གནས་ཡུལ། མདུན་ངོས། ཉེ་རབས་ཀྱི་རྩོམ་ཡིག
 
 
༄༅།།བསྟོད་པ་དད་པའི་སྤུ་ལོང་འདྲེན་པའི་བསེར་བུ།
སྤེལ་དུས།2008-05-07   ཡོང་ཁུངས་།--རྩོམ་ཡིག་གསེར་གྱི་སྦྲམ་བུ།--   རྩོམ་པ་པོ། འཇིགས་མེད་དམ་ཆོས་རྒྱ་མཚོ།

         ན་མོ་ལོ་ཀེ་ཤྭ་རཱ་ཡ། སྐལ་བ་བཟང་པོར་ཡན་ལག་བདུན་ལྡན་དབྱངས། །ཟབ་དོན་རྒྱ་མཚོའི་སྙིང་བོར་གྲུབ་པ་ཅན། །མངོན་པར་དགའ་བའི་ཆོ་ག་རྫོགས་པའི་སྡེ། །གྲུ་འཛིན་བདག་པོའི་ཞབས་ཕྲེང་གཙུག་ཏུ་སྙེམས། །ཟླ་བའི་སྲིང་མོ་ཀུན་དགའ་སྤོབས་པ་ཡི། །མྱ་ངན་མེད་པའི་ལང་ཚོ་མཁར་འཕྱུར་བས། །ཟུར་མིག་ཉག་ཕྲན་བསྔགས་པའི་གཏམ་འདི་སྟེ། །འཕེན་མཁས་དབྱངས་ཅན་དགེས་པའི་རྡོ་རྗེར་གླེང་། །ཕྱོགས་དུས་ཡེ་ཤེས་འོད་ལྔའི་མེ་ལོང་ནི། །གུར་ཀུམ་སྙེ་མར་དཀྲིགས་ཏེ་ཚངས་པའི་གནས། །དགེ་ལེགས་སྤེལ་བས་མང་ཐོས་རྨུགས་འཛིན་དབང་། །སྒྲུབ་འབྲས་གཞན་ཕན་འཕེན་ལས་ཟླ་དང་བྲལ། །རྡོ་རྗེའི་ས་ལ་འཁོན་རིགས་རྒྱུན་ཤེས་བུས། །ཆེད་དུ་བསྒྲུབས་པའི་མཆོད་སྦྱིན་འཁྱིལ་བའི་གྲྭར། །པད་དཀར་འཆང་བ་ཨུ་དུམ་ཝ་རའི་འཛུམ། །བལྟ་བས་མི་ངོམས་འོད་ཀྱི་ཐིག་ལེ་འཚེར། །བཅུ་བདུན་ཕྲེང་བ་སྣང་བའི་དབང་པོ་ཡིས།  །སྤེལ་ལས་ཟླ་བ་ཕྲོགས་པའི་མཁས་གྲུབ་མཚན་།  །ས་ཆེན་འདི་ན་མ་སྨད་སྒྲའི་ཁྲོན་པར།  །བསིལ་བའི་རྩ་ལག་མདོ་དབུས་ཁྱམས་སུ་བགྲང་།   །དཀར་ཐུབ་ཐོར་ཚུགས་ཚང་ཚིང་འགྲིམ་པ་ཡིས།  །སྤངས་པའི་ཐུན་མོང་རིག་པ་ག་གའི་མདའ།  །རལ་བ་བྱི་བ་ཛ་ཧུའི་བུ་མོའི་ཡབ།  །མཉེས་པས་མཐེབ་ལོང་སྦྱོར་བ་ཁྱོད་ལ་སྤྲོས།  །ལྷུན་གྲུབ་ཡེ་ཤེས་སྣ་ཚོགས་རྟ་ཅན་གྱི།  །ཕྲག་པར་ཞོན་པའི་ནང་རིག་མ་ལ་ཡའི། །བསྣོམ་བྱའི་ཚིག་མདའ་ཐུགས་གསང་བ་གམ་རྩེར།   །གནད་དོན་གསལ་བ་དཔལ་གྱི་དོ་ཤལ་རིང་། །ཨོ་ཊི་ཡ་ནའི་ཟླ་བཞིན་མྱོས་བྱེད་མ། །ལི་ཁྲིའི་ཆུ་གཏེར་རུམ་དུ་རྩེན་པ་ན། །ཆུ་མཐོངས་མེས་པོ་ངོ་ཚའི་གཙང་བྱེད་ཀྱིས། །ཟོས་པའི་ལྷག་མ་དགུ་ཚིགས་རུས་པའི་གཟེབ། །དོན་ཡོད་བདེ་བར་གཤེགས་པའི་ལམ་གྱི་སྲོལ། །ཆོས་རྒྱུན་དགའ་བོའི་སྡུམ་པ་ཧུབ་གཅིག་གིས། །ལྷག་མེད་བྱས་པའི་ཡ་མཚན་ལྷའི་སྒྲོན་མ། །སྟོང་ཕྲག་འདེགས་ལ་གྲགས་པའི་མུ་ཁྱུད་ངལ།   །གསུང་གསང་མཐོ་རིས་ཆུ་བོ་མཐའ་མེད་མ།  །ཞི་བ་མཆོག་གི་ཟོང་དུ་ཐོས་འཛིན་གྱི། །མི་ཕམ་ཡུར་བའི་ལམ་དུ་གདུལ་བ་ལ།  །རྣམ་གྲོལ་མྱུ་གུ་སྤེལ་བའི་འབབ་སྟེགས་ཁྱོད།  །རིན་གྱིས་མ་ཐེག་ལེགས་བཤད་ཏོག་གི་བློ།  །དབྱངས་ཀྱི་ཤིང་རྟ་དམར་པོའི་གཞོང་བ་ལ།  །ཐོགས་ནས་བསོད་ནམས་ཡངས་པའི་རྣ་བ་རུ།  །གཏེར་དུ་བགྱིད་པའི་དགའ་བ་མཁའ་ལ་འཕྱོ།  །རིགས་པ་དྲག་པོར་ཁྲོས་པའི་སྲིན་པོ་ནི། །ལུང་མང་དུད་པའི་རལ་བ་སྨུག་ཏིས་ཅན།  །དཔུང་བ་སྟོབས་སུ་རྫོགས་པས་ལོག་རྟོག་དང་།  །རྒོལ་བའི་མགྲིན་བཅུ་འཛིན་མར་སྙིམ་པའི་བཅུད།  །རི་མོ་གསུམ་པ་ཚངས་པའི་འཇིག་རྟེན་ན། །ཏཾ་བུ་ར་ཡི་སྙིང་གི་འདོད་འཇོ་མ།  །རྣ་བའི་ལོངས་སྤྱོད་མངར་བོར་འཁྲུངས་པ་ནི།  །གཡར་མོ་ཐང་ན་གཅིག་ཉིད་ཐུན་མོང་སྟེ། །མཁས་རྣམས་སིམ་པར་བྱེད་པའི་བྱ་བ་གསུམ་།  །མ་ཟད་ཚུལ་མིན་རིགས་པས་མི་ཕྱེད་པའི། །བཤད་སྒྲུབ་བསྟན་པའི་སྙིང་པོ་རྫོགས་ལྡན་སྤྲིན། །སྐྱེ་རྒུ་ཉེ་བར་འཚོ་བའི་བླ་རེར་དཀྲིགས། །བདེ་ཆེན་འཁོར་ལོའི་རྟ་བབས་མཐོ་ལྡན་རྩེར། །ཆོས་ཚུལ་མཁའ་ཡི་སྙེ་མ་སྨིན་པ་ལས། །ཐོབ་པའི་ནོར་བུ་རིན་ཐང་མེད་པའི་དཔྱ། །མཛོད་དུ་སྲུང་ལ་མི་འཁྲུགས་ཁེངས་པ་འཛིན། །སྟོབས་བཅུའི་དབང་ཕྱུག་བཀོད་པ་མི་ཟད་པའི། །རྫུ་འཕྲུལ་གྲོང་དུ་མཇལ་བ་ཐེམ་པའི་སྐས། །ཚུལ་ཁྲིམས་གསུམ་གྱི་དངོས་དེ་དྲི་མེད་པར། །ཁྱོད་ཀྱི་ཐུགས་ལ་སྙིང་ཉེ་འབྱར་རྩི་ཐོབ། །བཅུ་གསུམ་ས་ཡི་རྐང་འཐུང་རྒྱས་མི་རྒྱས། །གང་ལ་རག་ལས་རིག་འཛིན་བསླབ་པའི་བཅུད། །ཐུགས་ལ་གསོས་པས་རིམ་གཉིས་སྲོག་བཟུང་ནས། །ལྷུན་གྲུབ་དཀྱིལ་འཁོར་གཅིག་ལ་ཁྱོད་ཞལ་རྫོགས། །ལེགས་ཚོགས་མེ་ཏོག་རྣམ་བཀྲའི་ཁམས་གྲུང་བོ། །རང་གིར་བྱས་པའི་བྱིན་རླབས་ཡོངས་སྨིན་པས། །ནམ་ཞིག་ཁྲིམས་ལྡན་བདུད་རྩིའི་ཏཾ་བུ་ལ། །རྡོ་རྗེའི་ནུ་བོ་ས་ཆེན་འཆང་བར་དཔལ། །དེར་ནི་ལྷུན་སྟུག་ཕྲིན་ལས་གསེར་གྱི་གདུགས།  །གཏན་དུ་འཁོར་བའི་རྩེ་དགའ་མ་དོར་བར། །རིང་མིན་འཕགས་ཡུལ་འོག་པག་ཆུན་པོའི་རྒྱན། །གཡོ་བའི་སྙན་པ་འཇིག་རྟེན་གཞན་གྱི་གཏམ། །པཎ་ཞྭས་ཀུན་མཐོང་འབིགས་པའི་ཟ་མ་ཏོག །གཞུང་བརྒྱའི་གཏེར་དུ་སྦ་བའི་གུར་ཀུམ་ཆབ། །སེང་གེའི་ཁྲི་ཡི་ལོངས་སྤྱོད་རྒྱ་ཆེ་བ། །དུག་ཅན་རྡུལ་གྱིས་འགྲན་ལ་སྐལ་བས་ཕོངས། །དམ་པའི་རྣམ་ཐར་ལྷ་རྫས་སྣ་ལྔའི་འོད། །བརྐྱངས་པས་བསྟན་འགྲོའི་དོན་ཆེན་བརྒྱ་བྱིན་སྤྲོས། །འཕྱར་གཡེང་བྱས་པས་མནའ་མར་ཐུབ་པ་ཡིས། །ཞིང་འདི་དཔལ་གྱིས་བཀང་བ་རྗེས་སུ་དྲན།།མུན་པ་མཐར་བྱེད་ཀུན་སྣང་སྟོད་གཡོགས་ཀྱིས།། རང་གི་གྲོགས་མོ་དགའ་བར་བྱས་པ་ཡིས།། དཔག་པར་རིགས་པའི་དག་སྣང་ཕྱོགས་མེད་ཀྱི། །དམ་པའི་སྐྱེས་བུ་ཀུན་ལ་མཛའ་བ་སྡེབ། །མརྒད་སྤུ་ལོང་རྒྱས་པའི་ལང་ཚོ་ལ། །སྲེད་པས་ལྕུག་ཕྲན་ཡལ་གས་རེག་པ་རྩོམ། །འོས་མིན་ལས་ལ་ཁྲོས་པའི་བྲག་རིའི་བཞིན། །བསྡུས་པའི་ཚུལ་ལ་གངས་དཀར་འཛུམ་པ་ཤོར། །ཕུན་ཚོགས་དེ་ལྟའི་དངོས་ཀུན་རང་བྱུང་དུ། །བབས་པ་འཛམ་གླིང་རྒྱན་དུ་མཐའ་མ་རིག །དེ་དང་དེར་ནི་ཞི་བའི་སྤྱོད་བཟང་ལ། །དགའ་བའི་དྲང་སྲོང་དམར་སེར་སྤུ་ཅན་དགེ །མཁྱེན་བཟང་ས་ལས་ཤར་བའི་ཟླ་བ་ཡི། །བུམ་བཟང་དབེན་སའི་མན་ངག་ག་པུར་གྱི། །ཐིགས་ཕྲེང་སར་བས་དགོངས་པ་ལ་སྲེད་པས། །སྲིད་ཞིའི་རྒུད་པ་མིང་གི་ལྷག་མར་བཞག །གྲིབ་མ་ལས་གཞན་ཉེ་བར་གནས་པ་ནི། །རི་སྐྱེས་མཁའ་འགྲོ་གཅན་གཟན་གཏུམ་པོ་ལས། །མ་རྟོགས་ལྗང་བུའི་གདིང་བ་ཡིད་འོང་མར། །རི་མོར་བྲིས་བཞིན་མི་གཡོ་ཆོས་དང་མཐུན། །དཔྱད་འཇོག་ཀ་ཤའི་རྔ་ཡབ་ཐུན་མོང་ལམ། །ཐུན་མོང་མིན་པའི་ཁྲུས་ལ་གར་བྱས་ཏེ། །མཐོངས་ལ་བསིལ་བ་འབེབས་པའི་འཆི་མེད་རྒྱུན། །བཏུང་བས་འཛུམ་པ་བཞིན་ལ་རྙོག་མ་གྱུར། །ཁྱད་པར་ཀླུ་སྒྲུབ་དགྱེས་པའི་ཉ་གང་ཟླ། །མངོན་གྱུར་ཟབ་དོན་སྙིང་གི་ཁྲག་དམར་པོ། །དུས་ཀྱི་མཐའ་འདིར་ཁྱོད་ཉིད་ཁོ་ན་ལ། །གཏད་འདིས་མཁས་གྲུབ་ཕལ་ལ་འདུན་པ་བཏང་།  །བཅུད་ལེན་འཚོ་བའི་དཀའ་ཐུབ་ཁོ་ན་ལས། །གསོས་པའི་སོར་རྕེའི་ཆུ་སྐྱེས་ཟེ་བ་ཡིས། །འཇིགས་པ་བྱིན་པས་ཡ་མུ་ན་ཡི་སྤུན། །གསེར་ཞུན་རང་སྲོལ་སྐྱོང་བའི་ཆོ་འཕྲུལ་བསྟེན། །རྡོ་རྗེའི་སྐུ་ནི་བསིལ་ལྡན་རྒྱལ་མོ་ཡི།  །མཚོན་ཆས་བརྫི་བྱ་མིན་ལ་མཚར་ཅི་འོས། །སྤྲུལ་པའི་ཁྱིམ་ལས་ཙནྟ་ལི་ཡི་གསིས་། །ཟ་བར་མི་ནུས་བླ་གོས་འདི་ཀོ་མཚར།  །ཞིང་འདིར་ཚེ་ཐུང་གཅིག་ལ་ཟུང་འཇུག་ས་། །མནན་པ་དེ་ཚེ་གྲུབ་མཆོག་མི་ལ་རྫེས། །རང་ཉིད་མཛའ་བས་འཛུམ་པ་གནག་པ་ལ། །ཡིད་མུན་སངས་ཏེ་དགེས་པའི་འོད་དཀར་འཁྲུངས། །སྣ་ཚོགས་འཆང་བའི་གསུས་པར་འདི་ཉིས་ཀྱི། །ཡོན་ཏན་རྒྱལ་བ་རྣམས་དང་མཉམ་རྩེན་པ།  །དེ་ཚེ་འབྱུང་བོའི་མ་མ་ངལ་བ་ཡིས། །དབང་ཆེན་མཚན་མར་སིམ་པའི་ཉེར་བསྡོགས་བཤམས། །གཅིག་ཉིད་མ་ཡིན་གང་གསུང་བདུད་རྩིའི་འབྲས། །ཟོས་པས་ཉམས་རྟོགས་དར་བབས་སང་ཆེན་མང་།  །དབེན་གསུམ་སྙིང་གི་ཐིག་ལེར་ཆིག་རྐྱ་བར། །འཇིགས་པ་མེད་པར་བག་ཡངས་དྲོད་ཚད་ཉུལ། །ཀུན་ཀྱང་འཇམ་དཔལ་སྤྲུལ་པའི་གླེགས་བམ་གྱི། །སྙན་བརྒྱུད་ཆང་གིས་རབ་ཏུ་མྱོས་པ་སྟེ། །དེ་ཚེ་མདོ་ཁམས་ནུབ་ཕྱོགས་ཨུ་རྒྱན་ལས།  །མཐོ་བའི་གྲགས་པ་རིགས་ཀུན་མེས་པོས་བརྡུངས།  །གྱེས་པའི་ཐུབ་ཆེན་གངས་དཀར་རྩེ་མོ་ལ།  །མངོན་དགའ་རྒྱས་པའི་མདངས་ཀྱིས་ལྷམ་མེ་བ། །ཚོམ་བུར་ལྕགས་རིའི་པང་དུ་ལྷགས་པ་ནི། །ཨེ་མ་དེང་ཡང་དབང་པོས་མངོན་སུམ་སྤྱོད།།མཐོང་བ་མིན་ཡང་ཐོས་པའི་མོད་ལ་ཡང་། །རབ་དགའི་ས་ལ་བདེ་བླག་འཇོག་ནུས་པའི། །དྲང་སྲོང་དཀའ་ཐུབ་སྤྱོད་པའི་ངང་ཚུལ་དེར། །ཡིད་གཡོའི་མཆི་མ་སྟོན་སྤྲིན་བཞོ་བའི་མཆེད།  །རྟ་ཕོ་ཡངས་པའི་ཆོལ་ཁ་རྒྱས་པའི་བཞིན། །སྒྲུབ་པའི་ཤིང་རྟ་འདྲེན་པའི་ལམ་ཡངས་པོར། །འབྱེད་པའི་བྱེད་པོ་དབྱངས་ཅན་མངོན་དགའི་སྡེ། །གྲགས་པ་ཕྱོགས་ཀྱི་རྣ་བར་མེས་པོའི་གླུ། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ལེགས་ལས། །མགོན་ཁྱོད་གང་དུ་སྤྲུལ་པའི་ཟློས་གར་གྱི། །བཀོད་པ་ཇི་ལྟར་མཛད་པ་ངེས་མིན་ཡང་། །ཐུགས་རྗེ་ལྕགས་ཀྱུས་ནམ་ཡང་མ་གཏོང་ཞིག །སྐྱབས་མགོན་སྒྱུ་འཕྲུལ་དྲ་བའི་མེ་ཏོག་ནི། །བདུན་པ་ཆེན་པོར་གསལ་བའི་ཞབས་བརྟན་ཅིང།།བསྟན་པའི་བྱ་ཀུན་གསལ་ནོར་བུའི་སྒྲོན།། ཕྱོགས་དུས་ཀུན་ཏུ་གསལ་བའི་རེ་བ་འཆའ།།དེ་སྐད་དུ་བཀྲ་ཤིས་ཆོས་གླིང་ཞེས་བྱ་བའི་གྲུབ་པའི་གནས་སུ་ཀློག་པ་ཐོས་བསམ་གྱི་འཁོར་ལོ་བསྙེངས་པ་མེད་པར་འདྲེན་པ་ལ་ཆས་པའི་ཚེ།
      ཡུལ་མདོ་སྨད་ཀྱི་སྒྲུབ་པའི་ཤིང་རྟ་བ་ཆེན་པོ་སྐྱབས་མགོན་སྐལ་སྡན་རྒྱ་མཚོ་ནི་རང་གི་ཐུན་མོང་མ་ཡིན་པའི་ཡུལ་སྤྱིའི་སྟོན་པ་གོང་ན་མེད་པ་ཉིད་དུ་གྲུབ་པ་དང་། རང་ཉིད་ཀྱང་མགོན་པོ་དམ་པ་དེས་སྲོལ་ཕྱེས་པའི་སྒྲུབ་པ་ལམ་ཡང་དག་པ་ལ་བགྲོད་པར་ཆས་པ་ཞིག་ན། བསྔགས་པའི་གཏམ་གྱིས་བསོད་ནམས་སྡུད་པའི་འོས་འགབ་ཅི་ནས་ཀྱང་ཡོད་པར་མཐོང་ནས། ཚུལ་དེ་ལ་བློ་ཉེ་བར་ཕྱོགས་པའི་དུས་སུ།  སྐུལ་བ་པོའི་རྐྱེན་སྡེ་སྣོད་འཛིན་པ་དུ་མ་ཡང་མངོན་དུ་བབས་པ་ལས།རོང་སྟོན་བདེ་བར་གཤེགས་པའི་འཕྲིན་ལས་ལ་སྤྱོད་པའི་ས་ཆེན་པོའི་ལེ་ལག་ཏུ་དལ་འབྱོར་གྱི་སྙེ་མ་ཁུར་དུ་ཐོགས་པ།རྣམ་འདྲེན་སྐལ་ལྡན་རས་པ་ལ་ལྷན་སྐྱེས་ཀྱིས་དད་གུས་མི་ཕྱེད་པའི་ཁམས་ཆེས་ཆེར་བརྟས་པའི་ལྷ་སྡེ་དཀར་པོའི་རིགས་ཀྱི་གང་བུ་མགར་གྱི་སྙན་དངགས་མཁན༧མི་ཕམ་དབྱངས་ཅན་དགེས་པའི་རྡོ་རྗེ་ཞེས་བྱ་བ་ལོངས་སྤྱོད་འཁོར་ལོ་དོན་དང་བཅས་པའི་བྱ་བ་ལ་ཉེ་བར་ཞུགས་པ་དད་པའི་སྤུ་ལོང་འདྲེན་པའི་བསེར་བུ་ཞེས་བྱ་བའི་བསྟོད་པར་རིག་པར་བྱ་བ་ཉི ད་དོ།།   །།   
                གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ(སྨད་ཆ)ལས་བདམས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060