གནས་ཡུལ། མདུན་ངོས། ཉེ་རབས་ཀྱི་རྩོམ་ཡིག
 
 
༄༅།།འདུ་འབྲལ་སྙིང་པོ་མེད་པར་རྟོགས་པའི་གླུ།
སྤེལ་དུས།2008-05-08   ཡོང་ཁུངས་།--རྩོམ་ཡིག་གསེར་གྱི་སྦྲམ་བུ།--   རྩོམ་པ་པོ། དགེ་འདུན་ཆོས་འཕེལ།

     སྲིད་པའི་འབྱོར་བ་ལ་ཁའི་ན་བུན། །འདུས་པའི་གཉེན་གྲོགས་ཚོང་འདུས་མགྲོན་པོ། །མ་ངེས་སྐྱིད་སྡུག་མདང་གི་རྨི་ལམ། །བསམ་ཞིང་བསམ་ན་སྙིང་པོ་མི་འདུག།རྒྱུས་མེད་གཤིན་རྗེ་ཕོ་ཉས་ཁྲིད་ནས།  །ཕྱི་མའི་འཕྲང་རིང་འགྲིམ་པའི་གྲོགས་ལ། །སྐྱབས་ཀྱི་དམ་པ་རྩ་གསུམ་ལྷ་ཡིས། །ཐུགས་རྗེའི་སྤྱན་གྱིས་སྐྱེལ་མ་མཛོད་ཅིག།སྐྱེས་ནས་འཆི་བ་འཁོར་བའི་ཆོས་ཉིད། །བསྒྱུར་དུ་མེད་པ་སྒྱུ་མའི་རང་མདངས། །མི་བཟློག་གཤིན་རྗེ་རྒྱལ་པོའི་བཀའ་ཡིག།ཉམ་ཆུང་གྲོགས་ཀྱི་སྟེང་དུ་སླེབས་སོང་། །སྔོན་སྨོན་ལས་ཀྱི་ཆར་ཟིམ་བབས་ཚེ། །ཡོད་ཡོད་འདྲ་བའི་དགུང་གི་འཇའ་ཚོན། །དུང་སེམས་ཉི་མ་གསལ་དུ་སོང་ཚེ། །མི་མཐོང་ནམ་མཁའི་དབྱིངས་སུ་ཡལ་སོང་།།ན་གཞོན་ལང་ཚོའི་མེ་ཏོག་རྒྱས་དུས། །ཡིད་ཀྱི་ཆུ་བོ་གཅིག་ཏུ་འདྲེས་པའི། །འདྲིས་འདྲིས་ཆུང་གྲོགས་སེམས་ཀྱི་ཚེར་མ། །ད་ལྟ་རིགས་དྲུག་གང་དུ་ཡོད་ན། །སྐྱིད་ཤོད་ལྷ་སའི་གྲོག་ཆུ་ཕྲ་མོ། །ཞག་གསུམ་འཛོམས་པ་འགྲོགས་པའི་ཐ་མ། །མི་རིང་ཕྲད་པའི་ཁ་ཆད་བྱས་པ། །རྨི་ལམ་ངང་ནས་མཇལ་དུས་སླེབས་སོང་། །རྒན་དང་བར་མའི་སྐྱེ་བོ་ཐམས་ཅད། །ངེས་ངེས་འཆི་བའི་ངང་ཚུལ་མཐོང་ཡང་། །ཆུང་སྐྱེས་གྲོགས་ཀྱིས་བོར་བའི་ཕྱོགས་ལ། །ནང་གི་དུང་སེམས་ཆོད་ཐབས་མི་འདུག།ཤེས་རྗེས་འགྱོད་པ་བླུན་པོའི་ངང་ཚུལ། །ལུས་སེམས་རྒུད་པའི་རྒྱུ་ལས་མེད་ཀྱང་། །ཡུན་རིང་འདྲིས་པའི་སེམས་ཀྱི་བག་ཆགས། །གོམས་པའི་ཤུགས་འདི་བཟློག་ཐབས་མི་འདུག།ལུས་ཟུངས་ཟད་པའི་ཀེང་རུས་གཟུགས་བརྙན། །གསོན་དུ་རེ་བའི་ཁོ་ཐག་ཆད་དེ། །འཆི་བའི་མིག་གིས་ཅེ་རེར་བལྟ་བའི། །གཏམ་དེ་བདེན་ན་སྙིང་ལ་གཟན་པ། །མ་བརྟག་སེམས་ཀྱི་འཆར་ཚུལ་ཞིག་ལ། །ད་དུང་དྲུང་ན་ཡོད་ཡོད་འདྲ་བ། །དྲན་པའི་གཞུ་མོ་ནང་དུ་བཀུག་ཚེ། །སྙིང་ཁུང་སྟོང་བའི་རྒྱུ་ལས་མི་འདུག།བརྩེ་ཞིང་འགྲོགས་པའི་ཕྱི་ཐག་བསམ་སྟེ། །མཆོག་གསུམ་བསླུ་བ་མེད་པའི་ཞིང་དུ། །དགེ་བའི་དངོས་པོ་ཅུང་ཟད་སྒྲུབ་པ། །ཕྱི་མའི་ཡུལ་དུ་གྲོགས་ལ་བསྲིངས་སོ།། །།
          གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ(སྨད་ཆ)ལས་བདམས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060