གནས་ཡུལ། མདུན་ངོས། དམངས་ཁྲོད་ཀྱི་རྩོམ་ཡིག
 
 
༄༅།།མི་རོ་རྩེ་སྒྲུང་།
སྤེལ་དུས།2007-12-17   ཡོང་ཁུངས་།   རྩོམ་པ་པོ།

མི་རོ་རྩེ་སྒྲུང་ངམ་མི་རོ་གསེར་སྒྲུང་ཞེས་པའི་གླེང་གཞི་འདུས་པས་ལེ་ཚན་ཉེར་ལྔའི་བདག་ཉིད་ཅན་འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་གཅིག་པར་དཔེར་བལྟས་ཏེ། བོད་རང་གི་གཏམ་རྒྱུད་མང་པོ་བསྣན་ཏེ་གྲུབ་པ་ཞིག་རེད། འདིར་རོ་སྒྲུང་གི་གཏམ་རྒྱུད་ལ་བརྗོད་བྱ་རྗོད་བྱེད་གཉིས་ཆར་དབྲི་སྣོན་བྱས་པ་མཐོང་ཐུབ་ཀྱང་། སྒྲུང་ཕལ་མོ་ཆེའི་ནང་དུ་བོད་མིའི་བསམ་སྟངས་དང་སྤྱོད་ཚུལ་སོགས་གསལ་བར་བསྟན་པས་བོད་རིགས་རང་ཉིད་ཀྱི་རྩོམ་རིག་ཅིག་ཏུ་གྲུབ་ཡོད། འདིའི་བརྗོད་བྱ་ནི་སྔོན་ས་ཞིག་ན་སྒྱུ་མ་མཁན་སྤུན་བདུན་ཡོད་པ་ལ། དེ་དང་མི་རིང་བའི་ས་ན་གསལ་བྱེད་དང་དོན་གྲུབ་ཅེས་པའི་ཕུ་ནུ་གཉིས་ཡོད། གསལ་བྱེད་སྒྱུ་མ་མཁན་སྤུན་བདུན་གྱི་སར་སྒྱུ་མ་སློབ་ཏུ་ཕྱིན། དེར་ལོ་གསུམ་འགྱངས་ཀྱང་ཁོ་ཚོར་གཡོག་ལས་བྱེད་པ་མ་གཏོགས་སྒྱུ་མ་སྤྲུལ་བའི་མན་ངག་ཅུང་ཟད་ཀྱང་མ་བསླབས་པས་ནམ་ཞིག་ནུ་བོ་དོན་གྲུབ་ཀྱིས་རྒྱགས་བྲོ་བསྐྱལ་འོང་བའི་སྐབས་དང་བསྟུན་མཚན་མོར་སྒྱུར་མ་སྤུན་བདུན་གྱིས་སྒྱུར་སྦྱངས་སར་འཇབ་ཉན་བྱེད་དུ་ཕྱིན། དོན་གྲུབ་ཀྱིས་སྒྱུ་མ་སྤྲུལ་ཚུལ་ལ་ལྐོག་ལྟ་བྱས་པས་སྒྱུ་མའི་མན་ངག་ཤེས། དེར་ཕུ་ནུ་གཉིས་མཚན་འགྲོས་ཀྱིས་ཡུལ་ལ་སླེབས་པ་དང་དོན་གྲུབ་རྟ་མཆོག་ཅིག་ཏུ་སྤྲུལ་ཏེ་གསལ་བྱེད་ཀྱིས་ཁྲིད་ནས་འཚོང་དུ་ཕྱིན། དེའི་ཚེ་སྒྱུ་མ་མཁན་སྤུན་བདུན་གྱིས་གསལ་བྱེད་སྤུན་གཉིས་བྲོས་པས་ཁོ་ཚོས་སྒྱུ་མ་སྤྲུལ་སྟངས་ཤེས་ཡོད་པར་ངེས་ཟེར་ནས་ཚོང་དཔོན་བདུན་དུ་སྤྲུལ་ཏེ་གསལ་བྱེད་སྤུན་གཉིས་ཀྱི་སྒོ་རྩར་སླེབས། གསལ་བྱེད་ཀྱིས་སྒྱུ་མ་མཁན་ཡིན་པ་མ་ཤེས་པར་ཁོ་ཚོར་སྣེ་ལེན་བྱས་ཤིང་ཁོ་ཚོར་རྟ་མཆོག་དེ་བཙོངས། སྒྱུ་མ་མཁན་རྣམས་ཀྱིས་རྟ་མཆོག་དེ་དོན་གྲུབ་ཡིན་པ་ཤེས་པར་དགའ་ཚོར་ཆེན་པོས་ཁྲིད་དེ་འགྲོ་བའི་སྐབས་ཤིག་ན། གློ་བུར་དུ་རྟ་མཆོག་དེ་འབྲོ་སྐབས་ཤིག་བྱུང་ནས་བྲོས་ཕྱིན་པ་ལ་ཁོ་ཚོས་རྗེས་དེད་ནས་ཟིན་ལ་ཁད་པའི་སྐབས་ཆུ་བོ་ཞིག་དང་འཕྲད་དེ་རྟ་མཆོག་ཉ་ལ་སྤྲུལ་ནས་བྲོས། ཁོ་ཚོ་སྲམ་བདུན་དུ་སྤྲུལ་ནས་ཟིན་ལ་ཁད་པའི་སྐབས་ཉ་དེ་ཕུག་རོན་ཞིག་ཏུ་སྤྲུལ་ཏེ་བྲོས་པ་ལ་ཁོ་ཚོ་ཁྲ་བདུན་དུ་སྦྲུལ་ཏེ་རྗེས་དེད། ཕུག་རོན་དེ་བྲག་ཕུག་ཅིག་ཏུ་བྲོས་པ་ལ་དེར་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྒྲུབ་པ་བྱེད་པ་དང་མཇལ་སྐྱེས་ཞུས་ཏེ་ཕྲེང་བའི་མདོ་འཛིན་ལ་སྤྲུལ་ནས་བསྡད། ཁོ་ཚོ་རང་པ་བདུན་དུ་སྦྲུལ་ནས་བྲག་ཕུག་དེར་སླེབས་ཤིང་སློབ་དཔོན་ལ་ཕུག་རོན་གར་ཡོད་དྲིས་ཀྱང་སློབ་དཔོན་གྱིས་ཅི་ཡང་མ་གསུངས་པ་ལ་འབུ་སྲིན་བདུན་དུ་སྦྲུལ་ཏེ་སློབ་དཔོན་གྱི་སྐུ་ལུས་ལ་འཚེ་བར་བརྩམས་པ་ན། དོན་གྲུབ་ཀྱིས་སློབ་དཔོན་གྱི་སྐུ་ལུས་ལ་ཞབས་འདྲེན་ཞུ་མི་རུང་སྙམ་སྟེ་མྱུར་དུ་ཁྱིམ་བྱ་ཞིག་ཏུ་སྤྲུལ་ནས་འབུ་བདུན་ག་བསད་པས་མི་རོ་བདུན་དུ་གྱུར། སློབ་དཔོན་ཐུགས་འགྱོད་ཆེར་སྐྱེས་པ་དོན་གྲུབ་ཀྱིས་ཅི་གསུངས་བཀའ་བཞིན་སྒྲུབ་པར་ཞུས། སློབ་དཔོན་གྱིས་འོ་ན་སྡིག་སྒྲིབ་སྦྱོང་བ་ལ་དུར་ཁྲོད་བསུལ་བའི་ཚལ་དུ་རོ་དངོས་གྲུབ་ཅན་བྱ་བ་ཞིག་ཡོད་པ་དེ་ལོན་ན་དགོས་འདོད་ཐམས་ཅད་ཡོངས་སུ་འགྲུབ་ཐུབ་པ་དེ་ལེན་དུ་མངགས། ཁོའི་མིང་ལ་བདེ་སྤྱོད་བཟང་པོར་བཏགས། ཁོ་ལ་སྟ་རེ་ཟླ་བ་དཀར་པོ། རྐྱང་པ་སྟོང་ཤོང་ཁྲ་མོ། ཐག་པ་རྒྱ་ཁྲེས་ཁྲ་པོ། མར་ཟན་ཟོས་པས་འཛད་མེད་རྣམས་གནང་ནས་རོ་ལེན་དུ་བཏང་བ་ཡིན་ལ། དེའི་རྗེས་ཀྱི་དམངས་སྒྲུང་ཉེར་བཞི་ནི་རོ་དངོས་གྲུབ་ཅན་གྱིས་བཤད་པ་ཡིན་ནོ།།

                                                             རྡེའུ་དཀར་ནག་གིས་ཞུ་དག་བྱས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060