀླུ་ཡིས་བཟླས་པའི་ལུང་། །འདིར་ཡང་བསམ་པར་བྱ་བའི་རིགས། །གནས་འདིའི་ཆེ་བ་རེ་རེ་ཡང་། །བདག་ལྟའི་སྨྲ་བས་ག་ལ་ལང་། །རྩྭ་རྩེ་ཕྲ་མོའི་ཟིལ་བ་ཙམ། །རང་གི་དད་པའི་གསོས་སུ་བླངས། །དེ་ལྟར་རྨད་བྱུང་བཀོད་པའི་ཞིང་དབང་སེངྒེ་ང་རོའི་མཚན་དཔེའི་སྐུ། །འབུམ་ཕྲག་རྣམ་བཀྲ་མཐོང་བ་དོན་ལྡན་བྱང་ཆུབ་ལྗོན་པའི་ཆེ་བ་ཆན།། བྱམས་མགོན་འཇམ་དབྱངས་དགོངས་པ་གཅིག་མཐུན་ཐུགས་རྗེའི་འོ་མཚོ་བསྐྱིལ་པའི་གླིང་། །ཆེད་བརྗོད་མེ་ཏོག་ཕྲེང་བས་ཉེར་མཚོན་རྣམ་དཀར་ཟླ་བའི་མདངས་འདྲ་དེས། །སྡེ་འདིར་བློ་གསལ་པདྨའི་འཁྲི་ཤིང་བཤད་སྒྲུབ་སྦྲང་རྩིའི་བཅུད་ཀྱིས་གཏམས། །ཐོས་བསམ་སྒོམ་པའི་རྐང་དྲུག་བགྲང་ཡས་འཕུར་ལྡིང་ཟློས་གར་ཅི་ཡང་རྩེན། །ཕན་ཚུན་མཛའ་ཞིང་མཛངས་པའི་འཆད་རྩོམ་ཕྱོགས་ཀྱི་འཁོར་ལོར་བརྡའ་བ་ལས། །དྲི་ཟའི་ན་ཆུང་ཁེངས་པ་ཐུང་ངུར་ཞི་བའི་ལམ་བཟང་སྟེན་པར་སྨོན། །མཐའ་དབང་ཀུན་ན་མ་རྣམས་བདེ་སྐྱིད་ལུང་རྟོགས་རྒྱལ་བསྟན་དམ་པས་སྐྱོངས། །སྟག་སེང་རྣམས་ཀྱང་མཚོན་བསྐལ་མི་འཛིན་མཐུན་འགྲིག་ཆེན་པོའི་དབྱིངས་ལ་རོལ། །འཛམ་གླིང་རྒྱལ་ཁབ་བྱེ་བའི་རྩེར་སོན་མ་ཧཱ་ཙི་ནའི་ཆབ་སྲིད་འཕེལ། །འདི་སྨྲ་པོ་ཡང་གེགས་ཀྱིས་མི་ནོངས་དོན་གཉིས་ལག་རྩེར་སྨིན་གྱུར་ཅིག །ཅེས་མཁས་གྲུབ་བྱེ་བའི་བསྟི་གནས་མདོ་སྨད་བྱང་ཕྱོགས་སའི་ཐིག་ལེ་དཔལ་ཀྱི་ཆོས་གྲྭ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་ལ་མངོན་པར་བསྔགས་པའི་རབ་ཏུ་བྱེད་པ་འཇམ་མགོན་བླ་མ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་འདི་ནི། མིང་གོ་སྲིད་ལོ་སོ་གཉིས་པ་རབ་རྒྱལ་ཆུ་ལུག་ཟླ་བ་བརྒྱད་པའི་དཀར་ཕྱོགས་ཀྱི་བཟང་པོ་དང་པོར་སྐུ་འབུམ་དུ་སོན་སྐབས་དེ་གའི་གྲྭ་རིགས་དད་བརྩོན་བློ་གྲོས་ཀྱི་ནོར་ལྡན་བྱང་ཆུབ་གྲགས་པས་བསྐུལ་པའི་ངོར། གོ་མིང་ཀྲིན་ཧྥུའི་བཀའ་ལུང་གིས་ཧྥུའུ་ཇའོ་ཤོན་ཇིའི་ཁྲན་སིར་བསྔགས་པ་ཤཱཀྱའི་དགེ་སློང་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱིས་སྦྱར་བ་ཛ་ཡནྟུ། ། གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ(སྨད་ཆ)ལས་བདམས།
|