རྒྱ་གར་དུ་སྔོན་དུས་སློབ་དཔོན་ར་མ་ཤྲ་མས་བརྩམས་པའི་སྙན་ངག་གི་གཞུང་དང་། 《དབྱངས་ཅན་མགུལ་རྒྱན》ཞེས་བྱ་བ་རྣམས་ཀྱི་སྟེང་ནས་སྦྱོང་ཞིང་། ཕྱིས་སུ་སློབ་དཔོན་དབྱུག་པ་ཅན་གྱིས་སྔོན་ཡོད་སྙན་ངག་གི་བསྟན་བཅོས་རྣམས་ཀྱི་དོན་འདུས་ཤིང་དཔེ་བརྗོད་ཀྱི་ཚིག་སྦྱོར་ཤིན་ཏུ་གསལ་བ་《སྙན་ངག་མེ་ལོང་》ཞེས་བྱ་བ་བརྩམས་པ་ནས་བཟུང་། བསྟན་བཅོས་འདི་ཉིད་རྒྱ་གར་གྱི་ཕྱི་ནང་མཁས་པ་ཀུན་ཐུན་མོང་གི་སྙན་ངག་སྦྱང་བྱའི་གཞུང་དུ་བྱེད་དོ།
བོད་དུ་ས་སྐྱ་པནྜིཏ་ཀུན་དགའ་རྒྱལ་མཚན་གྱིས་《མཁས་པ་ལ་འཇུག་པའི་སྒོར》སྙན་ངག་གི་གཞུང་འདིའི་ཚིགས་བཅད་མི་ཉུང་བ་ཞིག་བོད་སྐད་དུ་བསྒྱུར་ནས་བཀོད་པ་ལས། འགྲོ་མགོན་ཆོས་རྒྱལ་འཕགས་པས་ཤོང་ལོ་རྡོ་རྗེ་རྒྱལ་མཚན་ལ་བཀའ་ཕབ་ནས་ཁོང་གིས་ས་སྐྱའི་གཙུག་ལག་ཁང་དུ་པནྜི་ཏ་ལ་ཀྵིམ་ཀ་རའི་མདུན་ནས་《སྙན་ངག་མེ་ལོང་》གི་གཞུང་འདི་ཐོག་མར་ཆ་ཚང་བར་བསྒྱུར་པ་ཡིན་ལ། དེའི་ཕྱིས་སུ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་འགྱུར་བཅོས་དང་འཆད་ཉན་ཡང་ལེཊ་པར་མཛད། དེའི་རྗེས་སུ་ཞྭ་ལུ་ལོ་ཙྭ་བ་ཆོས་སྐྱོང་བཟང་པོས་(རབ་བྱུང་7པ་ཤིང་བྱི་1444—རབ་བྱུང་9པའི་ས་གླང་1529ལོ་བར་)མེ་ལོང་མའི་རྒྱ་དཔེ་རྙིང་པ་དང་འགྲེལ་བའི་རྒྱ་དཔེར་གཏུགས་ཏེ་དག་བཅོས་དང་མཆན་བུ་འགའ་ཡང་འདེབས་པར་མཛད། དེའི་རྗེས་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་(1777)ལོར། སྡེ་དགེ་དཔལ་སྤྲུངས་ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས། སིང་ག་ལའི་གླིང་དུ་སྐུ་འཁྲུངས་པ་ནང་པའི་པཎྚི་ཏ་རཏྣཤྲི་དང་། པཎ་ཆེན་ངག་དབང་གྲགས་པའི་རྒྱ་འགྲེལ་རྒྱ་དཔེ་མ་གཉིས་དང་བསྡུར་ནས་ཞུས་དག་ལེགས་པར་མཛད་པའི་གཞུང་《མེ་ལོང་མ་སྐད་གཉིས་ཤན་སྦྱར》ད་ལྟ་ཁམས་སྡེ་དགེར་སི་ཏུའི་བཀའ་འབུམ་ཁྲོད་དུ་བཞུགས་ཡོད།
སྙན་ངག་མེ་ལོང་མའི་འགྲེལ་བའི་སྐོར་ལ་ཡང་ཆོས་ལུགས་རིས་མེད་ཀྱི་མཁས་པ་མང་པོས་མཛད་པ་མཐའ་ཡས་པར་བཞུགས་ཤིང་། འདིར་དེ་དག་གི་ནང་ནས་གྲགས་ཆེ་བ་འགའ་ཞིག་སྨོས་ན། རྒྱ་འགྲེལ་ལ་གོང་དུ་བཤད་པའི་འགྲེལ་བ་ཁག་གཉིས་དང་། བོད་འགྲེལ་ལ་ཤེང་ལོ་ཙཱ་བའི་ས་བཅད་ཀྱི་ཆིངས་ཙམ་མཛད་པ་(དབྱངས་ཅན་མགུལ་རྒྱན།) དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་རཏྣ་པའི་རྒྱ་འགྲེལ་གྱི་ཚིག་སྣ་བསྡུས་པའི་གཞུང་བཤད་《དཔ་ཊིཀ》ཏུ་གྲགས་པ། སྡེ་པ་རིན་སྤུངས་པ་ངག་དབང་འཇིཊ་གྲགས་ཀྱིས་རབ་བྱུང་དགུ་པའི་མེ་ཁྱི་(1526)ལོ་ར་བརྩམས་པའི་《སྙན་འགྲེལ་མི་འཇིགས་སེང་གིའི་ང་རོ།》རབ་བྱུང་བཅུ་གཅིག་པའི་མེ་ཕག(1647)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི་《སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས》རབ་བྱུང་བཅུ་གཅིག་པའི་པའི་ས་རྟ་(1678)ལོར་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་པར་རྒྱལ་བའི་ལྷས་མཛད་པའི་《སྙན་ངག་མེ་ལོང་གི་བཤད་སྤྱར་དནྜིའི་དགོངས་རྒྱུན》རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་(1770)ལོར་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་སློབ་མ་འབྲུག་ཁམས་སྤྲལ་བསྟན་འཛིན་ཆོས་ཀྱི་ཉི་མས་བླ་མའི་གསུང་རྒྱུན་ལྟར་ཟིན་བྲིས་བྱས་པ་གཞིར་བཟུང་ནས་བརྩམས་པའི་《སྙན་ངག་མེ་ལོང་གི་འགྲེལ་བ་དབྱངས་ཅན་ངག་གི་རོལ་མཚོ།》རབ་བྱུང་བཅོ་ལྔ་པའི་ས་བྱ་(1909)ལོར་སྡེ་དགེ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི་《སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ།》 བཅས་ཡིན་ཞིང་། དེ་དག་གི་ནང་ནས་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་མཛད་པའི་《སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ》ནི། རང་ཉིད་ཀྱི་བླ་མ་སི་ཏུ་པཎ་ཆོས་ཀྱིས་འབྱུང་གནས་ཀྱིས་རྒྱ་འགྲེལ་རྒྱ་དཔེ་མ་གཉིས་ཀྱི་སྟེང་ནས་གསུང་བཤད་གནང་བའི་ཟིན་བྲིས་གཞིར་བཟུང་ནས་བྲིས་པ་ཡིན་སྟབས། སྙན་ངག་མེ་ལོང་གི་འགྲེལ་བའི་ནང་ནས་རྒྱས་ཤོས་སུ་འདུག་པར་མ་ཟད། སྔ་འགྲེལ་རྣམས་ལས་ཆེས་གསལ་ཞིང་ལེགས་བཤད་ཆེ་བས། བློ་གྲོས་ཆེ་བ་རྣམས་ཀྱིས་གཞུང་དེ་གཞུང་དེ་ཉིད་རང་བལྟས་ན་བཟང་ཞིང་། དེ་ལྟར་མ་ནུས་ཀྱང་གོང་དུ་བཀོད་པའི་འགྲེལ་དེ་དག་གི་ནང་ནས་གང་རིགས་པ་ཞིག་གི་སྟེང་ནས་སྦྱོང་བ་གནད་ཆེ་ཞིང་ལེགས་པ་ཡིན་ནོ།
(སྤྱིར་བོད་ཀྱི་མཁས་པ་ཚོས་བརྩམས་པའི་སྙན་ངག་མེ་ལོང་གི་འགྲེལ་བ་དང་། དཔེར་བརྗོད་ཅི་ཡོད་སྐོར་གྱི་དཀར་ཆག་ནི་སློབ་དེབ་འདིའི་མཇུག་ཏུ་བཀོད་ཡོད་པ་དེར་གཟིགས)
(4)གཞུང་འདིའི་གྲངས་ཚད་དང་ནང་དོན་དངོས་གཞི་སྐོར།
གཞུང་འདིའི་གྲངས་ཚད་དང་ནང་དོན་ཙམ་འདུས་སམ་ཞེ་ན། ལེའུ་དང་པོ་ལ་ཤོ་ལོ་ཀ་བརྒྱ་དང་ལྔ། གཉིས་པ་ལ་སུམ་བརྒྱ་དང་རེ་ལྔ། གསུམ་པ་ལ་བརྒྱ་དང་གྱ་དྲུག་སྟེ་ཁྱོན་ཤོ་ལོ་ཀ་དྲུག་བརྒྱ་དང་ང་དྲུག་ཡོད་ཅིང་། ཚིགས་བཅད་རྣམས་ལ་རྐང་པ་རིང་ཐུང་ཅི་རིགས་པར་སྣང་ལ། དེ་དག་གི་དོན་བསྡུ་ན། ལུས་དང་རྒྱན་དང་སྐྱོན་སེལ་གསུམ་དུ་འདུས་པ་ཡིན་ནོ།།
སྐབས་འདིར་སྙན་ངག་གི་ལུས་ཞེས་པ་ནི། རང་གིས་གང་བརྗོད་བྱར་འདོད་པའི་ཁྱད་པར་དེ་དང་ལྡན་པའི་མིང་ཚིག་ཡི་གེ་ཚོགས་པའི་རང་བཞིན་ཅན་གྱི་ངག་གི་རྒྱུན་དེ་ལ་ཟེར་ཞིང་། དེ་འདྲ་བའི་ངག་རྒྱུན་དེ་ཉིད་ལ། དཔེ་རྒྱན་དང་། དོན་རྒྱན། སྒྲ་རྒྱན། གབ་ཚིག་གི་རྒྱན་སོགས་ཉམས་ཕུན་སུམ་ཚོགས་པར་སྦྱར་བ་ནི་རྒྱན་ཞེས་བྱ་ལ། དེ་ལྟ་བུའི་སྙན་ངག་ལ། ཚིག་དོན་ལྔ་ཕྱི་འགལ་བ་དང་འབྲེལ་མ་ཆགས་པ། བསྐྱར་ཟློས་མང་བ། སྒྲོ་འདོགས་གཅོད་མི་ནུས་པ། ཡུལ་དུས་ལུང་རིགས་སོགས་དང་འགལ་བའི་སྐྱོན་སྤངས་པ་ནི་སྐྱོན་སེལ་ཞེས་བྱ་བ་ཡིན་ཏེ། དཔེར་ན། སྙན་ངག་གི་ལུས་ནི་སྐྱེས་བུ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པའི་ལུས་དང་འདྲ་བ་དང་།
སྙན་ངག་གི་རྒྱན་ནི། དེ་འདྲའི་སྐྱེས་བུ་དེར་རྒྱན་གོས་བཟང་པོས་སྤྲས་པ་དང་མཚུངས་ཤིང་། སྙན་ངག་གི་སྐྱོན་སེལ་ནི། དེ་འདྲའི་སྐྱེས་བུ་དེར་བཞིན་རས་ནག་ནོག་དང་། མིག་ལྟ་སྟངས། ཀུན་སྤྱོད། རྒྱན་གོས་ཀྱི་གོ་རིམ་སོགས་སྐྱོན་ཕྲ་མོ་ཙམ་ཡང་སེལ་ན་སྔར་ལས་ཀྱང་མཛེས་ཤིང་ཡིད་དུ་འོང་བར་འགྱུར་བ་དེ་དང་འདྲ་བ་ཡིན་པས། ལུས་རྒྱན་སྐྱོན་སེལ་གསུམ་ནི་སྙན་ངག་གི་གཞུང་འདིའི་བརྗོད་བྱའི་གཙོ་བོ་ཡིན་ནོ།།
དེ་ལྟ་བུའི་སྙན་ངག་གི་གཞུང་འདིའི་འགྲེལ་བཤད་རྒྱས་པ་ནི། བློ་དམན་པ་རྣམས་ཀྱིས་རྟོགས་དཀའ་བའི་ཕྱིར་འདིར་《སྙན་ངག་མེ་ལོང་གི་སྡོམ་ཚིག》ཨ་ཀྱཱ་ཡོངས་འཛིན་གྱིས་མཛད་པ་དང་། 《གཞུང་མེ་ལོང་མ་》རང་ཉིད་དང་། ས་པཎ་གྱི་གསུང་《མཁས་པ་ལ་འཇུག་པའི་སྒོ་》བཅས་སུ་གསལ་བའི་རྩ་ཚིག་གལ་ཆེ་བ་རྣམས་ཕན་ཚུན་གུང་བསྒྲིགས། དེ་སྟེང་རང་ཀྱིས་ཁ་སྐོང་འགའ་ཞིག་ཀྱང་གསར་དུ་བསྣན། གཞུང་མེ་ལོང་མ་རང་ཉིད་དུ་གསལ་བའི་དཔེར་བརྗོད་དང་། དེའི་འགྲེལ་བ། མཚན་གཞི་དཔེར་བརྗོད་གསར་རྙིང་བཅས་ཐད་ཀར་བཀོད་ནས་ཚིག་ཉུང་དོན་གསལ་གོ་སླ་འབྲིང་པོའི་ཚུལ་གྱིས་བཤད་པར་འདོད་དོ།
(5)སྙན་ངག་ཤེས་པའི་དགེ་མཚན།
སྙན་ངག་གི་ཚིག་རྒྱན་སྦྱོར་ཚུལ་ལེགས་པར་ཤེས་ན། སྔོན་རབས་ཀྱི་ལོ་རྒྱུས་དང་། རིག་གཞུང་རྩོམ་པ་སོགས་ལ་ཚིག་དོན་ཡིད་འཕྲོག་པའི་ངག་སྒོ་ཡངས་པོར་བྱེད་ནུས་པ་དང་། རང་རེའི་སྤྱི་ཚོགས་ཀྱི་སྟེང་གི་མི་བཟང་དང་དོན་བཟང་རྣམས་སྙན་ངག་ཏུ་བཀོད་དེ་མེ་ཡི་རིགས་ལ་ཕན་ཐོགས་ཡོད་པའི་ལག་རྗེས་དང་གྲགས་པ་རིང་དུ་གནས་པར་མ་ཟད། སྐྱེ་བོ་མང་བོའི་ཁྲོད་དུ་རིག་གནས་ལས་བརྩམས་ཏེ་གཞུང་བཤད་པ་དང་། སློབ་བུ་རྣམས་ལ་མཛུབ་ཁྲིད་བྱེད་པ། ཕས་ཀྱི་རྒོལ་བ་ལ་རྩོད་པ་དང་ཤགས་འགྱེད་པ། ཐ་ན་གྲོགས་ཕན་ཚུན་དང་འབེལ་གཏམ་གྱི་གླེང་མོ་བྱེད་པ་ཚུན་གྱི་ཚིག་སྦྱོར་སྦེལ་བའི་ཚེ་ཡང་། རང་ཚིགས་སྔ་ཕྱི་འབྲེལ་ཆགས་པ། ཚིག་དོན་གྱི་ཆ་ལ་སྐྱོན་མེད་པ། བློ་མཆོག་དམན་ཀུན་གྱིས་གོ་སླ་བ། ཚོགས་པར་དབྱུང་དུ་མི་རུང་བའི་གྲོང་ཚིག་དང་ཕལ་སྐད་ཀྱིས་མ་བསླད་པ་སོགས་གོང་སྨོས་ཁྱད་ཆོས་དེ་དག་ཚང་བ་ཞིག་ཡིན་ན་ནི་སྙན་ངག་གི་ཉམས་རྩོལ་མེད་དུ་ཐོན་པར་འགྱུར་ལ། དཔེར་ན། གཞན་ཡིད་དགའ་བར་བྱེད་པའི་ཕྱིར་དུ་ཀུ་རེའམ་ངོ་མཚར་བའི་གཏམ་བརྗོད་པས། ཐོས་པ་ཙམ་གྱིས་འཛུམ་དམུལ་བར་བྱེད་པ་དང་། དེ་བཞིན་དུ་གཞན་སྤ་བཀོང་བར་བྱེད་པའི་ཕྱིར་དུ་སྡིཊ་མོ་ལམ་ཚང་འབྲུ་བའི་གཏམ་སོགས་གླེང་ཙམ་གྱིས་སྐྱི་གཡའ་བར་བྱེད་པ་སོགས་ནི་སྙན་ངག་གི་ཚོག་སྦྱོར་འབའ་ཞིག་ལ་རག་ལས་པ་ཡིན་ནོ།།
(6)སྙན་ངག་མི་ཤེས་པའི་སྐྱོན།
སྙན་ངག་གི་གཞུང་འདི་ལ་མ་སྦྱངས་ན། རང་གིས་བསྟན་བཅོས་སོགས་ཇི་བཞིན་རྩོམ་ཚུལ་མི་ཤེས་ཤིང་། གལ་ཏེ་རྩོམ་ན་ཡང་ཚིག་རྒྱན་སྦྱོར་ཚུལ་གྱི་རྣམ་གཞག་མ་ཆགས་པའི་དབང་གིས་སྙན་ངག་མཚན་ཉིད་ཚང་བ་ཞིག་གཏན་ནས་མི་འབྱུང་ལ། གཞན་གྱིས་བརྩམས་པའི་བསྟན་བཅོས་སྙན་ངག་གི་རྒྱན་དང་སྦྱར་བ་རྣམས་ཀྱི་ཚིག་དོན་འགྲེལ་མི་ནུས་པར་མ་ཟད། སྟབས་ཉེས་ན་ཚིག་དོན་གྱི་གོ་བ་ལོག་པར་འགྲེལ་བས་རང་གཞན་ཚང་མར་གནོད་ཅིང་། གཞན་ཡང་སྙན་ངག་གི་ཚིག་རྒྱན་མེད་པའི་གྲོང་ཚིག་རྐྱང་པའི་བསྟན་བཅོས་པོ་ཏི་ལོངས་པ་བརྩམས་ཀྱང་མཁས་པ་ལྟ་ཅི། སེམས་ཡོད་སུ་ཡང་མགུ་བར་མི་བྱེད་ལ། འཇིག་རྟེན་འདིར་རྩེད་མོའི་ཕྱིར་གླུ་གཞས་ཤིག་བཏང་ན་ཡང་། སྙན་ངག་གི་ཉམས་ཡོད་པའི་ཚིག་རྒྱན་ལ་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་བསྟོད་བསྔགས་ཆེས་ཆེར་བྱེད་པ་མངོན་སུམ་དུ་གྲུབ་པས། སྙན་ངག་ཤེས་པ་དང་མ་ཤེས་པའི་དགེ་མཚན་དང་སྐྱོན་ནི་དེ་ལྟར་ཡིན་ནོ།
(7)སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ།
སྐྱེ་བོ་གང་དག་སྐྱེས་སྟོབས་འབར་བའི་ཤེས་རིག་ཆེས་གསལ་བ་དང་། བློ་གྲོས་ཀྱི་རྩལ་ལས་སྙན་ངག་གི་ཚིག་སྦྱོར་ཅི་རིགས་རྩོམ་ནུས་པའི་ངག་སྒོ་ཡངས་པ་ནི་ཐོག་མའི་རྨང་གཞི་ཡིན་ཞིང་། དེའི་སྟེང་འཚོ་བ་དངོས་ཀྱི་ཉམས་མྱོང་མང་པོ་ཡོད་པ་དེ་ཉིད་རང་བཞིན་གྱིས་སྙན་ངག་ལ་མཁས་པར་འགྱུར་བའི་རྨང་གཞི་གཉིས་པ་ཡིན་ལ། དེ་འདྲ་མིན་ན་ཡང་སྔོན་བྱུང་གི་གཏམ་རྒྱུད་དང་། མིང་གི་མངོན་བརྗོད་སོགས་མང་དུ་ཐོས་པ་དང་། གཞུང་ལུགས་སྤྱི་དང་། ལྷག་པར་སྙན་ངག་གི་གཞུང་མང་པོར་ལྟ་རྒྱ་ཆེ་ཞིང་། དེ་དག་གི་དོན་ཡིད་ལ་འདྲིས་པར་བྱེད་པ་དང་། དེ་དང་མཚུངས་པར་རྩོམ་པའི་སྐབས་སྙན་ངག་གི་ཚིགས་བཅད་མང་པོ་དབྱངས་སུ་གྱེར་ནས་ངག་ཏུ་འདོན་བཞིན་པར་རྩོམ་རྩལ་ལ་གོམས་པར་བྱེད་པ་ནི་རྨང་གཞི་གསུམ་པ་ཡིན་ཞིང་། རྨང་གཞི་དེ་དག་ཡོད་ན། ཇི་འདྲའི་དབང་པོ་རྟུལ་བ་ཞིག་ཡིན་ན་ཡང་། སྙན་ངག་ལ་རང་ཤུགས་ཀྱིས་མཁས་པར་འགྱུར་བས་སྙན་ངག་གི་ཚིག་རྒྱན་སྦྱོར་ཚུལ་འདི་ཉིད་དེ་ཙམ་གྱིས་དཀའ་ངལ་ཡོད་པ་ཞིག་མ་ཡིན་ནོ།
སྐྱེ་བོ་གང་ཞིག་སྐྱེས་སྟོབས་ཀྱི་དཔལ་འབར་བའི་ཤེས་རིག་ཆེས་གསལ་བ་དང་། རང་རང་གི་བློ་གྲོས་ཀྱི་རྩལ་ལས་སྙན་ངག་གི་ཤེས་རིག་ཆེས་ལྡན་པའི་ཚིག་སྦྱོར་ཅི་རིགས་རྩོམ་ནུས་པའི་ངག་སྒོ་ཡངས་པ་ནི་ཐོག་མའི་རྨང་གཞི་ཡིན་ཏེ། རྨང་གཞི་དེ་མེད་ན་དཔེ་དེབ་མང་པོ་བལྟས་མྱོང་བ་དང་། སྤྱི་ཚོགས་ཀྱི་འཚོ་བའི་ཉམས་མྱོང་ཕུན་སུམ་ཆོགས་པ་ཡོད་པ་བཅས་གང་ཡིན་རུང་། ར་མགོ་ལུག་གཟུགས་སྦྱར་བ་ལྟ་བུའམ། གཞན་གྱི་ཚིག་སྦྱོར་ནས་བརྐུ་བཤུ་བྱས་པའི་རྩོམ་ཡིག་རེ་ཟུང་ཙམ་ལས། རང་གི་བློ་གྲོས་ཀྱི་རྩལ་ལ་ཐོན་ཞིང་སྙན་ངག་གི་ཉམས་འགྱུར་ལྡན་པའི་རྩོམ་ཡིག་ལེགས་པོ་འབྲི་ཐུབ་པ་ཧ་ཅང་དཀའ་བའི་གནས་ཡིན། གོང་གསལ་གྱི་རྨང་གཞི་དང་པོ་དེ་ཡོད་པ་ཙམ་གྱིས་སྙན་ངག་ལ་མཁས་པར་འགྱུར་རམ་ཞེ་ན། དེ་ཡང་མིན་ཏེ། ད་དུང་རང་ཉིད་ལ་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ཉམས་མྱོང་མང་ཙམ་ཞིག་ཡོད་དགོས་སོ། །དེའི་རྒྱུ་མཚན་གང་ཡིན་ཟེར་ན། སྙན་ངག་གི་ཉམས་དང་ལྡན་པའི་ཚིག་སྦྱོར་ནི། མིའི་རིཊ་ཀྱི་སྤྱི་ཚོཊ་ཐོག་གནས་པའི་འཚོ་བ་དངོས་ཀྱི་ནང་དོན་ཕུན་སུམ་ཚོཊ་པ་རྣམས་རང་གི་བློ་ལ་འཆར་བ་དེ་གཞིར་བཟུང་ནས་དེ་ཉིད་དཔེར་འགོད་པའམ་ཡང་ན་གཟུཊ་སུ་འགོད་པའི་རྣམ་པའི་ཐོག་ནས་ལས་སྣོན་བྱས་ཏེ་མཚོན་པར་བྱེད་པ་ཞིག་ཡིན་ལ། རང་ཉིད་ཀྱིས་ལས་སྣོན་བྱེད་རྒྱུར་མཁོ་བའི་ནང་དོན་ཕུན་སུམ་ཚོཊ་པོ་ནི་སྤྱི་ཚོཊ་ཀྱི་འཚོ་བ་དངོས་ཁོ་ནའི་ཐོག་ནས་འབྱུང་བ་ཡིན་པས། རང་ལ་བློ་གྲོས་ཀྱི་རྩལ་ཅི་ཙམ་ཡོད་པ་དང་། དཔེ་དེབ་ཧ་ཅང་མང་པོ་བལྟས་མྱོང་བ་དེ་ཙམ་གྱིས་འདོད་པ་ཚིམ་མི་འོས་ཏེ། རྩོམ་པ་པོ་མི་གཅིག་ཡིན་ཀྱང་རང་ཉིད་གནས་པའི་འཚོ་བ་དངོས་ཀྱི་ཁོར་ཡུག་ནང་དུ་ཉམས་མྱོང་ཆེ་ཆུང་མི་འདྲ་བའི་དབང་གིས། རང་ཉིད་ལ་ཉམས་མྱོང་ཡོད་པའི་རིཊ་ནང་དོན་དུ་བྱས་ནས་སྙན་ངག་བརྩམས་པ་རྣམས་ཚིག་སྦྱོར་ལེཊ་ཤིང་ནང་དོན་གསོན་ཉམས་ལྡན་པ་འབྱུང་ཡང་། གཞན་གྱི་བརྒྱུད་པའི་ཉམས་མྱོམ་རྣམས་ནང་དོན་དུ་བྱས་ནས་སྙན་ངག་བརྩམས་པ་རྣམས་དེ་ཙམ་གྱི་ཉམས་འགྱུར་ལེཊ་པོ་མི་འབྱུང་བ་ནི། བདག་དང་བདག་འདྲ་བའི་རྩོམ་པ་པོའི་ཉམས་མྱོང་དངོས་ཀྱི་ཐོག་ནས་ཀྱང་ར་སྤྲོད་གསལ་བོ་བྱུང་ཡོད། དེར་བརྟེན་མར་ཁེ་སི་ལེ་ཉིན་རིང་ལུཊ་དང་། བློ་ཐུན་མའོ་ཙེ་ཏུང་གི་རིག་རྩལ་སྐོར་གྱི་གསུང་རྩོམ་མང་པོའི་ནང་དུ། སྤྱི་ཚོཊ་ཀྱི་འཚོ་བ་དངོས་ནི་སྤྱད་ན་རྗོཊ་མཐའ་མེད་པའི་རིག་རྩལ་དང་སྒྱུ་རྩལ་གྱི་འབྱུང་ཁུངས་ཡིན་པ་དང་རིག་རྩལ་དང་སྒྱུ་རྩལ་གྱིས་དེ་ཉིད་མཚོན་པར་བྱེད་སྐབས་གཟུཊ་སུ་འགོད་ཐབས་བྱས་པའི་དངོས་ཡོད་རིང་ལུཊ་དང་། ལས་སྣོན་བྱས་ཏེ་གོང་མཐོར་བཏང་བའི་འཆར་ཡན་རིང་ལུཊ་གཉིས་ཟུང་འབྲེལ་བྱས་པ་ཞིག་ཡིན་ཞེས་གསུངས་པ་དེ་ཚན་རིག་དང་མཐུན་པའི་བདེན་དོན་ཞིག་ཡིན་པར་རིག་རྩལ་དང་སྒྱུ་རྩལ་གྱི་རྩོམ་པ་པོ་ཚང་བློ་ལ་བརྟན་པོར་ངེས་དགོས་པ་ཞིག་ཡིན་ནོ།།
སྤྱིར་སྙན་ངག་ཅེས་པ་ནི། རྣ་བར་སྙན་ཅིང་ཡིད་འཕྲོག་པའི་ཚིག་སྦྱོར་ལ་ཟེར་ཞིང་། དེའི་བསྟན་བཅོས་ལ་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་དང་། གཞུང་དེ་དང་མཐུན་པར་སྦྱར་བའི་སྙན་ངག་གི་བསྟན་བཅོས་གཉིས་ཡོད་པས། 《སྙནངག་མེ་ལོང་》ནི། སྙན་ངག་གི་གཞུང་ཡིན་གྱི་སྙན་ངག་དངོས་མིན་ལ། 《སྐྱེས་རབས་དཔག་བསམ་འཁྲི་ཤིང་》ལྟ་བུ་ནི་སྙན་ངག་ཡིན་ཀྱང་སྙན་ངག་གི་གཞུང་མིན་ནོ། འགའ་ཞིག་ཏུ་སྙན་དངགས་ཞེས་འབྱུང་བ་ནི། སྙན་ངག་གི་ཚིག་སྤྱོར་བཟང་པོ་འབྱུང་བར་བྱེད་པའི་གཞུང་ཡིན་པའི་ཆ་ནས་བཏགས་པ་ཡིན་པས། 《གཞུང་མེ་ལོང་མ》ནི་དས་འཕུལ་ཅན་གྱི་སྙན་དངགས་དང་། 《དཔག་བསམ་འཁྲི་ཤིང་》དང་། 《སྐྱེས་རབས་སོ་བཞི་པ》སོགས་དས་འཕུལ་མེད་པའི་སྙན་ངག་ཏུ་བཞག་ན་ལེགས་སོ། །
《སྙན་ངག་ལ་འཇུག་པའི་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།》 དུང་དཀར་བློ་བཟང་འཕྲིན་ལས།
འབྲུག་མོས་ཞུ་དག་བྱས།