| 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་》ཅེས་པའི་རྩོམ་པ་པོ་ནི་མདོ་ཁམས་ཞབས་དྲུང་ཚེ་རིང་དབང་རྒྱལ་ཡིན་ལ། ཁོང་ནི་བོད་རབ་བྱུང་བཅུ་གཉིས་པའི་མེ་གླང་(སྤྱི་ལོ་༡༦༩༧)ལོར་བྱང་སྟག་ལུང་དུ་འཁྲུངས་ཤིང་། རབ་བྱུང་བཅུ་གསུམ་པའི་ཆུ་ལུག་(སྤྱི་ལོ་༡༧༦༣)ལོར་གཤེགས། དགུང་ལོ་དྲུག་ནས་བཅུ་བཞིའི་བར་བོད་ཀྱི་ཡིག་རྩིས་སྙན་ངག་བཅས་ལ་སྦྱངས་པ་མཛད། དགུང་ལོ་བཅོ་ལྔ་ནས་ལོ་གསུམ་རིང་སྨིན་གྲོལ་གླིང་དུ་ལོ་ཆེན་དྷརྨ་ཤྲཱི་ལས་སྙན་ངག་དང་། རྩིས། དབྱངས་ཅན་སྒྲ་མདོ། སྡེབ་སྦྱོར་བཅས་ལ་སྦྱངས་ནས་ཀུན་བཤད་ཀྱི་མཚན་ཚངས་སྲས་དགྱེས་པའི་བློ་ལྡན་ཞེས་གསོལ། དགུང་ལོ་ཉི་ཤུ་པར་གཞིས་ཀ་རྩེའི་རྫོང་དཔོན་གྱི་འགན་བཞེས། དགུང་ལོ་ཉེར་གཅིག་པར་ལྕགས་གྲི་གུ་རྫོང་གི་རྫོང་དཔོན་མཛད།
དགུང་ལོ་ཉེར་བཞི་བར་གོང་དཀར་རྫོང་གི་རྫོང་དཔོན་མཛད་པ་དང་། ཁྱོན་བསྡོམས་ལོ་སོ་བཞིའི་རིང་བཀའ་བློན་གྱི་ལས་འགན་བཞེས། ཁོང་གི་གསུང་རྩོམ་ནི་《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་》དང་《མི་དབང་རྟོགས་བརྗོད།》《བཀའ་བློན་རྟོགས་བརྗོད།》《སངས་རྒྱས་ཀྱི་སྐྱེས་རབས་སྐད་གཉིས་ཤན་སྦྱར་》སོགས་མང་།
《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་》ཅེས་པའི་བརྗོད་བྱ་ནི་སྔོན་ཞིག་ལ་ཡུལ་སྲིད་རྒྱན་ཞེས་པའི་རྒྱལ་ཁབ་ཅིག་ན་རྒྱལ་སྲས་གཞོན་ནུ་ཟླ་མེད་ཅེས་གཟུགས་བྱད་ལང་ཚོ་མཛེས་ཤིང་སྟོབས་རྩལ་འགྲན་ཟླ་མེད་པ་ཞིག་ཡོད་ལ། རེ་ཞིག་གི་དུས་སུ་གཞོན་ནུ་དེ་འཇིག་རྟེན་མཐུན་འཇུག་གི་སྣེ་འཛིན་རན་པའི་སྐབས་སུ། ཡུལ་བཀོད་ལེགས་འོད་སྣང་ཞེས་པའི་རྒྱལ་ཁབ་ཀྱི་རྗེ་གསལ་ལྡན་རྒྱལ་པོ་ཞེས་པ་ལ་སྲས་མོ་ཡིད་འོང་མ་ཞེས་འཕྱོར་སྒེག་ལྟ་བས་མི་ངོམས་པ་ཞིག་ཡོད། རྒྱལ་སྲས་གཞོན་ནུ་ཟླ་མེད་དང་ཡིད་འོང་མ་གཉིས་ཕན་ཚུན་མཐོང་བ་མེད་ཀྱང་སྙན་པ་ཐོས་པས་གཅིག་སེམས་གཅིག་ལ་ཆགས་ཤིང་ཡོད་ནའང་། བཀོད་ལེགས་འོད་སྣང་སོགས་རྒྱལ་ཁབ་གཞན་ནས་ཀྱང་ཡིད་འོང་མ་ཐོབ་འདོད་མཁན་ཡོད་པ་དང་། ཁྱད་པར་དུ་ཡབ་རྒྱལ་པོ་ནི་སྲས་མོ་ཡིད་འོང་མ་དེ་སྣང་བ་འབུམ་ལྡན་གྱི་རྒྱལ་སྲས་ལྷ་ལས་ཕུལ་བྱུང་དང་མཛའ་བར་བྱ་རྒྱུར་དམ་བཅའ་བཀོད་ཅིང་གནས་པའི་སྐབས་དེར། རྒྱལ་སྲས་གཞོན་ནུ་ཟླ་མེད་ཀྱིས་བློན་སྲིད་པ་གཞོན་ནུ་བྱ་བ་གཉེ་བོར་བརྫངས། བློན་དེའི་བློ་རིག་ལ་བརྟེན་ནས་ཡིད་འོང་མའང་གསང་སྟབས་ཀྱིས་སྲིད་པའི་རྒྱན་གྱི་ཕྱོགས་སུ་དཔུང་གིས་བསྐོར་ཏེ་རིངས་པར་འགྲོ་བ་ན། སྣང་བ་འབུམ་ལྡན་རྒྱལ་ཁབ་ཀྱི་དམག་དཔུང་རྣམས་ཡིད་འོང་མ་བསུ་རུ་འོངས་པ་སྟབས་འཁེལ་གྱིས་ལམ་ནས་འཕྲད་སྟབས། ནང་རུལ་བས་གསང་བ་ཕྱི་གྱར་བྱས་པ་ལ་བརྟེན་ནས་མཐར་སྲིད་པའི་རྒྱན་གྱི་བློན་དམག་ལ་ཕམ་ཁ་བཟོས་ཤིང་། ཡིད་འོང་མ་དང་སྲིད་པ་གཞོན་ནུ་གཉིས་འཛིན་བཟུང་གིས་སྣང་བ་འབུམ་ལྡན་དུ་ཁྲིད། ཡིད་འོང་མའང་འུ་ཐུག་གིས་ཤི་ལྕེབས་བྱ་རྩིས་སོགས་ཀྱིས་གཞོན་ནུ་ཟུང་གི་འདོད་དོན་འགྲུབ་རྒྱུ་རླུང་ནང་གི་མར་མེ་ལྟར་གྱུར་པ་ན། རེ་ཞིག་གི་དུས་སུ་སྲིད་པ་གཞོན་ནུས་ཟོལ་གྱི་རྣམ་འགྱུར་ལ་བརྟེན་ནས་སྣང་བ་འབུམ་ལྡན་གྱི་རྗེ་བློན་རྣམས་བསླུས་ཤིང་གཞོན་ནུ་ཟླ་མེད་དང་མཉམ་དུ་གཡུལ་གཤོམ་པའི་སྐབས་ཕྱེས་ནས་ཕ་རོལ་ཕམ་པར་བྱས་རྗེས་རྒྱལ་སྲས་གཞོན་ནུ་ཟླ་མེད་དང་སྲས་མོ་ཡིད་འོང་མ་གཉིས་ཀྱི་འདོད་པའི་དོན་ཐམས་ཅད་གྲུབ་པར་མཛད་མཐར་རྒྱལ་སྲས་དང་། ཡིད་འོང་མ། སྲིད་པ་གཞོན་ནུ་བཅས་ཡིད་འབྱུང་གི་བློས་བསྐུལ་ཏེ་རྒྱལ་པོའི་ཁབ་ལ་རྒྱབ་ཀྱིས་ཕྱོགས་ཏེ་ཆོས་ཕྱིར་བཀའ་བ་སྤྱད་ཚུལ་བསྟན་ནས་མཇུག་བསྡུས་ཡོད།
《གཏམ་རྒྱུད》དེ་ནི་མདོ་མཁར་བས་(1718)ལོར་བརྩམས་པའི་སྒྲུང་རྩོམ་ཕུལ་དུ་བྱུང་བ་ཞིག་ཡིན། རྩོམ་པ་པོས་གཞོན་ནུ་ཟླ་མེད་དང་། ཡིད་འོང་མ། ལྷ་ལས་ཕུལ་བྱུང་། སྲིད་པ་གཞོན་ནུ་ལ་སོགས་པའི་རང་གཤིས་གསལ་ཤིང་གསོན་ཉམས་ལྡན་པའི་མི་སྣའི་གཟུགས་བརྙན་མང་པོ་གསར་བཞེངས་བྱས་ཏེ་དུས་སྐབས་ཤིག་གི་བོད་ཀྱི་མཐོ་རིམ་ཤོག་ཁག་གི་འཚོ་བ་དང་། ཆབ་སྲིད་སྐྱོང་ལུགས། དེ་དག་ཕན་ཚུན་བར་གྱི་འབྲེལ་བ་ལ་སོགས་པ་ཕྱོགས་མང་པོ་ནས་ཞིབ་འབྲི་བྱས་ཏེ་བོད་ཀྱི་ཆབ་སྲིད་ཉམས་དམས་སུ་འགྲོ་བཞིན་པའི་གནས་ཚུལ་སོགས་ཚུར་སྣང་གང་ལེགས་མཛད་ཡོད་པ་རེད། གཞན་ཡང་འཁོར་བའི་ཕུན་ཚོགས་ཅི་ཙམ་ལོངས་སུ་སྤྱད་ཀྱང་ཡིད་མི་ངོམས་པ་ཞིག་ཡིན་པས་དེ་ལས་ལྡོག་སྟེ་མཐར་ཐུག་གི་བདེ་བའི་ཐར་པ་དོན་དུ་གཉེར་དགོས་པའི་ལྷ་ཆོས་ཀྱི་གནས་ལུགས་ཀྱང་མངོན་པར་བསྟན་ཡོད།
|