གནས་ཡུལ། མདུན་ངོས། དམངས་ཁྲོད་ཀྱི་རྩོམ་ཡིག
 
 
༄༅།། བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས།
སྤེལ་དུས།2015-03-30   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། དམངས་ཁྲོད།

༼ ཀ ༽

       ཀ་བའི་ལྟག་ཤེད་ཀྱིས།། གདུང་མས་འཕྲེད་ཉལ་བརྒྱབ།། ཀ་ར་བཞིན་དུ་དྲང་དགོས།། ཀ་རྡོ་བཞིན་དུ་བརྟན་དགོས།། ཀརྨ་པ་ལ་ཉེ་རིང་མེད།། ཀ་རི་སྦོ་ཀ་རྒྱལ་གྱུར་ཅིག ། ཀ་གི་གུའི་ཡིག་ངོ་མ་ཤེས་གོང༌།། འབུམ་ཕྲ་མ་ཀློག་འདོན་བྱེད་ཀྱི་ཟེར།། ཀ་བར་བསྐོར་ནས་གདུང་བར་བརྡ་བཏབ།། ཀ་ར་མེད་ན་གུར་མི་འབུབས།། འབངས་དང་བྲལ་ན་དོན་མི་འགྲུབ།། ཀ་བར་འཇག་མའི་ལྷན་པ།། ཀ་ལིས་གནམ་ཆུ་བསྐུགས།། སྒལ་ཚིགས་བྱེ་མས་ཁེངས།། ཀི་ཧོར་པས་བརྒྱབ་རྒྱུ་ཧོར་མོས་བརྒྱབ།། ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག ། ཀུན་ལ་མཐུན་པའི་སེམས་དང༌།། འགྲོགས་ལ་མཐུན་པའི་ཚིག་དགོས།། ཀུན་དང་མཐུན་པ་མི་ཆོས་རྩ་བ་ཡིན།། ཀུག་ཀུག་ན་ཆག་འགྲོ། འཐེན་འཐེན་ན་ཆད་འགྲོ། ཀེར་ལེབ་སྒུར་གསུམ་གྱི་བདག་པོ་ལས།། ལུས་ངག་ཡིད་གསུམ་གྱི་སྡོམ་པ་དགའ།། ཀེར་ཀེར་གྱི་ཕྱག་དང་སྒུར་སྒུར་གྱི་ཞུ་འབུལ།། ཀོ་གྲུ་སྔ་བཙན་དང་བཀའ་ཤོག་རྗེས་བཙན།། ཀོ་བ་སྐམ་ན་ཆུ་ལ་སྦོངས།། ངན་པ་ལང་ཤོར་བཙོན་ལ་ཆུག ། ཀོ་བ་གཅིག་ནས་དྲས་པའི་རྒྱུན་བུ་དང༌།། ཤ་ཁོག་གཅིག་ནས་གཏུབས་པའི་ཏིག་ག ། ཀོ་ཀོ་གཡག་ལ་རེ་མི་དགོས།། རྒྱ་ཚ་གླང་གི་ཀོ་བ་ཡོད།། ཀོ་བ་སྐམ་པོས་སྐུད་མི་ལེན།། སྦང་མ་རློན་པས་ཆུ་མི་ལེན།། ཀོ་གླ་སྤྲོད་རྒྱུ་དང༌།། རྒྱབ་ཆུ་བརྒལ་རྒྱུ།། ཀོ་གྱོང་ཆུ་ལ་སྦངས་ནས་བངས་སྲིད་ཀྱང༌།། རྡོ་ཆུ་ལ་སྦངས་ཀྱང་བངས་མི་སྲིད།། ཀོང་པོ་ཀླུ་ནང་དུ་སླེབས་དུས།། ཨ་ཇོས་ཕ་ཡུལ་མི་དྲན།། ཀོང་བོ་བ་འདྲ་བ་ཡིན་ཀྱང༌།། མར་ལྟང་འདྲ་འདྲ་འགྱོགས་མི་ཐུབ།། ཀྱག་ཀྱག་ཤིག་ལ་བྱས་ན།། བེམ་པོ་མེ་སྲེག་ཐེབས་ཡོང༌།། ཀྱག་ཀྱོག་གི་ལམ་མ་འགྲིམ་པར།། ཙ་རིའི་གནས་ཆེན་སྐོར་མི་ཐུབ།། དཀའ་ལས་སྐྱ་བས་བརྒྱབ།། ལོངས་སྤྱོད་གཟར་བུས་བཏང༌།། དཀའ་ལས་སྔོན་ལ་རྒྱོབ།། སྐྱིད་པོ་རྗེས་ལ་གཏོང༌།། དཀའ་ལས་རི་ཙམ་བརྒྱབ་པ་ལས།། སྤྲེལ་ལད་ཚིག་གཅིག་བཤད་ན་དགའ།། དཀའ་བ་དང་དུ་ལོངས།། ལྩི་བ་རྒྱབ་ཏུ་ཁུར།། དཀའ་བའི་ལས་ཤིག་མ་བྱས་ན།། ཞིམ་པའི་ཟས་ཤིག་ག་ལ་རག ། དཀའ་སྤྱད་བཟོད་ཐུབ་ན།། བྱ་བ་ལོས་ཀྱིས་གྲུབ།། དཀའ་ངལ་ཆེ་དུས་གཡོ་ཟོལ་མི་བྱེད།། བདེ་སྐྱིད་བྱུང་སྐབས་བག་ཕེབས་བྱ་དགོས།། དཀའ་བའི་བྲག་དང་མ་ཐུག་ན།། བདེ་བའི་སྤང་ལ་སླེབས་མི་ཐུབ།། དཀའ་ལས་རང་གིས་བརྒྱབ།། ལོངས་སྤྱོད་མི་ཡིས་བཏང༌།། དཀའ་ལས་བརྒྱབ་པའི་དཀའ་ཆང་དང༌།། མཛོ་ཕོ་བསད་པའི་སྡིག་གླ།། དཀའ་ལས་མ་བརྒྱབ་པར་དངོས་གྲུབ་ག་ནས་ཡོང༌།། དཀའ་བའི་དུས་སུ་གྲོགས་པོའི་བཟང་ངན་རྟོགས།། འདམ་རྫབ་ནང་ནས་རྟ་ཕོའི་ཤེད་ཤུགས་ཤེས།། དཀར་དཀར་སྣམ་བུའི་ཚོན་མདོག་རེད་མ་གཏོགས།། ཁྲ་ཁྲ་ཚོན་རིས་ཀྱི་གཡབ་གོས་མ་རེད།། དཀར་ཤག་བང་བ་རྒྱོང་དགོས་ན།། ལྗང་ཕྲུག་རྐོ་མས་གསོ་གལ་ཆེ།། དཀར་མོ་ནས་ཀྱི་གོང་ཐང་ཆོད་ཚར་ན།། གྲོ་དང་སྲན་མའི་གོང་ཐང་ཤོད་མ་དགོས།། དཀར་ཡོལ་ཆག་ཀྱང་རི་མོ་བློ་ལ་ངེས།། དཀར་པོ་གྱེན་འདེད་དང༌།། ནག་པོ་ཐུར་འདེད།། དཀར་པོ་བཏབ་སར་དཀར་པོ་དང༌།། ནག་པོ་བཏབ་སར་ནག་པོ་ཡོང༌།། དཀོན་མཆོག་གིས་ལམ་གང་བསྟན་དང༌།། བྱིས་པས་ཁྱི་གང་བཀག་ལས་མེད་པ།། དཀོར་གཉེར་ཕྱིས་བདར་མཁས་དྲགས་ན།། གསེར་སྐུ་རག་ལ་བཏང་ཡོང་ངོ༌།། དཀྱིལ་དུ་བཞག་ན་ཕྲ་འདྲ།། ཟུར་དུ་བཞག་ན་རྒྱན་འདྲ།། བཀའ་དྲིན་ལ་བསམ་ཤེས་མེད་པར།། དྲིན་ལན་ལ་ལོག་འཇལ།། བཀའ་ཤོག་གོ་མ་ཆོད་རྒྱལ་པོའི་ཕྱག་རྩ་དང༌།། མནའ་མ་གོ་མ་ཆོད་ཨ་མའི་སྒོ་རྩ།། བཀའ་རྡོ་རྗེ་གཅོད་པ་དང༌།། གསུང་སྤུ་གྲི་ངར་མ།། བཀའ་ལན་སྔོན་མོར་ཞུ་ལན་ལྗང་ཁུ།། བཀའ་བཀྱོན་ཡོད་ཀྱང༌།། ཕྱག་འཇུག་མེད་པ།། བཀའ་ཤོག་རྒྱབ་ལ་མི་ཤོག ། བཀོལ་མི་ཤེས་ཡོན་ཏན་ཕན་མེད་རེད།། འདེབས་མི་ཤེས་ས་ཞིང་སྟོང་བ་རེད།། བཀྱགས་ན་སྤོར་གང༌།། བཞག་ན་ལྗིད་མདོག་ཁ་པོ།། བཀྲ་ཤིས་པའི་གླུ་ལེན་སར།། ལྟས་ངན་པའི་སྡུག་སྐད།། བཀྲ་ཤིས་ཟེར་བར་བཀྲ་མི་ཤིས།། སྐྱེས་པའི་ཞོགས་པར་ཨ་མ་ཤི ། བཀྲ་ཤིས་པའི་བྲོ་འཁྲབ་སར།། ལྟས་ངན་པའི་ཞབས་བྲོ་མ་རྒྱོབ།། བཀྲོལ་ལོང་མེད་ནས་འབྲེགས།། ཉན་ལོང་མེད་ནས་བཤད།། རྐང་བཞི་ལ་ཁ་དང༌།། གཡུ་ཆུང་སྒོ་རྒྱབ།། རྐང་ལག་ཕྲ་པོར།། ཁུར་ཙ་ལྗིད་པོ།། རྐང་བར་ལྷམ་འཇུར་མེད་པར།། ཞབས་བྲོ་ཧྲག་སྒྲ་རྒྱག་འདོད།། རྐང་པ་རྒྱག་ས་ལག་པས་འཚོལ།། གོམ་པ་རྒྱག་དུས་མིག་གིས་ལྟོས།། རྐང་ཐང་ལ་མ་ཕྱིན་པར།། རྟ་རྩ་ཆེན་ཡིན་པ་མ་ཤེས།། རྐང་འོག་གི་རྡེའུ།། དཔྲལ་བར་འཕར་བ།། རྐང་པ་ཆུ་ལ་མ་རེག་པར།། ཉ་མོ་ལག་པས་འཛིན་ཐབས་མེད།། རྐང་ཆུང་གོམ་པ་མ་བརྟན་ན།། མཐོན་པོའི་མགོ་བོ་ས་ལ་རྡེབ།། རྐུ་མི་ཆོག་གསུང་མི་དཔོན་པོ་དང༌།། རྒྱུ་མནངས་ཆེན་དགོས་མི་དཔོན་པོ་རེད།། རྐུ་རྒྱུས་ཡོད་ཀྱིས་བྱེད།། རྫུན་རྒྱུས་མེད་ཀྱིས་ཤོད།། རྐུན་མ་ནང་ལ་བཞག ། སྒོ་ལྕགས་ཕྱི་ལ་བརྒྱབ།། རྐུན་མ་ལ་དཔག་པའི་ཆོག་ཤེས།། རྐུན་མ་ཨ་ཡག་གིས་བརྐུས།། ཁག་འ་གག་ལ་བཞག ། རྐུན་མ་ཁ་སྐྱེངས་ཀྱིས་མི་གསོད།། ཁྱི་ཁ་སྐྱེངས་ཀྱིས་ཆུ་འཐུང༌།། རྐུན་ཇག་བཟུང་ན་གཏེ་པོ་ཟུངས།། རྩྭ་ངན་བཀོག་ན་རྩ་བ་འདོན།། རྐུན་མ་ལ་དཔའ་དར།། སྤྱང་ཀི་ལ་ཚེ་ཐར།། རྐུན་པོར་རྫུ་འཕྲུལ་གྱི་སྟོབས་ཡོད་ཀྱང༌།། བདག་པོར་ཡེ་ཤེས་ཀྱི་སྤྱན་ཡོད།། རྐུན་པོ་གཡག་ལ་དགའ།། བླ་མ་རོ་ལ་དགའ།། རྐུན་པོས་གཡག་ལ་བཞོན།། གཡག་མགོས་རྟ་རྒྱུག་བཏང༌།། རྐུན་པོས་ཁྲིད་པའི་བ་མོ།། རྐུན་མ་རྐུན་ཟོག་ཆེ།། རྐུན་མ་མི་ཤོར་བ་དགོས།། རྐུན་རྩལ་མི་ཆོད་པ་དགའ།། རྐུན་མ་ཧམ་ཆེན་གྱིས་མི་གསོད།། རྐུན་མ་དང་སངས་རྒྱས་གར་ཡོད་མི་ཤེས།། རྐུན་མ་ལང་ཤོར་མི་གྲལ་ལ་མི་ཚུད།། རྐུན་མ་ལ་ཇག་པ་ཤོར།། རྐུ་སེམས་ལ་བཅངས་ན་ཐོབ་རྒྱུན་མི་ཆད།། རྐུབ་ཁ་བྲལ་ལ་མི་ཚུད།། ཌ་རུ་རྔ་གྲལ་ལ་མི་ཚུད།། རྐྱང་ཁ་དཀར་བཟུང་ནས་བློ་རྟ་བྱས།། འབྲོང་བྲེ་སེར་བཟུང་ནས་སྒོ་ཟོག་བྱས།། རྐྱང་ཕོ་ཧྲེང་ལ་ཆུ་མི་རག ། མི་ཕོ་ཧྲེང་མི་ཚེ་མི་འཁྱོལ།། རྐྱང་ལ་རྔོ་ཤོར་ན།། ཡས་སོ་ཅན་གྱི་བསྟན་པར་གནོད།། རྐྱང་ལྷོ་ལ་ཤི་ཡང༌།། མགོ་བྱང་ལ་ལྟ།།

༼ ཁ ༽

       ཁ་བ་བབས་པས་ཡག ། ཁ་ཤུལ་ཉི་མ་དྲོ།། ཁ་ནས་དགྲ་མ་སོག ། ཁོག་ནས་རྩིས་རྒྱོབ།། ཁ་བ་བབས་ན་ཉི་སྲིབ་དང་།། ཉི་མ་ཤར་ནས་ན་ཕུ་མདའ་མེད།། ཁ་མ་བསྲེས་ན།། ཆམ་པ་འགོས་དོན་མེད།། ཁ་བཏགས་རིང་ནི་གང་ཡོང་།། དཀར་ཁ་གཙང་བ་ཡག་འདྲ།། ཁ་གཏམ་གཡུ་འབྲུག་སྐད་ལས་ཆེ།། ལག་ལེན་ནམ་མཁའི་འཇའ་ལྟར་ཡལ།། ཁ་ཤོབ་ཤོབ་ཤོག་བུའི་ཤོབ་ཤོབ་རེད།། དོན་སྣག་ཚའི་རི་མོ་འབྲི་མ་རེད།། ཁ་བཤད་ལ་ཉི་མ་ཤར།། ལག་ལེན་ལ་མུན་པ་རུབ།། ཁ་འཚེར་མ་ལ་མི་ཁ་སྡང་།། ངོ་ནག་མ་ལ་ཕྲུ་གུ་བྱུང་།། ཁ་སྟོང་ནང་གི་ལྕེ་སྟོང་།། ལག་སྟོང་ནང་གི་ཕྱག་སྟོང་།། ཁ་བཤད་ཆུ་ཡི་ཝུ་བ།། ལག་ལེན་གསེར་གྱི་ཐིགས་པ།། ཁ་མཁས་པས་བུ་ལོན་གསོས་དུས་མེད།། རྒྱུ་འདོད་པས་སྡིག་པ་དག་དུས་མེད།། ཁ་ཚིག་ངན་པའི་དགྲ་མ་སོག ། གནག་པ་བྱུང་ན་སེམས་ལ་ཞོག ། ཁ་བདེ་ཅན་གྱིས་ཅི་ཤོད་དང་།། དྭངས་ཁ་ཅན་གྱིས་ཅི་ཟ།། ཁ་ཆག་སྣ་རལ་མ་བྱུང་གོང་།། བསམ་བློ་དྲུག་གསུམ་བཅོ་བརྒྱད་ཐོངས།། ཁ་བདེ་པོ་མི་ཡི་དཔོན་པོ་དང་།། ལག་བདེ་པོ་མི་ཡི་གཡོག་པོ་ཡིན།། ཁ་བྲལ་ཡུན་རིང་ན།། ཕ་མ་ཡིན་ཀྱང་བརྗེད།། ཁ་ལང་ལ་ཤོར་བའི་གླུ་ཆུང་དེ།། ཕ་ཨ་མ་ཤི་ཡང་ལྷང་ལྷང་ལེན།། ཁ་ཕོ་སྔོན་དང་ལག་ལེན་རྗེས།། ཁ་བཤད་མང་ངམ་ཉུང་ངམ་རུང་།། ཡོས་ལ་འབབ་རྒྱུ་རྩམ་པ།། ཁ་བདེ་མོས་མི་ཚེ་མི་འཁྱོལ།། ཁ་ལ་པདྨའི་ལྷ་ཁང་བཞེངས།། གཏིང་ལ་དགོ་རུའི་གཅུ་ཕུར་ཉར།། ཁ་ཆུང་ཟ་མ་ཟ་འདོད་ན།། ཨ་ར་སེར་པོས་སེར་གཡུག་རྒྱོབ།། ཁ་དན་ཚིག་ལ་མ་གནས་ན།།  གནམ་དྭངས་འབྲུག་སྒྲ་གྲགས་དང་མཚུངས།། ཁ་འཇམ་གཏིང་ནག་དུག་གི་མེ་ཏོག ། ཕྱི་འཇམ་ནང་རྩུབ་བོང་བུའི་ཨོང་རིལ།། ཁ་ཁྲས་ཁྲས་པགས་པའི་འཐེན་ཕྱོགས།། དགའ་མི་དགའ་སྙིང་གི་རྩ་བ།། ཁ་དང་ཁོག་པ་དྲང་པོ་གྱིས།། ལུས་དང་ལག་པ་གཙང་མ་གྱིས།། ཁ་མང་གྱོད་ཀྱི་རྩ་བ།། བྱ་མང་བྱུར་གྱི་སྣ་འདྲེན།། ཁ་ཆེ་བ་ལས།། ཉེན་ཆུང་བ་དགའ།། ཁ་ཁ་རོག་བསྡད་ན་ཁ་མཆུ་མེད།། མགོ་རུམ་དུ་བཅུག་ན་ལྷགས་པ་མེད།། ཁ་མཆུ་ཡུལ་ལ་མེད་པ་དང་།། རྩ་བ་རང་ལ་མ་ཟུག་པ་དགོས།། ཁ་བལ་ལས་འཇམ་པ་དང་།། གཏིང་སོ་བ་ལས་གནག་པ།། ཁ་མཆུ་མི་འདོད་གནམ་རྡོ་སྒོར་མོ།། བུ་ལོན་མི་འདོད་སྔོན་གྱི་ལན་ཆགས།། ཁ་བ་བབས་ན་ཐོག་ཁར་འབབ།། སྐུ་མགྲོན་ཕེབས་ན་ནང་ལ་ཕེབས།། ཁ་མཆུ་ཞག་ལ་ལུས་ན་ཕོ་ལས་མོ་མཁས།། ཁ་མཆུ་དངུལ་གྱིས་རྒྱག་པ་ལ།། བདེན་པ་དགོས་ཡས་མི་འདུག ། ཁ་ལ་མར་བཏུང་།། གདོང་ལ་ཐལ་བ་བྱུག ། ཁ་ཆད་རྒྱག་མཁན་ཁ་རེད།། རི་མོ་འབྲི་མཁན་ལག་རེད།། ཁ་སྣའི་བར་ལ་རྫུན་ལབ།། མཛུབ་མོའི་བར་ལ་རི་བཀབ།། ཁ་ཆར་ཞོད་ཆེ་ལ།། ལག་ཐན་པ་ཚ་བ།། ཁ་ནས་ཚིག་ཤོར་ཡུ་བ་ཐུང་།། ཡུ་བ་ཐུང་ལ་འཇུ་ས་མེད།། ཁ་བདེ་དགོས་ཁར་ཟད།། ལག་བདེ་དགོས་ཁར་ཆད།། ཁ་འཐབ་བར་ལ་ལྕེ་མཆུ་སྡེམ།། རྡོ་རྡུང་བར་ལ་མཛོག་མགོ་སྡེམ།། ཁ་ཤས་ལྷ་ཁང་བསམས་ནས་ཡོང་།། ཁ་ཤས་ཞལ་ཟས་བསམས་ནས་ཡོང་།། ཁ་མཆུ་ཏོ་ཟུར་གསུམ་གྱིས་རྫུན་མ་ལབ།། ལག་མཛུབ་མོ་བཅུ་ཡིས་རྐུ་མ་བྱེད།། ཁ་དཀར་རྐྱང་ལ་རྔོ་བརྒྱབ་ན།། ཡས་སོ་ཅན་གྱི་ལ་རྒྱར་གནོད།། ཁ་བསངས་ན་གོ་བདེ།། ནམ་གསལ་ན་འགྲོ་བདེ་།། ཁ་རྒན་འདི་ལ་རྩེབ་རྩེབ།། ཉ་རྒན་ཆུ་ལ་གཤིབ་གཤིབ།། ཁ་ཕོ་རུས་མེད་ཀྱང་གོང་ང་།། སྐེ་རུས་པ་མེད་ཀྱང་ཀྲོང་ཀྲོང་།། ཁ་བདེ་པོའི་རྒྱབ་ལ་རྒྱུ་ཞིག་དགོས།། ཁ་རིན་པོ་ཆེ་ལུས་དལ་དུ་ཆུགས།། ཁ་རྗེ་ལ་བུ་ཡོད་ཀྱང་།། དབང་ཐང་ལ་ནུ་མ་བསྐམས།། ཁ་ནས་ཐོན་པའི་སྨྲ་བ་དེ།། སླར་དུ་བསྡུ་བའི་ཐབས་ནི་མེད།། ཁ་རོག་བསྡད་ན་བུ་མོ་ལྐུགས་མ་ཟེར།། གནས་ལུགས་བཤད་ན་བུ་མོའི་འཕེར་ཤ་ཟེར།། ཁ་ཏ་ཞོ་བསྙལ་བསྙལ་ལ།། ཆག་སྒོ་ཆང་ལངས་ལངས།། ཁ་ལོག་ལ་ཕྱི་ལོག་བྱ་རྒྱུ་མེད།། ལམ་ལོག་ལ་ཕྱི་ལོག་བྱ་རྒྱུ་མེད།། ཁ་རྨ་གསོ་དཀའ།། ལག་རྨ་གསོ་བདེ།། ཁྭ་ཏ་ནག་པོའི་སྡིག་སྒྲིབ་ཀྱིས།། ངང་པ་སེར་པོ་འདམ་ལ་ཟུག ། ཁ་དན་ཚིག་ལ་མ་གནས་ན།། སྐྱེད་མ་ཡིན་ཀྱང་ཡིད་མ་ཆེས།། ཁ་རླངས་ཤིག་གིས་དྲོས།། བྱ་གྲིབ་ཅིག་གིས་འཁྱགས།། ཁ་སོ་གཅིག་གིས་མི་ཡི་ཞིང་བཟས་ནས།། ཁ་སོ་ཡོངས་ཀྱིས་འགྲོ་བའི་ལམ་བུ་བཀག ། ཁ་ཟས་སྤང་ནས་བཟས།། རིལ་མ་ནགས་སུ་བཏང་།། ཁ་ཟས་ལུས་གྱོན་མེད་ཀྱང་།། ལ་རྒྱ་རྣམ་ཤེས་མི་འཚོང་།། ཁ་ཏིག་གི་རོ་མ་མྱངས་ན།། མངར་མོའི་རོ་ངོ་མི་ཤེས།། ཁ་མངར་ལྐུགས་པའི་སེམས་ལ་གསལ།། བྱམས་སྡང་བྱིས་པའི་ཡིད་ལ་འཁོར།། ཁ་ལ་ཟ་འདོད་ན།། ལག་པས་ལས་ཀ་བྱེད།། ཁ་ཟ་འདོད་ཀྱི་ཚོགས་འཁོར་དང་།། གླུ་གཏོང་འདོད་ཀྱི་མགུར།། ཁ་ཐབས་ཀྱིས་མེ་ཁ་གསོས་པར།། བློ་རིག་གི་མང་ཇ།། ཁ་དོག་དགོན་སར་ལོ་ལེགས་ན།། འཛམ་བུ་གླིང་ལ་ལྟས་ངན།། ཁ་ཡ་རབས་ཀྱིས་མིན་མིན།། ལག་མ་རབས་ཀྱིས་རྐྱོང་ཙམ་རྐྱོང་ཙམ།། ཁ་ཡག་གི་ཁ་དང་བསྟུན།། ངོ་ཡག་གི་ངོ་དང་བསྟུན།། ཁ་གང་གཏད་ལ་བཀྲ་མི་ཤིས།། རྐུབ་གང་གཏད་ལ་རྩྭ་མི་སྐྱེ།། ཁ་ཤས་བླ་མ་བསམས།། ཁ་ཤས་གཏོར་མ་བསམས།། ཁ་ནོར་ལམ་་ནོར་གཉིས་དེ།། ཉེས་རྡུང་གཟེད་པའི་གཞི་མ་རེད།། ཁ་པགས་གླིང་གི་ཞྭ་མོ་དེ།། མགོ་འཁྱགས་ན་མ་གོན་ཀ་མེད།། ཁ་བ་མགོ་ཐོག་ཏུ་བབས་ན།། རྦད་མགོས་གཡབ་གཡབ།། ཁ་ནས་ཨ་ཙི་ཟེར།། གཏིང་ནས་ཇུས་ངན་བཏོན།། ཁ་དཀར་རྐྱང་ལ་ཁ་ལོ་མེད།། བྲེ་སེར་འབྲོང་ལ་སྣ་ལོ་མེད།། ཁ་ས་རྣ་གཡག་མཆོངས་སར།། དེ་རིང་པ་ཕས་མཆོངས།། ཁ་གནམ་ལ་ལྟ་རིང་།། རྐུབ་ཕོ་རོག་གིས་འདྲུས།། ཁ་བ་ཉིན་མཚན་བཅོ་བརྒྱད་བབས་ཀྱང་།། བྱེའུ་ཅོ་ཀ་ཁྲ་མོའི་སྐད་ལ་འགྱུར་བ་མེད།། ཁ་ཟུར་བཞུ་མར་བཞུ་རྫས།། ཌམ་ཁ་བརྒྱ་ལས་ལྷག་པ།། ཁ་ནང་གི་རྨ་ཁ་ཁ་ནང་ལ་གསོས།། ཁྱིམ་ནང་གི་ཁ་རྩོད་ཁྱིམ་ནང་ཞི།། ཁ་འཚིགས་པ་ལག་པས་མ་བཟོད།། ཁ་སོ་པགས་པས་མི་འདུམ།། ཁ་བུ་རམ་ལས་མངར་བ།། གཏིང་སོལ་བ་ལས་གནག་པ།། ཁ་བདེ་པོས་བཤད་ན་རི་མགོ་འཇོག་འཇོག ། ལག་བདེ་པོས་མཉེས་ན་རྫ་ཀྱོག་སྐེད་པ་ལྡེམ་ལྡེམ།། ཁ་ལག་གཙང་མའི་མཆོད་པ་དེ།། དམ་ཚིག་གཙང་མའི་གནས་ལ་ཕུལ།། ཁ་གཅིག་ལ་ཁོག་པ་མི་གཅིག ། སྔས་གཅིག་ལ་རྨི་ལམ་མི་གཅིག ། ཁ་གཅིག་ལྕེ་གཉིས།། གཏམ་གཅིག་དོན་གཉིས།། ཁ་དབང་ཡོད་ཀྱང་རང་དབང་མེད།། མཛོད་ཁང་ཡོད་ཀྱང་ལྡེ་མིག་མེད།། ཁ་འཆམ་གྲོས་འགྲིགས་གསེར་གྱི་ནོར་བུ།། ཁ་ཐོར་དཀྲུག་ཤིང་སྙིང་གི་རལ་གྲི།། ཁ་དང་ཁ་སྦུ་དབྱེ་འབྱེད།། ནོར་དང་བུ་ཚ་དབྱེ་འབྱེད།། ཁ་ཆེ་རུང་སྣ་བའི་འོག་ཏུ་ཡོད།། ཆུ་ཆེ་རུང་ཟམ་པའི་འོག་ལ་ཡོད།། ཁ་ཆེའི་ཁ་ལ་མ་བལྟ།། ཁ་ཆེའི་ལྟོ་ལ་ལྟོས།། ཁ་མཆུ་ཁ་ཡིས་བརྒྱབ་པ་ལ།། རྐུབ་ཁྱོད་སྡུག་བསྐུམ་བཙུམ་ནས་སྡོད།། ཁ་ཡག་གི་ཁ་ལ་མ་བལྟ།། ངོ་ཡག་གི་ངོ་ལ་མ་བལྟ།། ཁ་ལ་སོ་མེད་ན་ལྕེ་གུ་ཡངས།། ཁ་མང་གྲོང་པའི་དཀྲུགས་ཤིང་།། བྱ་མང་མི་ཁའི་གཞི་མ།། ཁ་འཚེར་གྱིས་སྐྱོབ་མི་ཐུབ།། དར་ར་བཏུངས་པས་སྐོམ་མི་སོས།། ཁ་དང་མ་ཐུག་སྣ་དང་ཐུག ། ཁ་ཡ་རབས།། སྤྱོད་པ་མ་རབས།། ཁ་བཟང་ན་ཚིག་རྩུབ་མི་སྨྲ།། སྤྱོད་བཟང་ན་སེམས་ངན་མི་སྐྱེ།། ཁ་བཤད་དོན་ལ་གནས་དགོས།། ཁབ་ཤུལ་སྐུད་པས་བཀང་དགོས།། ཁ་ནས་སྨྲས་ན་སྨན་ཡིན།། ཁོག་ཏུ་ཉར་ན་དུག་ཡིན།། ཁ་ཚ་བའི་གཏམ་དེ་རྣ་ལ་ཚ།། རྣ་ཚ་བའི་གཏམ་དེ་ཤ་་ཚ་ཆེ།། ཁ་ནས་མ་ཎི་འདོན།། ལག་ཏུ་ཤན་གྲི་འཕྱར།། ཁ་ཡིས་སྟག་གསོད།། ལག་གིས་ལྗི་བ་མི་ཐེག ། ཁ་ལ་དཔག་པའི་སོ་དང་།། མགོ་ལ་སྤམ་པའི་ཞྭ་མོ།། ཁ་ཡིས་ཆོས་བཤད།། ལག་གིས་མི་གསོད།། ཁ་རྩོད་འདི་ཡིན་བསམ་པ་མ་བརྒྱབ་ན།། བརྩེ་གདུང་གཅིག་སེམས་གཅིག་སྒྲིལ་ཡོང་བ་དཀའ།། ཁ་རྩོད་རྒྱག་པར་ཁོག་པ་ཡངས་པོ་དགོས།། རྟ་རྒོད་འཁྲིད་པར་ཐུར་ཐག་རིང་པོ་དགོས།། ཁ་ཡོད་རུང་བཤད་དབང་མེད།། མིག་ཡོད་རུང་བལྟ་དབང་མེད།། ཁྭ་ཏ་སྐད་མི་སྙན་ཡང་རྒྱག་དགོས།། རི་བོང་ལུས་སྟོབས་མེད་ཀྱང་རྒྱུག་དགོས།། ཁྭ་ཏ་བསད་ན་ཕོ་རོག་སྐྱོ།། ཁང་བཟང་རྒྱག་པ་ལས།། ཞིང་བཟང་འདེབས་པ་དགའ།། ཁང་པ་གྲུ་བཞི་ཤོ་འདྲའི་ནང་དུ།། བསམ་བློ་སྒོར་མོ་རྔ་འདྲ་ཐོངས།། ཁང་པ་མཐོ་བ་ལས།། རྩིག་རྨང་བརྟན་པ་དགའ།། ཁབ་ཀྱི་རྗེས་སུ་སྐུད་པ་འགྲོ་ཤག་ཤག ། ཁབ་རྒྱུས་མགར་བ་དང་།། ཆུ་རྒྱུས་མཉན་པ་ཟབ།། ཁབ་རྣོ་ཡང་གོང་ངའི་འོག ། གཏམ་རྣོ་ཡང་དོན་དངོས་འོག ། ཁབ་འཚེམ་མངགས།། སྦུད་པ་དབུགས་མངགས།། ཁབ་ཤུལ་སྐུད་པས་མ་ཁེངས་ཀྱང་།། ཁབ་མིག་སྟོང་པར་མ་ལུས་པ།། ཁབ་ཤུལ་སྐུད་པས་གང་ནོན།། ཁབ་བརླག་དགོས་ཀྱི་གྲུ་གུ་གང་།། གྲུ་གུ་བརླག་དོགས་ཀྱིས་གདང་ལ་བཀལ།། ཁབ་ཀྱིས་མནའ་མ་ཟོས།། སྐུད་པས་ཁྲེལ་མ་གཡུགས།། ཁབ་བརླག་དུས་ཚ་གི་ཚིག་གི། མཛོ་བརླག་དུས་འབར་རེ་འབུ་རེ།། ཁབ་མིག་གིས་ནམ་མཁའི་ཚད་འཇལ།། ཁབ་རྐུ་བའི་སྙིང་གིས།། གཡག་རྐུ་བའི་དཔེ།། ཁམ་བུ་ཟ་འདོད་མ་རེད།། སྐྱུར་མོ་སློང་འདོད་རེད།། ཁམ་བུ་ཟ་འདོད་མ་རེད།། ཡལ་ག་གཅོད་འདོད་རེད།། ཁམས་མོས་གཡོག་མི་ཟ།། གཡོག་གླས་ཁམས་མོ་ཟ།། ཁལ་བོང་བུས་འཁྱེར་བར།། རྒྱ་ལམ་སྐེད་པ་ན་དགོས་མེད།། ཁལ་ཁུར་བགྱིད་བསམས་ནས་སྟེང་རྩེགས།། འགྲོས་རྒྱག་བགྱིད་བསམས་ནས་ཡོབ་རྡུང་།། ཁལ་གསུམ་ཐེག་པའི་བོང་བུའི་ལུས་དང་།། ནམ་ཚོད་འཐིང་པའི་བྱ་ཕོས་ལུས།། ཁལ་རང་ཐོག་འཁེལ་ན།། རྟ་ལས་བོང་བུ་མགྱོགས།། ཁས་གོང་བར་བཤད།། གོང་བས་ཆ་གར་བཤད།། ཆ་གས་ས་གཞི་ཁྱབ།། ཁས་ལེན་རང་གིས་བྱས་པ་དེ།། ཁྲིམས་དཔོན་ཡིན་ཡང་བྱོལ་ཐབས་མེད།། ཁས་ལེན་མ་མང་།། གྲགས་པར་གནོད་ཡོང་།། ཁས་རྩམ་པ་འགམས།། རྐུབ་ཀྱིས་གླིང་བུ་བཏང་།། ཁས་སུ་ལེན་པ་སླ་རུང་།། དོན་དུ་འགྲུབ་པ་དཀའ།། ཁས་མེ་ལྟར་བླངས།། ཐེབས་ཆུ་ལྟར་བཅག ། ཁས་བྱ་ཟིན་ལག་པས་ཉ་ཟིན།། ཁུ་བ་དྭངས་ཁར་མི་འགྲོ་ཡང་།། བག་ཚ་བློས་ཀྱིས་མི་གཏོང་།། ཁུ་ཚུར་ཆེན་པོ་མི་ལ་བརྒྱབ།། ངུ་འབོད་ཆེན་པོ་རང་གིས་བྱས།། ཁེ་ཉེན་རང་ལག་ཏུ་ཡོད་དུས།། བླང་དོར་གྱི་འདེམས་ཁ་མ་ལོག་པ་དགོས།། ཁེ་གཅིག་དགོས་ན་གྱོང་གཅིག་འཁུར།། ཁེ་འདོད་ཀྱི་ཚོང་དང་།། དང་འདོད་ཀྱི་སྐོར་བ།། ཁེ་འདོད་ན་སྤུ་ཐོགས།། གཅིག་ཤུལ་ལ་གཉིས་སྐྱེས།། ཁེ་དང་རྒྱལ་ཁ་གཞན་ལ་སྤྲོད།། གྱོང་དང་ཕམ་ཁ་རང་གིས་ལེན།། ཁོག་མའི་ནང་ལ་ཡོད་ན།། གཟར་བུའི་ནང་ལ་ཡོད།། ཁོག་མའི་ནང་དུ་མ་ལུས་པ་དང་།། གཟར་བུའི་ལྡེབས་ལ་མ་འགོས་པ།། ཁོག་མ་ལ་མེ་ཏོག་ལེགས་ཀྱང་།། མཛོག་མགོ་ནས་སད་ཀྱིས་ཁྱེར།། ཁོག་ནང་མེ་འབར་ཡང་།། ཁ་ནས་དུ་བ་མི་ཐོན་པ།། ཁོག་པ་གཤགས་རུང་དུང་དཀར་ཡིན།། ཁྲག་རྩ་བཅད་རུང་འོ་མ་ཡིན།། ཁོག་ལ་ནད་མེད་ན།། གདོང་ལ་དྲེག་པ་ཆགས་དོན་མེད།། ཁོག་དྲོད་ཡོད་ནས་ཞོགས་ཆུ་བརྒལ།། ཁོང་ཁྲོ་གཡག་ལ་ཟ།། རྡོག་རྒྱག་རྟ་ལ་གཞུས།། ཁོང་ཁྲོའི་རྗེས་ལ་འགྲོ་མཁན་སྨྱོན་པ་ཡིན།། ཁོང་ཁྲོ་སློང་མཁན་མེད་ན།། བཟོད་པ་སུ་ལ་སྒོམས།། ཁོང་ཁྲོས་ཁོང་ཁྲོ་འདུལ་མི་ཐུབ།། ཁྱི་བདག་པོས་གཅུན།། སྐུ་མགྲོན་པོས་གཅུན།། ཁྱི་མཐོང་དུས་རྡོ་བཙལ།། འུ་ཐུག་དུས་ཉེ་བཙལ།། ཁྱི་མ་ཐུབ་ཐོགས།། མི་མ་ཐུབ་གཏོང་།། ཁྱི་མང་ཁ་བསྒྲིལ་ན་འབྲོང་གསོད།། ཁྱི་ནག་གི་དོན་ལ།། རྟ་དཀར་གྱི་རྨིག་བུད།། ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས།། གཏམ་ཨ་ཕས་གཏོང་རྒྱུ་ཨ་མས།། ཁྱི་བདག་པོས་འགོག་པ།། ལྕགས་སྐམ་པས་འཆུན་པ།། ཁྱི་དང་བུད་མེད་ཕྲུ་གུ་གསུམ།། ཁ་མཆུ་སློང་བའི་གཞི་རྩ་ཡིན།། ཁྱི་ཕྲུ་གུ་གཉིས་ཀྱིས་ཉེ་ངོ་ཤེས།། བྱ་རི་དྭགས་གཉིས་ཀྱིས་དགྲ་ངོ་ཤེས།། ཁྱི་རྒན་ཤ་ལ་རྒྱུག་ན།། ཁྱི་ཕྲུག་རང་ལ་རྒྱུག་པ།། ཁྱི་མི་རྨུགས་དཀའ་མེད་རྐུ་མས་སྒོ་རྡུང་།། ཝ་མི་རྒྱལ་དཀའ་མེད་ལྷ་འདྲའི་འགྲམ་ལྕག ། ཁྱི་མཐུ་བོ་ཕྱི་ཡི་ལྕགས་རི་འདྲ།། མཐུ་དྲགས་ན་སྒོ་རྩ་རྡོ་ཡིས་ཁེངས།། ཁྱི་རྒན་གས་ཁུག་ཚུད་ན།། མཆེ་བ་མི་འདོན་ཀ་མེད།། ཁྱི་སྤྲང་སྦྱིན་སར་སྙེག ། ཁྱི་མོས་མཇུག་མ་མ་བསྒྲིལ་ན།། ཁྱི་ཕོས་རྣ་ཅོག་ཀེར་དོན་མེད།། ཁྱི་དང་ཝ་མོ་ཁ་མཐུན་བྱས།། ཞི་མིའི་སྐེ་ལ་གཡེར་ཁ་གཡོགས།། ཁྱི་རྒན་རུས་བཟུང་དང་།། མི་རྒན་མགོ་མཁྲེགས།། ཁྱི་གཞུ་གུ་བཟང་ཡང་རང་གི་སྣ།། ཁྱི་མོས་མཇུག་མ་རིལ་རིལ་བྱེད་པ་དེ།། སྤགས་ཀྱི་ལྟོགས་སླ་མིན་ན་ཅི།། ཁྱི་ལ་འཚོ་རྒྱུ་གཞུ་གུ། ཁྱི་མེད་ན་ཕག་པས་རུས་པ་འབྲད།། ཁྱི་ཉར་སར་མཇུག་མ་མ་ལུས་པ།། ཁྱི་ཁུག་ལ་བཀར་དྲགས་ན།། ཡོང་རྒྱུ་ཁ་ལོག་ལས་མེད།། ཁྱི་ལྷ་ཁང་དུ་འཛུལ་བ།། ཞལ་ཟས་ཀྱི་ལྟོགས་སླ།། ཁྱི་འཁྱམ་མི་རོ་ཟོས་ཟོས་ཀྱིས།། བདག་པོའི་གདོང་ལ་ལྟ་རྫིག་རྫིག ། ཁྱི་རྒན་རྒྱགས་ཤ་ལངས་ན།། སྤགས་ལ་འགབ་ཡུལ་བཏང་ནས་འགྲོ།། ཁྱི་ངན་པས་ལུང་པ་ཀུ་ཅོས་འགེངས།། མི་ངན་པས་ཡུལ་སྡེ་ཕུང་ལ་སྦྱོར།། ཁྱི་ངན་བྱུང་ན་བེར་ཀ་སྣ་ལ་གཞུས།། ཁྱི་སྨྱོ་ཡང་བདག་པོ་ངོ་ཤེས།། མི་བཟི་ཡང་རྩིས་རིག་པས་ཟིན།། ཁྱི་རྒན་ཁེར་འགྲོ་རྡོ་དང་ཐུག ། འཕར་སྤྱང་དཔུང་བསྒྲིལ་ཤ་དང་འཕྲད།། ཁྱི་ཁྲག་ལ་མི་དགའ་བ་དང་།། མི་རྒྱུ་ལ་མི་དགའ་བ་མེད།། ཁྱི་བརྡུངས་ཀྱང་ཕག་མ་འདྲོགས།། ཁྱི་ལུས་དར་གྱིས་བཏུམས་ཀྱང་།། དྲི་ངན་ཕྱི་ལ་བྲོམ་ཡོང་།། ཁྱི་གཅིག་གི་གྱོད་ལ།། སྤུ་ཡོད་པ་ཕྱི་ལ་བཏོན།། ཁྱི་ཕྲུག་ཚང་གི་སྒོ་འགྲམ་ན།། སེང་གེ་ཡིན་ཡང་དོགས་ཟོན་དགོས།། ཁྱིའི་ཁ་ལ་ཤ་གཡུགས་ན།། མ་ཟོས་པ་ག་ལ་ཡོད།། ཁྱི་འཛིང་ཤོར་ཡང་།། ཁྱི་ལྤགས་མི་རལ།། ཁྱིའི་ཁ་ནས་མར་ཀོ་འཕྲོག ། ཁྱི་རྩིག་ཁུག་ལ་བཀར་ན་ཁ་ལོག ། ཁྱི་ཉམས་སྤྲང་པོས་ལོན་ནས་རྒྱུག་པ་ཕྲེད་གཟེར།། ཆུ་ཉམས་མཉན་པས་ལོན་ནས་ཀོ་བ་ཕྲེད་གཅོད།། ཁྱི་ལ་སེང་གེའི་མིང་བཏགས།། ཁྱི་ཚེ་རིང་ཡང་ལོ་དགུ ། ཁྱི་ཤི་ན་ཕོ་རོག་གི་གྲོག ། ཁྱི་རུས་སྒོ་གསང་ནས་ཤོར།། ཨ་མར་མཆོད་གནས་ཤོར།། ཁྱི་ལག་པ་ཆག་པའི་སྐད་ངན།། ཁྱི་ལ་སྤགས་ཀྱི་སྡིག་སྒྲ།། ཁྱི་དང་ཉེ་ན་རྨ་དང་ཉེ།། ཁྱི་དེད་ན་ལམ་ལ་མི་འགྲོ།། ཁྱིའི་མཐོང་ལས་མེད་པར་རིའི་འཁུར།། ཁྱིམ་འཛུགས་རྒྱུ་སླ།། ཤུལ་སྐྱོང་རྒྱུ་དགའ།། ཁྱིམ་བདག་པོས་གཅེས།། མགྲོན་གནས་མོས་གཅུན།། ཁྱིམ་ཚང་གཅིག་གི་མི་དང་།། ཕ་མ་གཅིག་གི་སྤུན།། ཁྱིམ་མཚེས་དུ་བ་གདང་འབྲེལ།། སྒོ་ཕྱོགས་ལོག་ཀྱང་ཐོག་འབྲེལ།། ཁྱིམ་མཚེས་ཞེ་སྡང་མེད་ན།། གྲོང་ལ་ཡར་རྒྱས་མེད།། ཁྱིས་ཕར་ཟུག་མེད་པར།། གླ་ཕོས་ཚུར་ཟུག ། ཁྱིས་རྒྱ་ནག་བཀོར་བ།། ཁྱུང་གི་སྒོ་ང་ལེན་འདོད་ན།། དེ་ལ་འཐབ་པའི་དཔའ་རྩལ་དགོས།། ཁྱུང་ཆེན་རྙི་ལ་འཛིན་ཐབས་མེད།། རྒྱ་སྟག་ཐག་པས་འདོགས་ཐབས་མེད།། ཁྱེད་ཀྱིས་མ་མཐོང་ཤེས་བྱ་མང་།། བོང་བུས་མ་ཕྱིན་ལམ་འཕྲང་མང་།། ཁྱེད་རྒྱུས་ང་དང་ང་རྒྱུས་ཁྱེད།། ཁྱོ་གའི་ལག་དང་།། ཨ་ལྕེའི་ཁ།། ཁྱོ་ཕྱུག་ཆུང་མ་གྲུང་།། བལ་འཇམ་སྣམ་བུ་ལེགས།། ཁྱོ་ག་རི་རྒྱུག་རྐུ་རྒྱག་དང་།། སྐྱེས་དམན་ནང་སྡོད་སྨད་ཚོང་།། ཁྱོད་རྩངས་པ་ཁ་རལ་ཀླུང་ལ་བབས་ན་ཆུ་མི་འཐུང་།། ང་ཆུ་ནང་ཉ་མོ་སྐམ་ལ་ཐོན་ན་རྩྭ་མི་ཟ།། ཁྱོད་ཀྱི་རྐང་རྗེས་ལས།། ངའི་རྐུབ་རྗེས་མང་།། ཁྱོད་ཀླུ་ཡི་རྒྱལ་པོ་བུ་དྷ་ར་ཡིན་ན།། ང་བྱུ་ཁུང་གི་རྒྱལ་པོ་གྷ་རུ་ཌ་ཡིན།། ཁྱོད་ཀྱིས་ལམ་ལ་སྐྱོད་པ་ལས།། ང་ཡིས་ཟམ་པ་བརྒལ་བ་མང་།། ཁྱོད་ཀྱིས་འབྲས་བཟས་པ་ལས་ངས་ཚྭ་བཟས་པ་མང་།། ཁྱོད་ཟླ་བ་བཞི་པ་ངོ་མ་ཚ་ན།། ང་པགས་ཚགས་གྱོན་མི་ངོ་མི་ཚ།། ཁྱོད་ཤྭ་ཕོ་དུང་རྭ་ཅན་ལ་འགྲོ་ལུགས་བཅོ་བརྒྱད་ཡོད་ན།། ང་རྔོན་པ་དུག་མདའ་ཅནལ་སྒུག་ལུགས་ཉི་ཤུ་ཡོད།། ཁྱོད་མགོན་པོ་ཕྱག་དྲུག་ཡིན་ན།། ང་པདྨ་ལག་རྡུམ་མ་རེད།། ཁྱོད་རྒྱ་མཚོ་སྐམ་ནུས་ན།། ང་སྦལ་པ་ཤི་མི་ནུས་པ་མེད།། ཁྱོད་གྱོང་པོ་བཀུག་པས་མི་གུག་པ་ཞིག་ཡིན་ན།། ང་མཉེན་པོ་བཅག་པས་མི་ཆག་པ་ཞིག་ཡིན།། ཁྱོད་ལ་ངན་པ་དགུ་འཛོམས།། ང་ལ་བཟང་པོ་བཅུ་འཛོམས།། ཁྲ་ཆུང་མིག་ལ་རྡུལ་མི་འགྲོ།། དམ་པའི་ཆོས་ལ་རྫུན་མི་འགྲོ།། ཁྲ་ཆུང་མིག་གིས་རྒྱུ་རིག་ན།། གངས་དཀར་སེམས་ལ་འདྲེ་ཞུགས།། ཁྲ་ཆུང་མིག་ལ་སྐྱོན་མེད་ན།། ལྟད་མོ་ག་ནས་ལྟ་ལྟ་རེད།། ཁྲ་ཚང་འོག་གི་བྱེའུ་ཚང་།། རྒྱལ་བ་ལྔ་པའི་འཁྲུངས་ཡུལ།། ཁྲ་ཡིས་ནམ་མཁའ་གསལ་ན་བསམ།། འུག་པས་མུན་པ་རུབ་ན་བསམ།། ནེ་ལོས་ས་ཆུ་དྲོས་ན་བསམ།། ཁྲ་དང་འུག་པ་ནེ་ལེ་བསམ།། སྤོ་ཐོག་གཅིག་ལ་སྔས་བཅོལ་ཀྱང་།། བསམ་བློ་མི་གཅིག་སོ་སོ་རེད།། ཁྲ་དང་ཝ་མོ་ལེ་ལེ་གསུམ།། ཉལ་ལུགས་འདྲ་ཡང་ལོ་མི་གཅིག ། ཁྲ་སྡིག་ཅན་གྱིས་བྱིའུ་བསད་པ་ལས།། བྱིའུ་སྡིག་མེད་ཀྱིས་འབུ་བསྒྲུགས་པ་མང་།། ཁྲག་གི་སྐྱིན་ཚབ་ཁྲག་གིས་ལོན།། ཁྲམ་དང་གཡོ་སྒྱུ་མ་བྱས་ན།། ཕོ་རབས་ཐམས་ཅད་བློ་གཅིག ། ཁྲལ་ལ་གསེར་ཕྱེ་འཇལ།། ཁ་ལ་རམ་པ་ཟ།། ཁྲལ་ཆད་པ་རྒྱལ་པོས་མི་འདུམ།། རིག་ལུག་པ་ཐག་པས་མི་འདུམ།། ཁྲལ་ཆག་མེད་པའི་བོགས་འཕར།། ཁྲི་གདུགས་ཉི་མའི་རང་འོད་ལ།། མེ་འཁྱེར་སྲིན་འབུས་འགྲན་ཡ་བྱེད།། ཁྲི་གདུགས་ཉི་མ་ཀུན་ལ་མཛེས་ཀྱང་།། བྱ་འུག་པའི་མིག་ལ་དེ་མི་མཛེས།། ཁྲིམས་བཟུང་རྒྱལ་པོའི་སྨྲ་བ་ལན་གཅིག་ཡིན།། དེ་ལས་མང་ན་རྒྱལ་ས་འཛིན་མི་ཐུབ།། ཁྲིམས་ལར་རྒྱའི་ཁོག་པ་མི་ཆུང་དགོས།། གཏམ་ཆུ་བོའི་ཕུགས་དེ་མི་ཐུང་དགོས།། ཁྲིམས་ཀྱིས་བསྡམས་ན་བརྒྱ་དང་།། ཐག་པས་བསྡམས་ན་གཅིག ། ཁྲིམས་ལེན་དཔོན་གྱི་ཁྲིམས་ར་ལ།། བཤད་ལོང་ཉན་ལོང་གཉིས་ཀ་ཡོད།། ཁྲིམས་མེད་དཔོན་གྱིས་བྱས་ན།། གདུང་འབོད་སུ་ལ་བྱེད།། ཁྲིམས་མེད་དཔོན་གྱི་བྱས་ན།། ར་མདའ་སུ་ལ་སྦྲན།། ཁྲིམས་ཁྲ་མས་བཅད།། ཤ་སྟ་གྲིས་གསེས།། ཁྲིམས་སའི་ཚིག་དང་རྒྱ་མཚོའི་རྡོ།། ཁྲིམས་དང་སྡོམ་པ་རང་སྲུང་།། ཁྲུང་ཁྲུང་སྤུ་རིས་དཀར་ནའང་།། མཇུག་གུའི་རྩེ་མོ་ནག་པོ་རེད།། ཁྲུང་ཁྲུང་བྱང་ལ་འགྲོ་བ་ལ།། ཕག་པས་བྱུས་ཏོག་བྱེད་དོན་མེད།། ཁྲུང་ཁྲུང་དཀར་པོ་ལ།། མཇུག་རྩེ་ནག་པོར་མ་སོང་བ།། ཁྲེལ་དང་ངོ་ཚ་བོར་ནས་གསོན་པ་ལས།། བག་ཡོད་ཚུལ་ལྡན་ངང་དུ་ཤི་བ་དགའ།། ཁྲེལ་མེད་ཀྱི་རྟ་ལ་བཞོན་ནས།། འཇོན་མེད་ཀྱི་བྱང་ལམ་དུ་སྐྱོད་མི་རུང་།། ཁྲིམ་པའི་གཏིང་གི་སྦལ་པའི་ངུ་སྒྲ།། ལྷའི་དབང་པོས་སྙན་གྱིས་མི་གསན།། ཁྲོ་ཁོང་ཆག་སོང་།། དངུལ་ཕོར་ཁྱེར་ཤོག ། ཁྲོམ་ཚོགས་པའི་ཉིན་མོར་གཏམ་དགོས།། དགྲར་འཐབ་པའི་ཉིན་མོར་དཔའ་དགོས།། ཁྲོན་པའི་ནང་གི་སྦལ་པ།། ཁྲོན་པའི་ནང་གི་རུས་སྦལ།། རྒྱ་མཚོའི་གཏམ་གྱིས་ཤི།། མཁར་དང་སྒོ་མོ་ལྕགས་རི་གསུམ།། ཨེ་བཙན་བསམས་ནས་བརྒྱབ་པ་ཡིན།། མཁར་སྒོར་མེད་སྐྱོན་ཤོར།། གནོད་འཚེ་རྟ་ལ་ཕོག ། མཁས་པའི་གཤོག་པ་ཡོན་ཏན།། སྐྱ་མིའི་གཤོག་པ་རྟ་མཆོག ། མཁས་པས་ཤེས་ཡོན་ནོར་ལ་བརྩི།། གླེན་པས་གསེར་དངུལ་ནོར་ལ་བརྩི།། མཁས་པ་ཡིན་ན་ཕྱི་བལྟས་བྱེད།། དཔའ་བོ་ཡིན་ན་སྔ་བལྟས་བྱེད།། མཁས་པས་མཁས་པར་བཀུར་ཤེས་ན།། རིག་པའི་གནས་ལྔར་ཐོགས་པ་མེད།། མཁས་ཀྱང་དོན་ལ་མ་དཔྱད་ན།། ས་འོག་གསེར་གྱི་མདངས་དང་འདྲ།། མཁས་རློམ་ཅན་གྱིས་རྒྱལ་དོན་མི་འགྲུབ།། མཁས་པ་བྱེད་འདོད་ན།། ཁེངས་སེམས་མེད་པ་དགོས།། མཁས་པ་མི་གཙོ་རྒྱུས་ཡོད་གཙོ།། མཁས་པས་འཆུགས་ན་འདོམ་གང་།། གླེན་པས་འཆུགས་ན་མཐོ་གང་།། མཁས་པའི་ཤེས་རབ་བླུན་པོའི་སྟོབས་ལས་བཟང་།། མཁས་པ་རིས་སུ་མ་བོར།། སྤྱི་མི་དགྲ་རུ་མ་ལེན།། མཁས་པ་ཡོན་ཏན་ཅན་ལ་ང་མི་སྐྲག ། བླུན་པོ་གཏི་མུག་ཅན་ལ་ང་སྐྲག ། མཁས་པའི་ཚིག་གི་ཟུར།། གནམ་ལྕགས་རའི་གྲིའི་འོད།། མཁས་པས་མཁས་པར་སྡང་།། འཕྱོན་མས་འཕྱོན་མར་སྡང་།། མཁས་པས་མཁས་པ་དང་།། དཔའ་བོས་དཔའ་བོ་མཐོང་།། འཁར་རྔ་ཕྱི་ནས་བརྡུངས།། དྲིལ་བུ་ནང་ནས་དཀྲོལ།། འཁོན་མེད་ཉི་མ་སྤྲིན་བྲལ།། འཁོན་པའི་ན་ཚ་དེ།། ལུས་ལ་མེད་པར་སེམས་ལ་ཡོད།། འཁོར་འདོད་ན་ཤྭ་བ་རི་ནས་འཁོར།། འབྲལ་འདོད་ན་ཙི་ཙི་ཚང་ནས་བྲལ།། འཁོར་བ་ཁབ་ཀྱི་རྩེ་མོ།། བདེ་བར་སྡོད་པ་གནས་མི་སྲིད།། འཁོས་ཀས་ཤིག་མི་ཟིན་རུང་།། ཁ་ཕོས་འབྲོང་གཤོར་བའི་གྲོས་བྱེད།། འཁོལ་འཁོལ་འོ་མ་བཞིན་དུ་འཁོལ་མི་དགོས།། འཚབ་འཚབ་རྟ་པོ་བཞིན་དུ་འཚབ་མི་དགོས།། འཁྱག་དུས་གོས་ལ་ལྗིད་ཡང་མེད།། ལྟོགས་དུས་ཟས་ལ་བཟང་ངན་མེད།། འཁྱག་པ་མ་མཐོང་ན།། ཆུ་ལ་གདུང་སེམས་མི་སྐྱེ།། འཁྱག་པ་སྦར་མཐིལ་ཙམ་ལ།། ཉི་མ་སྤུན་བདུན་ཤར།། མཁྲིས་ནད་ཅན་གྱིས་དུང་དཀར་སེར་པོར་མཐོང་།། རླུང་ནད་ཅན་གྱིས་གངས་རི་སྔོན་པོར་མཐོང་།། མཁྲེགས་དང་ཕྲད་ན་འདྲེད།། འབོལ་དང་ཕྲད་ན་ཟུག ། འཁྲུག་པ་ལྷ་ཡི་ཡུལ་དུའང་ཡོད།། འདུམ་པ་སྲིན་པོའི་ཡུལ་དུའང་ཡོད།།

༼ ག ༽

       ག་ནས་བལྟས་ཀྱང་གཉེན་ཚན།། སྒོ་ཕྱོགས་ལོག་ཀྱང་ཐོག་འབྲེལ།། ག་ཚོད་ཕྱུག་ན།། དེ་རྩིས་སྤྱོད་མི་ནུས།། གང་ལ་རྒྱུ་ནོར་ལྡན་གྱུར་ན།། དཀའ་བའི་དོན་ཡང་ལྷུན་གྱིས་གྲུབ།། གང་ལ་མིག་ལྡན་སྐྱེ་བོ་འབོད།། ཤེས་བྱས་ཕྱུག་ན་མིག་ལྡན་ཡིན།། གང་སྐྱིད་ཕ་ཡུལ་དང་།། སུ་བྱམས་ཕ་མ་རེད།། གང་དུ་འགྱེལ་ཀྱང་།། གང་དུ་ལངས།། གང་དྲག་བྱས་པས་ཅི་དྲག་ཟེར།། གྲོས་ཀྱི་འབྲི་འདྲ་ཐབས་སྡུག་ལ།། གང་ལས་མེད་ཀྱང་།། ཨྰ་ལའི་ཧོ།། གང་དང་གང་ལ་བྱེད་འཁྱེར་དགོས།། སྐྱག་པ་གཏོང་བར་ཁ་འཁྱེར་དགོས།། གང་ཟག་རེ་ལ་བྱེད་སྟངས་རེ།། ཤིང་སྣ་རེ་ལ་སྐྱེ་སྟངས་རེ།། གབ་ལེ་ཡིན་ཏེ་ཝ་ར་ར།། གསང་ལེ་ཡིན་ཏེ་འུ་རུ་རུ།། གང་དང་གང་ལ་སྦྱངས་ན་མཁས།། ལུག་རྫི་འུར་རྡོ་རྒྱག་ལ་མཁས།། གངས་དཀར་སེང་གེའི་གཡུ་རལ་ལ།། ཁྱི་ནག་དོམ་བུའི་རྔ་མས་འགྲན།། གངས་སྡོད་སེང་གེའི་གཡུ་རལ་ངོམ་པ་ལ།། ས་འོག་འབུ་སྲིན་ཡ་མཚན་སྐྱེ་དོན་མེད།། གངས་དཀར་པོ་སེང་གེའི་གདན་ས་ལ།། འབྲུག་ཕོ་ཐང་ཡིན་ཡང་གཟུར་ན་དགའ།། གངས་རི་དཀར་པོ་མར་ལ་གྱུར་ཀྱང་།། གྲི་གཞོག་གཅིག་གི་རེ་བ་མེད།། གར་སོང་ས་ན་སྐྱིད་པ་མེད།། གར་བསྡད་ས་ན་སྡུག་པ་མེད།། གལ་པོ་ཆེ་ལ་ནན་ཏན་དང་།། དམ་པའི་ཆོས་ལ་བརྒྱ་ཚར།། གོ་ཆོད་མེད་ཀྱང་གོ་བཀག ། ཤེས་རྒྱུས་མེད་ཀྱང་ལམ་རྒྱུས།། གོ་བ་མེད་པའི་གླང་རྒན་ལ།། རྒྱལ་པོའི་བཀའ་ལས་དབྱུག་པ་བཙན།། གོ་ཐལ་ལ་མེ་ཁ་གསོ་མི་ཐུབ།། གོ་རང་གིས་མ་ཆོད།། ཡིད་ཕྱོགས་བཞིར་མུག ། གོ་ལོང་མེད་པར་བཤད།། འགྲོལ་ལོང་མེད་པར་བྲེག ། གོ་རང་གིས་མ་ཆོད།། ཡུས་ཕ་མར་བཤད།། གོ་ཆོད་པོ་ལ་བསྟོད་ར་མ་སྔ།། རེ་བ་སྐྱེ་བ་ཡིན།། གོ་མ་ཆོད་པ་ལ་སྨད་ར་མ་ཆེ།། ཡིད་མུག་སྐྱེ་བ་ཡིན།། གོ་གོ་བའི་རྣ་རྩ་དང་།། རིག་རིག་པའི་མིག་རྩ།། གོ་བའི་བུ་ལ་ཚིག་གསུམ།། མགྱོགས་པའི་རྟ་ལ་ལྕག་གསུམ།། གོང་དཔོན་ལ་འཛིང་མཁན་སྨྱོ་བ་ཡིན།། དུག་ནག་པོ་བཟས་ན་ཤི་བ་ཡིན།། གོང་དཔོན་པོའི་དབུ་འཕངས་དགུང་ལས་མཐོ།། གཡོག་ཨ་སྡུག་ཕུ་དུང་ས་ལ་དྲུད།། གོང་རྒྱལ་སའི་རྒྱལ་པོ་མ་ཡིན་ཏེ།། རྐུབ་རྟུག་དྲི་འཚོག་པའི་ཕྲུ་གུ་ཡིན།། གོང་མ་རྙིང་པས་ལྷམ་གསར་པ་གྱོན་པ།། གོང་ལ་ངོ་དགའ་དང་།། འོག་ལ་ཐུབ་ཚོད།། གོམ་གསུམ་སྤོས་ན་དོན་གསུམ་གྲུབ།། ཙོག་པུར་བསྡད་ན་མུ་གེས་འཆི།། གོམ་གསུམ་སོང་ན་དོན་གསུམ་གྲུབ།། གར་སོང་ས་ན་གྲོགས་དང་འཕྲད།། གོམ་གསུམ་འགྲོ་དབང་མེད་ཀྱང་།། ཚིག་གསུམ་ཤོད་དབང་ལོས་ཡོད།། མ་འགྲོས་མེད་པའི་རྟ་ཕོ་བཞོན་པ་ལས།། སེམས་ཁོ་ཐག་ཆོད་པའི་རྐང་ཐང་སྐྱིད།། གོམ་གཅིག་མ་སྤོས་གླིང་བཞི་མི་འཁྱེར།། ཆུ་ཐིགས་མ་བསགས་རྒྱ་མཚོ་མི་ཡོང་།། གོམ་གསུམ་མ་སྤོས་རྒྱལ་པོའི་ལྡུམ་ར།། ཚིག་གསུམ་མ་བཤད་དཔོན་པོའི་ཁྲིམས་ར།། གོས་བཟང་པོ་རང་གིས་གྱོན།། ཟས་ཞིམ་པོ་མི་ལ་བྱིན།། གོས་རལ་པར་རྩིག་ཟུར་སྡང་།། ཁུག་མ་འདུས་ལ་ལབ་རྒྱུ་མང་།། གོས་ལ་གོན་མཁས་བྱས་ན།། ཨ་ཡག་རྒྱུན་མི་ཆད།། གོས་ཐུང་མ་ཕུད།། དཔྱི་མགོའི་གདེང་ཚོད།། གོས་ཆེན་ཐོག་ལ་འཚེམ་དྲུབ།། རལ་པའི་ཐོག་ལ་ལྷན་པ།། གོས་ཐུང་གཅིག་ལ་རྐང་པ་བརྒྱུས་པ་དང་།། སྣ་ཁུང་གཅིག་ནས་དབུགས་གཏོང་བ།། གོས་ཆེན་གྱི་ཐབ་ཕྱིས།། ཙནྡན་གྱི་གུ་ཡོག ། གོས་ལ་ལྷན་པ་རྒྱག་རྒྱུ་ཡོད།། གྲོད་པར་ལྷན་པ་རྒྱག་རྒྱུ་མེད།། གོས་ཆེན་ཐང་ལ་གདིང་བར།། བཟོ་ཁོག་ཡིད་ལ་འཆར་དགོས།། གོས་གྱོན་ནས་ཡོད་ན་མི་གྲང་གི།། ཟས་སྣོན་ནས་ཡོད་ན་མི་ལྟོགས་གི ། གོས་ཁ་གང་ཡོད་ན་མཉམ་གོན།། ཟས་ཁ་གང་ཡོད་ན་མཉམ་ཟ།། གོས་ཆེན་རྒས་ཀྱང་རི་མོའི་གཞུང་།། གོས་ཆ་ཆེའི་ཆ་ལ་མ་ཕན་ཡང་།། ཕུ་དུང་ཨོག་རྩེའི་གསོས་ལ་ཕན་ཙམ་ཡོད།། གོས་ལུས་དང་བསྟུན།། གཏམ་གྲོགས་དང་བསྟུན།། གྱང་འགྱེལ་བ་ཡོག་ཤིག་གིས་མི་ཐེག ། གྱང་འགྱེལ་སར་ཐལ་འཚུབ་ལསངས།། གཡག་གསོད་སར་ཁྲག་ཐིག་རྒྱག ། གྱང་ན་ནིང་ལོག ། ཐལ་བ་ད་ལོ་ལངས།། གྱེན་རེ་འཛེགས་ན་ཐུར་རེ་ཡོད།། གྱེན་ཐུར་མེད་པའི་ལམ་ཞིག་མེད།། གྱོན་ཁ་མཆུ་གཏམ་གྱིས་འདུམ།། གོས་རལ་བ་སྐུད་པས་འཙེམ།། གྱོད་མེད་ལ་གྱོད་བཟོས།། གཞི་མེད་ལ་གཞི་བཟོས།། གྱོད་ཡ་སྟག་གཟིག་ཁ་སྤྲོད་ལ།། འགྲིག་རྒྱུའི་རེ་བ་རྦད་ཟད།། གྱོང་པོ་ཞག་ཚིས་མི་ཐུལ།། མར་གོག་སྣུམ་གྱིས་མི་ཐུལ།། གྱོད་ཀྱི་སྡོང་པོ།། རྣག་གི་འཐུམ་བུ།། གྱོད་མགོ་རི་ལས་བརླིང་བ་དང་།། གྱོད་མཇུག་ཆུ་ལས་རིང་བ།། གྲྭ་པ་བྲོས་ཀྱང་དགོན་པ་བྲོས་མི་ཐར།། གྲྭ་པས་དཀོར་འཇུ།། རྨ་བྱས་དུག་འཇུ།། གྲྭ་གོག་ཆོས་ཀྱིས་མ་འདུལ།། མར་ཀོག་སྣུམ་གྱིས་མ་འདུལ།། གྲྭ་པ་ཉུང་ན་མང་ཇ་ལེགས།། གྲྭ་པ་ཉིན་གཅིག་བྱས་ན།། དྲིལ་བ་ཉིན་གཅིག་དཀྲོལ་བ།། གྲགས་ཅན་གནས་རི་ཡིན་ཙ་ན།། མཐོན་པོ་མིན་ཀྱང་ལྷག་པར་གྲགས།། གྲལ་མགོ་ནས་སྟོད་ཧྲེང་ཕུད་ན།། གྲལ་གཞུག་ནས་དམར་ཧྲེང་འབུད།། གྲལ་འགོར་བཞག་ན་འཇོན་ཐང་མེད་།། གྲལ་མཇུག་བཞག་ན་ནུས་པ་མེད།། གྲམ་པའི་རྡོ་བསྔོགས་ན་མང་།། གཏམ་དང་མདུད་པ་གསེས་ན་མང་།། གྲི་རྣོ་མེད་ཀྱི་ཁག་འཁྲི་དེ།། ཤ་མ་འཚོས་པའི་མགོ་ལ་བསྐྱལ།། གྲི་རིང་མིན་ཐུང་མིན་བང་བཀང་།། དགྲ་ཁང་འོག་སླེབས་དུས་སྐྱོགས་གཡུག ། གྲི་ངོ་འཕྱར་རྒྱུ་བཞག་ནས།། གྲི་ཡུ་ལག་པས་མི་འཆང་།། གྲི་རྣོ་མེད་ལག་ལ་གཟན།། གཏམ་དོན་མེད་རྣ་བར་གཟན།། གྲི་རྡོ་མེད་ཀྱིས་རྒྱུད་པ་མི་ཆོད།། མི་ཐ་ཤལ་གྱིས་དོན་ཆེན་མི་འགྲུབ།། གྲི་འགྲམ་ནས་གཡུགས་ན་དཔའ་བོ་ཡིན།། མདའ་རྒྱང་ནས་འཕངས་ན་སྡར་མ་ཡིན།། གྲི་མ་བརྡར་ན་བཙའ་རྒྱག ། མི་མ་གཅུན་ན་ཁྲམ་པ་ཆགས།། གྲི་བརྒྱབས་པས་མ་ཚད་ཡུ་བ་སྒུལ་སྒུལ།། འབྲོང་བསད་པས་མ་ཚད་རྔ་མ་འཕྱར་འཕྱར།། གྲི་རྣོ་མེད་ལ་རྣོ་དང་།། མི་ནུས་མེད་ལ་ནུས་པ།། གྲི་དང་ཕོར་པ་གང་འགྲོར་འཁྱེར།། དགྲ་དང་གྲོགས་ལ་གང་ཡོང་མེད།། གྲི་དཔའ་དམ་ལ།། མི་དཔའ་རྒོད་དགོས།། གྲིབ་ཆར་སྔོན་པོ་རྟ་ལས་མགྱོགས།། སེ་རའི་གྲྭ་པ་ར་ལས་འཚུབ།། གྲུབ་པ་འགྲོ་འགྲོ་མང་ན།། སྲིན་པོའི་ལུང་པར་སླེངས་ཡོང་།། གྲུབ་ཚད་མ་བྱེད།། མཐར་འགྱོད་ཡོང་།། གྲུབ་ཆེན་ལགས་ཀྱི་གསོལ་ཞིབ།། དང་པོ་རང་ནས་རྫོགས་སོང་།། གྲུབ་པ་ལ་དགའ།། རལ་ལྕོག་ལ་སྐྱུག་བྲོ།། གྲོག་མ་གཏིང་ལ་མེད་ན།། གྲོ་ལོ་ཁ་ལ་མི་ཐོན།། གྲོ་དང་བྲའོ་སྲན་མ་གསུམ།། བསེར་བུ་རླུང་ལ་འཕྱར་ན་འབྱེད།། གྲོག་མ་འགྲོ་འགྲོ་མང་ན།། རྐང་ལག་ཐང་ཆུས་འཛིན།། གྲོག་མ་ལས་ལ་རྩོལ་བ་དེ།། རྟ་ཐོག་མི་ཡིས་ག་ལ་མཐོང་།། གྲོག་ཁ་ནང་དུ་ཡོད་པ་ལྕེས་བུད།། གྲོག་པོ་སྐམ་པོར་ཉ་རྒྱ་བཙུགས།། གྲོགས་བཟང་བསྟེན་ན་ཡོན་ཏན་ཤུགས་ཀྱིས་འཕེལ།། གྲོགས་ངན་བསྟེན་ན་སྤྱོད་ངན་ཤུགས་ཀྱིས་འཕེལ།། གྲོགས་པོ་ཉེ་འདོད་ན།། སྐྱོན་ལ་མཛུབ་མོ་ཚུགས།། གྲོགས་འདྲིས་ཆེ་ན།། དུད་འགྲོ་ལ་ཡང་བརྩེ།། གྲོགས་པོ་ཉེ་ཡང་ཡིག་ཚང་མ་སྔོགས།། གྲོགས་པོ་ཉེ་འདོད་ན།། རྩིས་མགོ་དམ་དགོས།། གྲོགས་པོས་བསླུ་དུས་དགོན་བཞིན་བསླུ།། ཁྲམ་པས་བསླུ་དུས་ངུ་བཞིན་བསླུ།། གྲོགས་པོས་རྐུ་མ་ནི་མི་རྐུ།། ཁྱིས་ལྕགས་ནི་མི་བཟའ།། གྲོགས་ལ་མཐུན་པའི་ཚིག་དགོས།། ཀུན་ལ་ཕན་པའི་སེམས་དགོས།། གྲོགས་ལ་འཁོན་པ་དེ།། དགྲ་ལ་སྐྱོང་བ་ཡིན།། གྲོགས་པོ་བརྒྱ་ཡོད་ཀྱང་ཉུང་དྲགས།། དགྲ་བོ་གཅིག་ཡོད་ཀྱང་མང་དྲགས།། གྲོགས་ངན་དུག་གི་སྡོང་པོ་འདྲ།། གྲོགས་བཟང་སྨན་གྱི་ལྗོན་ཤིང་འདྲ།། གྲོང་གཅིག་མ་ལ་རྐུན་མ་སྡང་།། ལུག་གཅིག་མ་ལ་སྤྱང་གི་སྡང་།། གྲོང་པ་ཉེ་འདོད་ན་གོང་ལར་ཚེར་མ་གཏོང་།། གྲོང་པའི་བ་ཤི་ཡང་མྱ་ངན་ཞག་གསུམ།། གྲོང་ནང་དུ་བརྒྱ་འབུལ་སྟོང་འབུལ་ལས།། རི་ཁྲོད་དུ་ཟས་ཁམ་གཅིག་ལྷག ། གྲོད་པ་རྒྱགས་རྗེས།། རྩམ་རྐྱལ་ལ་རྐུབ་བཀྱག ། གྲོད་པ་མིས་བཟས་ན་ཧྲོབ་ཧྲོབ།། གྲོད་པ་རང་གིས་བཟས་ན་ཆག་ཆག ། གྲོད་པ་མ་ལྟོགས་ན་འབྲུ་རྩ་ཆེན་མིན་པ་མི་ཤེས།། རྐང་ཐང་མ་ཕྱིན་པར་རྟ་རྩ་ཆེན་ཡིན་པ་མ་ཤེས།། གྲོད་པ་ཤ་ལ་མི་ཐེ།། ཨ་ནེ་མི་ལ་མི་ཐེ།། གྲོས་མི་ལ་དྲིས།། ཐག་རང་གིས་གཅོད།། གྲོས་ཉེས་པ་ལ་འགྱོད་པ་མ་ཟློ།། འཁྲུལ་པ་རང་ལའང་ཡོད།། གྲོས་ལེགས་པའི་དུས་སུ།། ཚོད་ཟིན་དགོས་པ་ཡིན།། གྲོས་མང་སར་བགྲོས་ན་བློ་གྲོས་སྐྱེ།། གྲོས་མི་འགྲུབ་པ་མ་ཤོད།། ཡལ་ནས་འགྲོ་བ་ཡིན།། གྲོས་ལ་མི་དགའ་བའི་མི་མ་བཀུག ། གྲོས་ཀྱི་དཀྲུག་ཤིང་བྱེད་པ་ཡིན།། གླ་བ་གླུ་ལ་གཡེངས།། ཚེ་འདས་འོད་ལ་གཡེངས།། གླ་བ་སྔ་ལོ་ཤི།། རིལ་བ་ད་ལོ་འགུལ།། གླ་བ་འཇུག་ཚོད།། ཐག་པ་བསྡོག་ཚོད།། གླང་རོག་ནག་རྒྱུད་ལ་ཁྱུང་དཀར་མཛོ།། བོང་བུ་མགྲིན་བཟང་རྒྱུད་ལ་སྨུག་ཆུང་དྲེལ།། གླང་ཆེན་དར་མར་འགྲོ་སྟངས་འདི་ལས་མེད་པར།། ཡ་ཙེ་རྐུབ་རིལ་ལ་འགྲོ་སྟངས་འདི་ལས་ག་ནས་ཡོང་།། གླང་ཆེན་གྱི་ཁལ་བེའུར་བཀལ་བ།། ང་ལོ་པའི་ཆག་སྒོ།། ཡོས་ལོ་པར་འབབ།། གླིང་ལ་ཨ་ཁུའི་གང་བྱས།། གླིང་བུ་གཏོང་རྒྱུ་དང་རྩམ་པ་འགམ་རྒྱུ།། གླེན་པ་ཁྱི་ལ་བཤད་ན་གོ་རྒྱུ་མེད།། མགོ་ནག་མི་ལ་བཤད་ན་གོ་རྒྱུ་ཡོད།། གླེན་པའི་སྡིག་པ་ཡང་རུང་བ་ལྕི།། མཁས་པའི་སྡིག་པ་ལྕི་རུང་ཡང་།། གླེན་པ་ཁྱི་ལ་ཟུག་རེས་ཉན་རེས་ཡོད།། མགོ་ནག་མི་ལ་ཤོད་རེས་ཉན་རེས་ཡོད།། གློ་བར་མི་ཕན་མཆིན་པའི་དུག ། དགའ་མ་ཐག་ཏུ་འཛུམ་མ་སྟོན།། ཁྲོས་མ་ཐག་ཏུ་བཞིན་མ་སྡུད།། དགའ་བྱེད་སྡུག་བྱེད་ཚིག་རེད།། རྒྱགས་བྱེད་སྦོས་བྱེད་ལྟོ་རེད།། དགའ་དུས་སྙིང་གཏམ་བཤད།། སྡུག་དུས་དགྲ་ལ་ལངས།། དགའ་བའི་རྗེས་སུ་སྡུག་གཅིག་ཡོད།། དགའ་བའི་དུས་སུ་སྐྱིད་སྣང་མ་ཚོར་ན།། དལ་འབྱོར་མི་ལུས་ཐོབ་ཀྱང་སྙིང་པོ་མེད།། དགའ་སྤྲོ་སྤྲོའི་ཁྲུང་དམག་རྒྱག་སར།། ར་བཟི་ནས་གནས་མོའི་དཀར་ཡོལ་བཅག ། དགའ་པོ་འཁོན།། ཞིམ་པོ་སྐྱུགས།། དགུན་སྔོན་ཡངས་རུང་འཕུར་ས་མེད།། ས་གཞི་ཆེ་རུང་འཛུལ་ས་མེད།། དགུང་ནམ་འཕང་གཅོད་པར།། གཤོག་རྩལ་མེད་ན་སྟོང་བསམ།། དགུན་དགྲ་བོ་འདྲ་བ་མཆོངས་ནས་ཡོང་།། དཔྱིད་རྩི་ཏོག་འདྲ་བ་ཕ་ལ་ཡལ།། དགུན་བ་མོ་མ་གསོས་ན།། དབྱར་མར་རྡོག་ག་ན་ཡོང་།། དགེ་བཤེས་ལགས་དང་རྩོད་པ་མ་རྒྱག ། ཀ་བ་ལགས་དང་རྡུང་ག་མ་རྒྱག ། དགེ་འདུན་གྱི་འདུ་རྟེན།། རྣམ་དཀར་གྱི་མཆོད་ཐེབས།། དགེ་བ་ཉེ་ཕྱོགས་དང་།། གཏོར་མ་དགྲ་ཕྱོགས།། དགེ་བཤེས་རྟས་གཡུགས་པ།། བབས་མི་དགོས་ཁེ་བཟང་རེད།། དགེ་རྒན་མེད་པའི་ཡོན་ཏན།། ཕ་མ་མེད་པའི་སྐྱིད་པོ།། དགོ་བ་འགྲོ་ས་ཐང་དང་།། ངང་པ་འགྲོ་ས་མཚོ།། དགོང་མོ་མི་ཉལ་རྟ་དང་འདྲ།། ཞོགས་པ་མི་ལངས་བ་དང་འདྲ།། དགོང་མཆོད་རྒྱུན་རིག་ན་ཁ་མཆུའི་རྒྱུ།། དགོན་པའི་མང་ཇ་མ་རག ། ཞོལ་གྱི་ཐུག་པ་མ་རག ། དགོན་ཇོ་ཇོས་བཟུང་ན་ཇོ་ཇོས་བཟུང་།། ཇོ་མོས་བཟུང་ན་ཇོ་མོས་བཟུང་།། མི་ང་ནི་གྲྭ་པ་ཡོང་ལེ་མེད།། དགོན་པའི་ཁྱི་ལ་གཞུས་ན།། བླ་མའི་ཐུགས་ལ་ཕོག་ཡོང་།། དགོས་པ་དམ་པའི་ལྷ་ཆོས་མེད་པར།། མི་དགོས་འཇིག་རྟེན་གྱི་བག་མ།། དགོས་པའི་ལྷ་ཁང་ནག་པོར་བཞག ། མི་དགོས་བྲག་ལ་སྐུ་དཀར་གསོལ།། དགོས་དུས་རྡོ་རྗེ་དང་།། རྒྱག་རན་དུས་མེ་མདའ་ཁ་སུ་ཤོར།། དགོས་ས་ལ་ཆད།། མི་དགོས་ས་ལ་ལྷག ། དགོས་ངེས་པའི་གྲོགས་པོ་མདངས་དང་འཛུམ་གྱིས་བསུས།། གྲོས་ཐམས་ཅད་ལ་ནམ་ཕུགས་འབྲས་བུ་ཆེ་ཆུང་སོམས།། དགོས་རྒྱུ་སྤགས་ལ་སྤགས་ཁུ་དར་ར།། དགོས་དོན་ཕོག་པར་སྨྲོས།། རན་ལ་མཛེས་པ་ཤོད།། དགོས་མེད་ཀླན་ཀ་ཕུང་དཀྲོལ།། དགྲ་འཁྲུགས་པ་ལྷ་ཡི་ཡུལ་དུ་ཡོད།། གཉེན་བསྒྲིགས་པ་སྲིན་པོའི་ཡུལ་ལའང་ཡོད།། དགྲ་མ་མཐོང་གོང་གི་ཀི་སྒྲ་དང་།། རོ་མ་མཐོང་གོང་གི་ངུ་སྐད།། དགྲ་ལ་དཔོན་པོ་བྱུང་ན་འགྲོ་རྩིས་དང་།། ནད་ལ་བལ་ནད་བྱུང་ན་ཤི་རྩིས་གྱིས།། དགྲ་བོའི་སྦྲང་རྩི་བཏུངས་པ་ལས།། གྲོགས་པོའི་ཆུ་རྐྱང་འཐུང་བ་དགའ།། དགྲ་བོ་ངོ་མ་ཡིན་ན།། ཉེ་རིང་ཁྱད་པར་མེད།། དགྲ་ཡ་ཆུང་ཡང་སེམས་མ་ལྷོད།། དགྲ་ཡ་བཙན་རུང་འཇིགས་མི་རུང་།། དགྲ་སྟག་ལྤགས་གཉིས་དེ་མགོ་ནས་མཉེས།། གཉེན་ཉི་མ་གཉིས་དེ་རྒྱང་ནས་སྲོལ།། དགྲ་བྱུང་ན་གྲི་ཁ་མཉམ་ལེན་དང་།། གྲོགས་བྱུང་ན་ཕོར་པ་མཉམ་འཛུགས།། དགྲ་ཕྱི་ནང་འདྲེས་ན།། རྫོང་དྲུག་མཁར་གྱིས་མི་བརྟེན།། དགྲ་གཉིས་བྱུང་ན།། དགྲ་གཅིག་པང་དུ་ལེན།། དགྲ་ལག་འོག་ཏུ་ཚུད་ན།། བུ་ལས་བྱམས་པ་དགོས།། དགྲ་ཤཕའི་དུས་ལ་ཤ་ཕ་དང་།། ཆོས་མ་ཎིའི་དུས་སུ་མ་ཎི།། དགྲ་ཁ་གྲོག་ཤོར་མ་རེད།། ཁྱི་ཁ་རུས་ཤོར་རེད།། དགྲ་མ་རུངས་རྐུན་མ་ཁྲམ་པ་གསུམ།། ཡུལ་མི་སྐྱིད་སྡུག་གི་སྣ་འདྲེན་རེད།། དགྲ་མ་ཡོང་གོང་ལ་དོགས་ཟོན།། ཆུ་མ་ཤོར་གོང་ནས་རགས།། དགྲ་མེ་སྟག་གཉིས་དེ་ཆུང་ནས་གསོད།། འགྲོས་ཆེན་རྟ་ཕོའི་འགྲོ་ལམ་དེ། སྲོག་ཆགས་གྲོག་མས་འགོག་མི་ཐུབ།། མགར་བ་རང་གི་རལ་གྲིས་བསད།། མགར་བས་མར་བརྫིས་དཀའ་བ་མཐོང་།། རྫི་པས་ལྕགས་བཟོ་དཀའ་བ་མཐོང་།། མགོ་སླ་དྲགས་ན།། རང་མགོ་ཆུ་འདྲེན་ཡིན།། མགོ་མཐོ་སར་བཏགས།། སྐེ་དམའ་ས་ནས་བཅད།། མགོ་བཀྲུས་ནས་མཇིང་པ་དག་པ་དགོས།། མགོ་མགོ་ཞེང་ཆེ་ལ་ཀླད་པ་མེད།། བྲང་བྲང་ཞེང་ཆེ་ལ་སྙིང་སྟོབས་མེད།། མགོ་ལ་མེ་ཤོར་ཡང་ཕུར་ལོང་མེད་པ།། མགོ་གསེར་སྐུས་བཅག་དང་དབྱུག་པས་བཅག ། རྟེན་བྱིན་རླབས་མེད་ན་འདྲ་འདྲ་རེད།། མགོ་བོ་བཀབ་ཀྱང་།། མཇུག་མ་དོན་པ།། མགོ་རུས་པའི་ཀླད་རྒྱ་མ་ཞིག་ན།། ཁ་གྲུ་བཞིའི་གཏམ་ལ་ཟད་མཐའ་མེད།། མགོ་ཡོད་ནས་མཇུག་མ་ཚང་བ་དགོས།། མགོ་སྟོང་ཕྱི་ལ་ཁྱེར།། ཀླད་རློན་མི་ཡིས་བླུགས།། མགོ་རུལ་རྣ་ཡིས་མི་ཚོར།། ཕུབ་མའི་འོག་གི་ཆུ་དོང་།། མགོ་ཐར་ཙང་དཔུང་པ་ཐར་ཐབས།། མགོ་རྨོག་གིས་བཅག ། ལྷ་དཀོན་གཉེར་གྱིས་བརྡུངས།། མགོ་གཉིས་ཀ་མཚུངས་པ་དགོས།། མགོ་རིལ་རིལ་ས་ལ་མ་བབས་ན།། ལས་བྱ་བ་གཉིས་ལ་བྱས་ཚད་ཡོད།། མགོ་འདྲེན་གྱི་དཔོན་པོ་དང་།། ཡར་འདྲེན་གྱི་བླ་མ།། མགོ་བོ་མི་འོག་དང་།། སྲབ་མདའ་སྒ་འོག ། གོ་མ་ཐོན་ན་དཔོན་པོ་དང་།། གཡོག་མ་བརྒྱུགས་ན་གཡོག་པོ་མིན།། མགོ་ཐོག་གི་བུམ་པ་དང་།། ལྕེ་ཐོག་གི་བདུད་རྩི།། མགོ་གཡུ་བྱུར་རྒྱན་གྱིས་བཏུམས་པ་ལས།། ལས་ཀ་མད་སུམ་ཅུ་ཤེས་པ་དགའ།། མགོ་བོ་བདེ་པོ་བྱེད་དྲགས་ན།། ནམ་ཞིག་རང་གི་ཞྭ་མོ་བརླགས།། མགོ་བོ་བྲག་ལ་བརྡབས་ན།། ཀླད་ཁྲག་ནམ་མཁར་ཐོར།། མགོ་འཚོས་ནས་ཀླད་པ་ལྡག་དགོས།། མགོ་ཆག་པའི་དུམ་བུ་བསྒྲིག་རྒྱུ་དཀའ།། གཡང་ལ་ལྷུང་ན་ཡན་ལག་ག་ནས་ཚང་།། མགོ་ཞོ་འདག་དང་།། སྔོ་གྲོད་པ་གང་།། མགོ་རྨོངས་པས་མ་ཚད།། མིག་ལ་གྲིབ་སྐྱོན་ཕོག ། མགོ་ལ་སྐྱེས་པའི་རྭ་ཅོ་མིག་ལ་ཟུག ། མགོ་རིལ་རིལ་ཐམས་ཅད་གྲྭ་པ་ཡིན་དོགས་མེད།། གྲི་བཏགས་པ་ཐམས་ཅད་བཤན་པ་ཡིན་དོགས་མེད།། མགོ་ལ་འཇུས་ན་སྐྲ་ལོ་སྤར་བ་གང་།། རྐུབ་ནས་འཇུས་ན་ལྷན་པ་སྤར་བ་གང་།། མགོ་ལ་དཔག་པའི་ཞྭ་མོ་དང་།། ཁ་ལ་དཔག་པའི་སོ།། མགོ་བསྟན་སར་སྔས་ཕྱོགས་མ་ལོག་པ།། མགོ་སྤུ་མེད་ལ་རལ་པའི་ཁྲལ།། མོ་བསྒུར་པའི་དགྲ་བོ་ཕམ་མི་འཇུག ། མགོའི་ལྷས་མ་བསླས་ནས།། མཇུག་གི་མདུད་པ་རྒྱག་དགོས།། མགྱོགས་མགྱོགས་བྱས་པས་འགོར་འགོར།། མགྱོགས་པ་དགོས་ན་ལྷོད་དུ་བཅུག ། མགྱོགས་པོ་གཅིག་གིས་མ་དེད་ན།། འགོར་པོ་གཅིག་གིས་མ་ཟིན།། མགྱོགས་པོ་བྱུང་ན་བསྐོར་ནས་ཕྱིན་ཀྱང་འགྲིགས།། མགྲོན་པོར་བསྐྱོད་ཉིན་ལས་ལྟོགས་པ་དང་།། གཟབ་སྤྲོས་སྤྲས་ཉིན་ལས་འཁྱག་པ།། མགྲོན་པོ་གསར་པ་གདན་ལ་བཏིངས།། གུ་ཡོག་རྙིང་པ་མེ་ལ་བུད།། མགྲོན་པོ་རྒྱུས་ཆེ་ཡང་།། བདག་པོ་ཡིན་མདོག་མ་བྱེད།། མགྲོན་པོ་ཡིན་ན་མང་དྲགས།། དམག་མི་ཡིན་ན་ཉུང་དྲགས།། འགྱིངས་ཆེ་ན་སེང་གེ་ཡིན་ཡང་གན་རྐྱལ་ལོག ། འགྱེལ་ཚར་ནས་ལངས་པར་སྔ་ཕྱི་མེད།། འགྱེལ་བའི་སྒང་ལ་རྡོག་བརྫིས།། མུ་གེའི་སྒང་ལ་ཟླ་ལྷག ། འགྱེལ་ཉེན་འདུག་ན་རྟེན་ས་དགོས།། ཁ་མཆུ་རྒྱག་པར་བདེན་པ་དགོས།། འགྲངས་ན་ལྟོགས་དུས་མ་བརྗེད།། དྲོད་ན་གྲང་དུས་མ་བརྗེད།། འགྲངས་པ་གཉིད་ཁུག་ཀྱང་།། ལྟོགས་པ་གཉིད་མི་ཁུག ། འགྲན་ཟླ་གཡག་ལ་བྱས་ན།། རྟ་ཕོའི་རྟིང་རྩ་ཆད་ཡོང་།། འགྲིག་པའི་ཚ་ལ་མ་གཏོགས།། མི་འགྲིག་དཀྲུག་ཤིང་མ་བྱེད།། འགྲུལ་པ་འགྲོ་ཁ་དང་།། ནད་པ་འཆི་ཁ།། འགྲུལ་པའི་འགྲོ་ཚོད་འགྲུལ་པས་མ་བྱས་ན།། གནས་ཚང་རྒྱབ་ལ་ཁྱེར་ནས་འགྲོ་ཐབས་མེད།། འགྲུལ་པ་དགོང་སླེབས་སྡོདཔའི་རྟགས།། ཁ་བ་ཞོགས་བབས་དྲོ་བའི་རྟགས།། འགྲོ་ཕྱོགས་ཡིད་བཞིན་ནོར་བུ་མེད་གྱུར་ན།། གཏམ་ཡིག་རྩིས་ལྐུགས་པའི་བང་ཆེན་རེད།། འགྲོ་དགོས་དཔོན་པོའི་བཀའ་རེད།། སྡོད་དགོས་ཚེ་སྔོན་ལས་རེད།། འགྲོ་ཝ་མོ་ལས་མཁས་ཀྱང་མཇུག་མ་རིང་སྐྱོན།། སྡོད་རི་བོང་ལས་ཙོག་ཀྱང་རྣ་བ་རིང་སྐྱོན།། འགྲོ་ཤེས་ན་རྐང་སྣེ་རྡོ་ལ་མ་ཐུག ། འཕུར་ཤེས་ན་གཤོག་སྣེ་བྲག་ལ་མ་ཐུག ། འགྲོ་ཞུམ་བུ་ལས་མཁས་པ་དང་།། སྡོད་རི་བོང་ལས་ཙོག་པ།། འགྲོ་ན་ཨ་མས་མི་གཏོང་།། མི་འགྲོ་ཨ་མས་མི་འཇོག ། འགྲོ་མི་ཤེས་ལམ་ལྟག་ལམ་འོག་གྱུར།། ཤོད་མི་ཤེས་ཡར་མཐོ་མར་མཐོར་གྱུར།། འགྲོ་མི་དགོས་དམྱལ་བར་ཕྱིན།། འཁྱེར་མི་དགོས་ལྕགས་དོ་ཁྱེར།། འགྲོ་བའི་གྲོགས་ནི་གྲིབ་མ་དང་།། ཤུལ་དུས་ལུས་རྒྱུ་རྐང་རྗེས་རེད།། འགྲོ་འདོད་ན་རྟ་ཕོ་ཆག་གིས་གསོས།། མཁས་འདོད་ན་རིག་པའི་གནས་ལྔ་སྦྱོངས།། འགྲོ་མ་ཤེས་རྐང་འགོ་རྡོ་ལ་བརྡབས།། ཤོད་མི་ཤེས་རྒྱ་གྲོང་མི་ཡིས་བརྙས།། འགྲོ་ལ་མ་འགྲོའི་རྟ་ཕོ་ལས།། བློ་ཐག་ཆོད་པའི་རྐང་ཐང་སྐྱིད།། འགྲོ་བའི་མི་ལ་སྡོད་པའི་བསམ་པ་མེད།། འགྲོ་མ་ཤེས་རྐང་སྣེ་རྡོ་ལ་ཐོགས།། ཤོད་མ་ཤེས་ཚིག་སྣེ་ལྕེ་ལ་ཐོགས།། འགྲོ་བསམ་པ་ཐོག་ཁའི་དར་ལྕོག་གིས།། དར་ཤིང་སྐམ་པོ་བློས་མི་གཏོང་།། འགྲོ་དགོས་པ་ལ་མུན་ནག་པ།། ངུ་དགོས་པ་ལ་སྐད་མེད་པ།། འགྲོ་རོགས་རྨ་བྱ་འཕྲད་ན།། མཐའ་མཇུག་དུག་དང་འཕྲད།། འགྲོ་འགྲོ་འབེལ་ན་སྡོད་ས་ཤོར།། འགྲོ་སའི་ལམ་དང་འཛུལ་སའི་ཁུང་བུ།། རྒན་པས་གང་བྱེད་གཞོན་པས་བྱེད།། གླ་བའི་ཕྲུ་གུས་བྲག་ལ་འཛེག ། རྒན་མོ་གསེར་འཁུར་གྱི་ལམ་མ་གཏོགས།། རྟ་པ་མདུང་འཁྱེར་གྱི་ལམ་མ་རེད།། རྒན་མོ་གསེར་འཁུར་ལམ་བགྲོད་བདེ།། རྒན་པ་རྡོ་རྗེ་བྲག་ལ་ཡོད་།། གཞོན་པ་ང་རྒྱལ་བྱེད་དོན་མེད།། རྒས་ལོང་བྱུང་ན་སྐུ་དཀར་ཡོང་།། རྒས་མོ་འཆི་ཁར་འདར་འཁྲུག་འཁྲུག ། ཕྲུ་གུ་ངུ་ཁར་དགོད་ཚེར་ཚེར།། རྒས་བདེན་མིན་ཐོད་པའི་གཉེར་མར་ལྟོས།། ངུ་བདེན་མིན་མིག་གི་མཆི་མར་ལྟོས།། རྒོད་པོ་མཁའ་ལ་འཕུར་ཡང་།། གྲིབ་མ་ས་ལ་འཕོག ། རྒོད་ཐང་དཀར་ལྟོགས་ཀྱང་།། སྔོན་པོའི་རྩྭ་མི་ཟ།། རྒོད་ཤྰཀྱ་གཤོག་རིང་འདི།། ཕབ་ལེ་གཅིག་གིས་ཟིན་ལེ་མ།། མདའ་སྐྱེན་པོ་ཡོད་ན་གང་འཕངས་རེད།། རྒོད་ཚང་བཙན་རུང་ས་ནག་སྟེང་།། རི་རྒྱལ་མཐོ་རུང་ཉི་ཟླའི་འོག ། རྒོད་ཐང་དཀར་བྲག་རྩེར་བསྡད་ནའང་།། མིག་རྒྱང་གིས་རི་ཀླུང་ཀུན་ལ་མཐོང་།། རྒྱ་མཚོ་ཆེ་ཡང་ཀུ་ཅོ་མ་གྲགས།། ཆུ་ཕྲན་ཆུང་ཡང་ཀུ་ཅོ་ཆེ།། རྒྱ་གར་ལ་རྔ་མ་འགྲོ་གིས་བསམས་ནས།། ར་གཞུག་ལ་ཚོས།། རྒྱ་གར་ཨ་ཙར་ཤི་བའི་རས་གོས་དེ།། བོད་བསྟན་པ་དར་བའི་དར་ལྕོག་ཡིན།། རྒྱ་མཚོའི་གླིང་དུ་མ་ཕྱིན་ན།། ཡིད་བཞིན་ནོར་བུ་ག་ནས་རྙེད།། རྒྱ་མཚོར་ཆུ་ཡུར་མི་ཆགས།། བཀྲེན་པོས་སྦྱིན་པ་མི་གཏོང་།། རྒྱ་མ་མ་བཀྱག་གོང་ནས་མཐོ་འཇོག ། བ་མོ་མཐོང་རྒྱུ་མེད་པའི་མར་དཀྲོག ། རྒྱ་ཆེ་ཆེ་བྱས་ནས་ཆེ་ཆེ་བྱེད།། བརྒྱ་ལུགས་རི་ལ་བཀྲམ་འདྲ་བྱེད།། རྒྱ་མཚོར་མེ་འབར་ན་གསོད་པའི་ཆུ་མི་རག ། རྡོ་ལ་སྤུ་སྐྱེས་ན་བཞར་བའི་གྲི་མི་རག ། རྒྱ་ལ་འགྲོ་བ་ལ་རྒྱུ་དགོས།། རྒྱུ་མ་རྒྱོང་བ་ལ་ཁྲག་དགོས།། རྒྱ་ལྷ་ཁང་གི་དགེ་སློང་བྱེད་པ་ལས།། ཆུ་སུམ་མདོའི་གོ་མག་བྱེད་པ་དགའ།། རྒྱ་མཚོ་འགྲམ་ལ་བཞག ། ཀོ་སྐམ་མཆིལ་མས་སྦངས།། རྒྱ་མཚོའི་ནང་གི་ཆུ་ཐིགས་དང་།། སྐམ་སའི་ཐོག་གི་རྡོ་ཆུང་།། རྒྱ་མཚོ་བཏུངས་ནས་མི་ངོམས།། རི་བོ་བཟས་ནས་མི་འགྲངས།། རྒྱ་མཚོ་ལ་དུག་བཏབ།། རི་བོ་ལ་མེ་བརྒྱབ།། རྒྱ་ཁབ་རྩེ་གཉིས་སྒང་ལ་བྲོ་འཁྲབ།། རལ་གྲི་ཁ་གཉིས་སྒང་ལ་འཁྱེར་བརྒྱབ།། རྒྱ་ཡི་ཇ་ཞན་ལེ་ཡིན་ནམ།། བོད་ཀྱི་ཆུ་ཞན་ལེ་ཡིན།། རྒྱག་རེས་རྒྱག་སར་མ་འགྲོ།། སྣུམ་ཚོང་སར་རྒྱུག ། རྒྱག་དང་མི་རྒྱག་ཐེ་ཚོམ་སོམ་ཉི་མེད།། ཐེབས་དང་མི་ཐེབས་རླུང་རྟའི་སྟེང་ཤོད་ཡིན།། རྒྱག་རེས་ཀྱི་ཁ་ལ་བཀྲ་ཤིས་མེད།། རྒྱགས་ཆེས་པའི་ཕོ་བའི་གཟེར་ཟུག་དེ།། ལྟོགས་མུ་གེས་ཤི་ཡང་མི་དྲན་ནོ།། རྒྱན་ཆ་མེད་ན་ཨ་ནེ་རང་ཤུགས།། རྒྱན་པོའི་སྟོད་དང་།། རྗུད་པོའི་སྨད།། རྒྱན་མེད་མདའ་དེ་ཨ་ཁུ་སྟོན་པ་ཚ།། བརྒྱབ་པའི་ཁ་ལ་མ་ཕོག ། མ་བརྒྱབ་སྣ་ལ་ཕོག ། རྒྱབ་རི་ལྷ་ཤིང་ཤུག་པ་ཡིན་ན།། བསངས་ཤུག་མི་ལ་རེ་དགོས་མེད།། རྒྱབ་ཆག་སྒོས་འདེད་པ་མ་ཤེས་པར།། མདུན་བློ་ཤེད་ཆེ་མདོག་དགོད་རེ་བྲོ།། རྒྱལ་པོ་ལེགས་པ་ལ་འབངས་དང་།། མཆོར་མོ་མཛེས་པ་ལ་རྒྱན་དགོས།། རྒྱལ་ཁ་བློན་པོས་བསྒྱུར།། རྟ་ཁ་སྲབ་ཀྱིས་བསྒྱུར།། རྒྱལ་པོའི་བཀའ་ལས་བློན་པོའི་དབྱུག་པ་བཙན།། རྒྱལ་པོ་ཁྲི་ལ་བཞུགས་ཀྱང་།། སྤྱན་མིག་སྡེ་ལ་གཟིགས།། རྒྱལ་པོས་ཡུལ་འཁོར་སྲུང་།། སེང་གེས་ས་མཐའ་སྲུང་།། རྒྱལ་པོ་མ་བཞེངས་ཁྲི་ལ་བཞུགས།། རལ་གྲི་བཏོན་ཤུབས་ལ་ཆུག ། རྒྱལ་སྲིད་རྒྱལཔོའི་སྐུ་བསོད་དང་།། བདེ་སྐྱིད་བློན་པོའི་ལག་རྩ་ཡིན།། རྒྱལ་བ་ལྔ་པ་ཟེར་ན་ཟླ་བ་ལྔ་པ།། རྒྱལ་པོའི་བཀའ་དང་རི་གཟར་རྦབ།། གྱེན་དུ་ལྡོག་པ་དཔེར་མི་སྲིད།། རྒྱལ་པོའི་སྨྲ་བ་ལན་གཅིག་ཡིན།། བློན་པོའི་འདུ་ར་ཐེངས་གཅིག་ཡིན།། རྒྱལ་སྲིད་རྒྱལ་པོའི་ཕྱག་རྩ།། རྒྱལ་ཁ་བློན་པོའི་སྒྱུར་ཕྱོགས།། རྒྱལ་པོ་ཁྲིམས་དང་ཐམ་གས་འཛིན།། རྒྱལ་པོའི་བཀའ་ཁྲིམས་ནོར་གྱིས་བཤིགས།། སྒོམ་ཆེན་ཕྱག་རྒྱ་ཤིག་གིས་བཤིགས།། རྒྱལ་པོ་ཆགས་པའི་རྟེན་དང་།། ཐེའུ་རང་འཁོར་བའི་ཡོས།། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་།། ཆོས་ཁྲིམས་དར་གྱི་མདུད་པ།། རྒྱལ་པོ་རྒྱལ་གཞིས་བཞག་ནས་འགྲོ། སྤྲང་པོ་བེར་ཀ་བཞག་ནས་འགྲོ།། རྒྱལ་ཁམས་ཕོ་ཕྱེད་མོ་ཕྱེད།། ལུང་པ་རྩྭ་ཕྱེད་ཆུ་ཕྱེད།། རྒྱལ་པོ་རྒྱལ་བཟོད་མི་བདེ་ན།། མོ་ཧྲེང་གཉིད་བཟོད་མི་བདེ།། རྒྱལ་པོ་རྣམས་ནི་ངོ་བསྟོད་དགའ།། དྲང་པོའི་གཏམ་ལ་ཉན་པ་དཀོན།། རྒྱལ་ཁམས་ལོ་ལེགས་བྱུང་ན།། སྤྲང་པོ་འཚོ་བ་བདེ།། རྒྱལ་པོའི་བང་མཛོད་ལ་ཡི་དྭགས་ཀྱི་སེར་སྣ།། རྒྱལ་པོ་ཡུལ་ཤོར་འདོད་དུས་ཁྲིམས་ཁ་མེ་ལས་ཚ།། ཡུལ་མི་དམའ་འབེབས་འདོད་དུས་ཧམ་པ་དགུང་ལས་མཐོ། བརྒྱ་ཐམ་པའི་གྲལ་འགོར་མ་སླེབས་ཀྱང་།། སྟོང་ཐམ་པའི་གྲལ་གཞུག་ཏུ་མ་ལུས་པ།། བརྒྱ་བཤད་སྟོང་ལ་བབས་ཀྱང་།། ཡོས་ལ་བབ་རྒྱུ་རྩམ་པ།། བརྒྱ་ལུག་འཚོ་བའི་རྫི་བོ།། འོག་སྡེ་བའི་དཔོན་པོ།། བརྒྱ་ལུག་བསྐོར་འཚོས།། ལ་ཁར་ཐག་འཚོས།། བརྒྱ་ཐམ་པའི་ཁ་ཁེབས་ཀྱང་།། སྟོང་ཐམ་པའི་མིག་མི་ཁེབས།། བརྒྱད་མེད་པར་དགུའི་གྲབས་གཤོམ།། བརྒྱའི་དཀྱིལ་ནས་བདམས།། སྟོང་གི་དཀྱིལ་ནས་བསྒྲུགས།། བརྒྱ་འདྲེ་ཐེངས་གསུམ་མ་བརྒྱབ་ན།། ཤག་པོ་སྙིང་འདྲ་མི་ཆགས།། བརྒྱ་ཚར་བའི་མདའ་མོར།། ལོག་ཤོག་ཟེར་རྒྱུ་མེད།། བརྒྱབ་འདྲེའི་ཁ་ལ་བཀྲ་ཤིས་མེད།། རྒྱུ་མེད་པའི་མི་དེ་བསམ་རྒྱ་ཆེ།། སྤྲིན་མེད་པའི་གནམ་དེ་ཁ་རྒྱ་ཆེ།། རྒྱུ་ཡོད་ན་ཨ་ཁུའི་ཚ་བོ་རེད།། རྒྱུ་མེད་ན་ཨ་ཁུའི་གཡོག་པོ་རེད།། རྒྱུ་སྐར་ཕྲ་མོ་མ་རྫོགས་བར།། ཐོ་རེངས་སྐར་ཆེན་ཤར་ཐབས་མེད།། རྒྱུ་ཆུ་ལ་བརྟེན་ནས་རྐྱེན་འཁྱག་པ།། རྒྱ་ལ་མི་བལྟ་མི་ལ་ལྟོས།། ཁ་ལ་མི་བལྟ་སེམས་ལ་ལྟོས།། རྒྱུ་ནོར་མེད་པའི་ལྕེ་རྩེ་ལ།། བདེན་དོན་ཚིག་གི་མདུད་པ་ཡོད།། རྒྱུ་བདུག་སྤོས་ངོ་མ་ཡིན་ན།། མིང་སྒྱུར་ཡང་དྲི་བསུང་སྔར་བཞིན་འཐུལ།། རྒྱུ་འགྲོ་སོང་ཆེ་ལ།། དགེ་བ་ཚོགས་མ་བསགས།། རྒྱུ་མིས་བཟོས་པ་ལས།། རྒྱུས་མི་བཟོས་པ་མིན།། རྒྱུ་རྒྱུ་ཐོག་ལ་འཁེལ་བ་མ་བྱུང་ཡང་།། སེམས་སེམས་ཐོག་ལ་འཁེལ་བའི་རེ་བ་ཡིན།། རྒྱུ་ཡོད་ན་བུ་མོ་སྤུན་མཆེད་དང་།། རྒྱུ་མེད་ན་བུ་མོ་དཔོན་གཡོག་ཡིན།། རྒྱུ་མེད་ཀྱང་གྲྭ་སའི་གྲྭ་པ་རེད།། མདོག་མེད་ཀྱང་ཕ་མའི་གཅེས་ཕྲུག་རེད།། རྒྱུ་མེད་ན་ཁྲམ་པ་ཤུགས་ལ་བྱུང་།། ལས་མེད་ན་མི་མཁྱམ་ལོས་ཀྱིས་ཡོང་།། རྒྱུམ་ལུག་ཀྱང་གསོན་པའི་རེ་བ།། ཕར་སོང་ལ་གཏམ་ཚུར་ལྷག ། རྒྱུ་འགྲོ་ས་རྒྱལ་པོའི་བང་མཛོ་དང་།། ཆུ་བབས་ས་ལུང་པའི་སུམ་མདོ།། རྒྱུ་འགྲོ་མི་དགོས་པའི་ལྷ་དབུ་ཆེན་པོ།། རྒྱུ་དྲང་པོས་རྩིས་མ་ཟིན་ན།། ཁ་དར་ལས་འཇམ་ཡང་ཕན་པ་མེད།། རྒྱུ་མ་རློན་པ་གྲིས་མ་ཆོད།། རྒྱུ་མ་རིང་པོས་ལས་མི་ཚར།། རྒྱུག་ར་བྲག་ལ་བྱས་ན།། རྟ་ལས་ར་མགྱོགས།། རྒྱུག་རྒྱུག་རྟ་པོ་བཞིན་དུ་རྒྱུག་དགོས་མ་རེད།། འཁོལ་འཁོལ་འོ་མ་བཞིན་དུ་འཁོལ་དགོས་མ་རེད།། རྒྱུག་ཆུའི་ཤུལ་དུ་ཡུར་བུ་རང་ཤུགས་ཆགས།། ལས་བཟང་སྤེལ་ན་བྱས་རྗེས་རང་ཤུགས་གསལ།། རྒྱུག་རན་དུས་ཨ་ཉག་རྨུག་གུ་ཆད།། འཕེན་རན་དུས་ཧོ་ཐོ་ཤ་ཁ་ལུས།། རྒྱུགས་ཟེར་ན་དམྱལ་བ་དང་།། རྒྱོབས་ཟེར་ན་ཕ་མགོ།། རྒྱུད་ལ་མེད་ན།། བཅོས་ལ་དཀའ།། རྒྱུའི་བདག་པོ་སླེབས་དུས།། སླ་ངའི་ལྷན་པ་བཀོན།། རྒྱུས་མེད་ཀྱི་རྒྱུས་གཏམ་བཤད་ན།། རྒྱུས་ཡོད་གད་མོ་ཤོར།། རྒྱུས་མེད་ལམ་དུ་མ་འགྲོ།། གཡང་སར་ལྷུང་ཉེན་ཡོད།། རྒྱུས་མེད་མི་དེ་ལན་གཅིག་ཕུང་།། སྒ་ཕ་གཞིས་ཡིན་པས་ཉར་དགོས།། ཁལ་མགྲོན་པོ་ཡིན་པས་སླེབས་ཡོང་།། སྒལ་པས་འདྲོངས་ཀྱང་།། རྩིབས་མས་མི་འདྲོང་།། སྒོ་ལྕིབས་འབུས་མི་ཟ།། རྒྱུག་ཆུ་རུལ་མི་སྲིད།། སྒོ་ལུང་མེད་ལ་ལུང་དང་།། རྟ་རྔ་འཛེར་མེད་ལ་འཛེར།། སྒོ་ང་རྐུ་དུས་བཟོ་ལྟ་མ་བཟོས་ན།། བྱ་མོ་འཁྱེར་བའི་རྗེས་ལ་རྟ་ཕོ་འཁྱེར།། སྒོ་ངའི་ནང་གི་སེར་རིལ།། ཨ་ཡོད་ནང་གི་ད་ཡོད།། སྒོ་ང་རྡོ་ལ་གཞུས་ན།། གྱོང་རྡོ་ལ་མ་ཕོག་སྒོ་ངར་ཕོག ། སྒོག་པ་ལྐོག་ལ་བཟས་ཀྱང་།། སྒོག་དྲི་ངོས་ལ་ཁ་བ།། སྒོག་པར་འགྲོགས་ན་དྲི་ངན་བྲོ།། ངན་པར་འགྲོགས་ན་སྐྱོན་གྱིས་བསླུ།། སྒོག་པ་རང་གིས་བཟས་ན་ཁ་ཚ།། མིས་བཟས་ན་མིག་ཚ།། སྒྱུ་མའི་ནོར་ལ་ཆགས་དྲགས་ན།། དངངས་སྐྲག་འཇིགས་གསུམ་རྒྱུན་མི་འཆད།། སྒྱེ་མོ་སྟོང་པས་རང་འཚོ་མ་ཟིན།། སྒྲུབ་པ་འགྲོ་འགྲོ་ཡང་ན་སྲིན་པོའི་ཡུལ་ལ་སླེབས།། འཚེམ་མཁན་འགྲོ་མང་ན་ཕགས་ཧྲུལ་དང་འཕྲད།། སྒྲོན་མེ་འོད་གསལ་ཡང་།། རང་གི་ཞབས་ར་མི་མཐོང་།།

༼ ང ༽

       ང་གཅིག་མིན་ན་སུ་ཞིག་ཡིན།། ང་སྤགས་ལས་བཟོས་པའི་མི་དང་།། ཁྱོད་ལྕགས་ལས་གྲུབ་པའི་ཁྱི་མ་རེད།། ང་འདི་འདྲ་བཟོ་མི་ཨ་མ་དང་།། རི་དཀར་པོར་གཏོང་མི་ཁ་བ་ཡིན།། ང་སྦལ་པ་ས་འོག་ཏུ་ཡོད་ཀྱང་།། བསམ་པ་གླིང་དཀར་སྟོད་ན་ཡོད།། ང་རྒྱལ་བྱ་ན་གྱོང་གུན་ཐོབ།། ཁེངས་སྐྱུངས་བྱས་ན་ཁེ་བཟང་ཐོབ།། ང་རྒྱལ་གྱི་གོང་བུར།། ཡོན་ཏན་གྱི་རྩྭ་མི་སྐྱེས།། ང་རྒྱལ་ཅན་གྱི་ཆུང་མ་ཡིས།། རང་གི་ཁྱོ་བོ་གཡོག་ཏུ་བསྐུལ།། ང་རྨ་བྱ་ཆུ་བརྒལ་མི་སྐྲག་པར།། ཁྱོད་རབ་ཁར་སྡོད་མཁན་སྐྲག་དོན་མེད།། ང་གར་སོང་ནམ་མཁའི་བྱ་དང་འདྲ།། བྱ་གར་འབབ་རང་གི་འདོད་པ་ཡིན།། ང་ཚོའི་བུ་མོ་གྱང་ལ་སྲན་གཏོར་འདྲ།། ཁྱོད་ཚོའི་བུ་ནི་ཞིང་ལ་སོན་བཏབ་འདྲ།། ང་སྡུག་ཁོ་སྡུག་ཤ་འཐེན་པགས་འཐེན།། ང་འགྱེལ་ཉེན་བྱུང་ན་ཁྱོད་ལ་བརྟེན།། ཁྱོད་འགྱེལ་ཉེན་བྱུང་ང་ལ་བརྟེན།། ངུ་དགོས་པའི་དཀའ་ལས་མ་བརྒྱབ་ན།། དགོད་དགོས་པའི་ཟ་མ་ག་ལ་རག ། ངུ་མཁས་ཀྱང་གད་མོ་དང་མི་ནོར་བ་དགོས།། ངོ་ཤེས་པ་ལས་དགའ་བ་མེད།། རྒྱུས་ཡོད་པ་ལས་སྡུག་པ་མེད།། ངོ་དགའ་ངོ་བསྟོད་བྱེད་པ་དེ།། སོ་མེད་རུས་པ་ཆོད་པ་འདྲ།། ངང་པ་མཚོ་ལ་འཇུག་པར་སྟེང་འོག་ཀུན་ལ་བལྟ་དགོས།། ཤྭ་བ་ལ་མོ་རྒྱག་པར་སྔ་བལྟས་ཕྱི་བལྟས།། ངང་པ་མཚོ་ལ་འཇུག་པར།། སྔ་བལྟས་ཕྱི་བལྟས་མི་དགོས།། ངང་པ་ཆུ་ནང་འབྱིང་ལེ་མ།། བདེན་པ་རླུང་གིས་འཁྱེར་ལེ་མ།། ངང་པས་མཚོ་ངོམས་ན།། འུག་པས་བྲག་ངོམས།། ངང་པ་མཚོ་ལ་འཕུར་བར།། ཉ་མོ་སྐྲག་དགོས་མེད།། ངན་པའི་སྦྲང་རྩི་ལས།། བཟང་པོའི་ཆུ་དཀར་དགའ།། ངན་པ་རྒྱགས་ན་ཤིང་ལས་རེངས།། བཟང་པོ་གུད་ན་བལ་ལས་འཇམ།། ངན་པ་རང་ཚོད་མ་ཟིན་ན།། རང་ཉིད་ཕམ་པའི་སྔ་ལྟས་ཡིན།། ངན་པ་བསྐྱངས་ན་བཟང་པོ་བརྡུང་བ་འདྲ།། ངན་པ་ཟས་ཀྱིས་འགྲངས་ན་སྐད་གསང་མཐོ།། མ་རབས་མཐོ་སར་བཞག་ན་ཀུན་ལ་ལྡང་།། ངན་པའི་དཔོ་ལས།། བཟང་པོའི་གཡོག་དགའ།། ངན་པ་རང་བརྩི་ཆེ།། ཁྱི་རྒན་སྐྱག་བརྩི་ཆེ།། ངན་ཁོག་ནང་ཡོད་ཀྱང་།། ཁ་རུ་འཇམ་སྐད་ཐོན།། ངན་པ་ཚར་མ་བཅད་ན།། བཟང་པོ་སྤྲོ་བ་མི་སྐྱེས།། ངན་པས་རང་བསྟོད།། ཁྭ་ཏས་སྒྲོ་བསྟོད།། ངན་པ་དཔོན་དུ་བསྐོས་ན།། རང་གི་སྡེ་ལ་སྡང་།། ངན་པ་ཚར་གཅོད་དང་།། བཟང་པོར་བྱ་དགའ།། ངན་པའི་ཞོར་ལ་རྒྱུག་རྡུང་དང་།། བཟང་པོའི་ཞོར་ལ་ཇ་ཆང་།། ངན་པ་ཁྱིམ་དུ་དྲངས་པ་དེ།། དུག་སྦྲུལ་གདན་ཁར་དྲངས་པ་ཡིན།། ངན་པ་ཁུ་འདུས་མང་པོའི་དཔོན་པོ་ལས།། ཡ་རབས་བཟང་སྤྱོད་ལྡན་པའི་གཡོག་པོ་སྐྱིད།། ངན་པས་སྡེ་དཔོན་བྱེད་པ་དེ།། སྤྱང་ཀིས་ལུག་རྫི་བྱེད་པ་ཡིན།། ངམ་ཤོལ་བྱེ་མས་རྐང་པ་འཚིགས།། དེ་ནས་འམ་བུ་སྤྱང་ལ་ཚུད།། ངན་རིང་དབྱར་ཆོས་ལ་འགྲོ་བར།། བསམ་བློ་དགུན་དུས་ན་ཐོངས།། ངར་མིས་ཕྱག་རྒྱ་བཅའ་རུང་།། སྒོམ་པས་སྙིང་རྗེ་མི་བྱེད།། ངས་ཉིན་མོ་བལྟས་ནས་མ་མཐོང་བར།། ཁྱོད་མཚན་མོ་བལྟས་ནས་ག་ལ་མཐོང་།། མངར་སྐྱུར་ལྐུག་པའི་སེམས་དང་།། བྱམས་སྡང་བྱིས་པའི་ཡིད་ལའང་གསལ།། རྔ་མ་དཀར་དཀར་གཡག་གི་རྒྱན།། ཁ་བ་ཁྲ་ཁྲ་ལུང་པའི་རྒྱན།། མེ་ཏོག་སེར་ཆེན་སྤང་གི་རྒྱན།། རྔ་ཚིག་མ་བརྡུངས།། ཁྱི་ཚིག་མ་ལང་།། རྔ་མདུད་རང་གྲོལ།། སྦྲུལ་མདུད་སྦྲུལ་བཤིག ། རྔ་མོང་སྐེ་རིང་ཡང་།། ལ་རྒྱབ་ཀྱི་རྩྭ་མི་རག ། རྔ་བརྡུངས་རྒྱུ་ཕར་བཞག ། རྔ་ཡོག་ལ་ལག་པ་མ་འཆང་།། རྔ་རྡུང་སྟངས་ལ་གཞིགས་པའི་འཆམ།། རྔ་གོག་བརྡུངས་ན་ཟེར་ཁོག་འཕར།། རྔ་གོག་འདྲ་བའི་མགོ་གཉིས་མ།། དུག་སྦྲུལ་འདྲ་བའི་ལྕེ་གཉིས་མ།། རྔོས་མ་ནས་ལ་ཡང་བརྔོས་དང་།། མི་ངན་ཚིག་ལ་ཡང་བསྐོར།། རྔ་དྲུག་ལ་འགྲོ་བ་ཤེས་པ་ལས།། དྲུག་ཡས་ནས་འགྲོ་བ་མི་ཤེས།། སྔ་བསམ་ཕྱི་མནོ་དང་།། རྗེས་ཡོང་སྔོན་དྲན་དགོས།། སྔ་ལབ་མ་ཉུང་བ་དང་།། ཕྱི་ལབ་མ་མང་བ་དགོས།། སྔ་སྐྱེས་རྣ་མཆོག་དང་།། ཕྱི་སྐྱེས་རྭ་ཅོ།། སྔ་རྗེ་མ་སྤོངས།། ཕྱི་རྗེ་མ་འཚོལ།། སྔ་དྲོ་ལངས་པའི་སྔ་མ་དང་།། ཕྱི་དྲོ་ཉལ་བའི་རྟིང་མ།། སྔ་ཆར་མ་ཆད་པར་དགོང་ཆར་བབས།། སྔ་མ་རྡབ་ཆག་ཤོར་སར།། ཕྱི་མ་གད་མོ་མ་དགོད།། སྔ་དྲོ་བླ་མ་ལས་དལ་བ།། ཕྱི་དྲོ་ཉེ་གནས་ལས་བྲེལ་བ།། སྔར་བསྲོས་པའི་ཉི་མར་དྲོད་མེད་ན།། སླད་བསྲོ་རྒྱུའི་ཉི་མར་དྲོད་མི་ཡོང་།། སྔར་ཐུག་ཆུ་མི་ཉན་པར།། ད་ཇ་ཆུ་ཉན་གྱི་མ་རེད།། སྔར་གྱི་ལམ་དང་།། རྗེས་ཀྱི་ཤུལ།། སྔར་བྱ་ཉལ་ས་ལ།། ད་བྱིའུ་མི་ཉལ།། སྔར་ཁྲལ་མར་ཁལ་ལས།། ཕྱི་ཁྲལ་སྟེང་ཚྭ་ལྗི་བ།། སྔར་དུག་སྦྲུལ་ནག་པོས་སྲོག་བཅད།། ད་ཐི་གུ་ཁྲ་ཁྲར་ཡ་ང་།། སྔར་གཏམ་གོག་པོས་འགྲམ་སོ་བཅག ། སྔར་བྱས་རྒྱབ་བསྐྱུར་དང་།། ཕྱིན་ཆད་པང་ལེན།། སྔོ་ཐམས་ཅད་ཟ་ཉན་དོགས་མེད།། མི་ཐམས་ཅད་བློས་འགེལ་དོགས་མེད།། སྔོན་ཆད་འདྲིས་པའི་གྲོགས་པོར་གཞུང་མ་བསྲངས་ན།། ཕྱིན་ཆད་གྲོགས་པོ་བཙལ་ཀྱང་རྙེད་པར་དཀའ།། སྔོན་ཆད་མེ་ལོང་བྱས་པས་ན།། ཕྱིན་ཆད་ཅི་ཡོང་ཤེས་རྟོགས་ཐུབ།། སྔོན་པོའི་གོས་ཆེན་ལ།། དྲང་པོའི་ཐིག་རྒྱག་དགོས།། སྔོན་ལ་བཏོན་ན་ཇུས་ཡིན།། རྗེས་ལ་བཏོན་ན་འགྱོད་པ་ཡིན།། སྔོན་པོའི་ཆུ་ལ་མེ་འབར།། སེར་རོང་ལྕགས་ལ་འབུ་ཞུགས།། དངོས་སུ་མཐོང་བའི་བྱ་བ་ཡང་།། བདེན་པ་ཡིན་པའི་ངེས་པ་མེད།། དངོས་གྲུབ་མེད་ཀྱང་།། མཛོག་མགོ་གློད་རོགས།། དངོས་ཟོག་ལེགས་ཉེས་བསྡུར་ན་ཤེས།། བྲོ་བ་ལེགས་ཉེས་མྱངས་ན་ཤེས།། དངོས་པོ་ཆེ་ན་སྡུག་བསྔལ་ཆེ།། དངོས་པོ་ཆུང་ན་སྡུག་བསྔལ་ཆུང་།།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005