གནའ་གྲོང་དུ་མི་ཆ་མེད་ཅིག་བསླེབས་པ་ནིTཟུང་ཟླ་བ་རེད། Tཟུང་ཟླ་བ་གནའ་གྲོང་དུ་བསླེབས་པའི་དུས་ནི་ས་སྲོད་ཅིག་ཏུ་ཁེལ་འདུག་ལ། སྒྱུ་རྩལ་བརྩམས་ཆོས་ཤིག་གི་ངོས་ནས་བལྟས་ན་“ས་སྲོད”་ཅེས་པའི་དུས་ཚོད་འདི་ལའང་གོ་རྒྱུ་ཆེན་པོ་འདུག་སྟེ། ས་སྲོད་ནི་མཚར་སྡུག་ལྡན་པའི་ཉི་མའི་གཟི་བྱིན་དང་དྲོད་ཁོལ་ཡལ་ནས་ས་ཆེན་པོ་མཚན་མོའི་སྨག་རུམ་གྱི་ཀློང་དུ་ལྷུང་ལ་ཉེ་བའི་དུས་ཡིན། Tཟུང་ཟླ་བ་ཏག་ཏག་དུས་ངན་དེའི་སྐབས་སུ་གནའ་གྲོང་དུ་བསླེབས་ཤིང་། “ཕར་བལྟས་ན་ཆུ་ནི་ཉེ་ལོགས་སུ་འབབ་ཀྱིན་ཡོད”ནའང་། གྲོང་མི་ཚོས་ཆུ་སྤྱོད་ཐབས་མི་ཤེས་པར་ཆུ་མེད་རབས་ལབ་ནས་ཉི་མ་སྐྱེལ་ཐབས་བྱས་ནས་བསྡད་འདུག“གནའ་གྲོང་གི་མི་སུ་ཡིན་རུང་ཆུའི་རིན་ཐང་མི་ཤེས་མཁན་གཅིག་ཀྱང་མེད”པ་བཞིན། ཁོ་ཚོས་རང་གི་རིག་གནས་ལ་གདེང་འཇོག་དང་ལག་ལེན་བྱེད་སྟངས་ནི་ཕྱག་འཚལ་བ་དང་སྐོར་བ་བྱེད་པ་དང་སྔོན་བྱུང་མཁས་དབང་དག་གི་མཛད་རྗེས་གླེང་ནས་གསོལ་འདེབས་བྱེད་པ་སོགས་ལས། རང་ཉིད་རིག་གནས་དང་ལག་ལེན་གྱི་ཉེ་སར་བཅར་ནས་དུས་རབས་ཀྱི་འགྲོས་དང་བསྟུན་པའི་གཏམ་གསར་སུས་ཀྱང་བཤད་མ་མྱོང་།
ཤེས་རིག་གི་འཕེལ་རྒྱས་ཞེས་པ་ནི་དུས་རབས་མི་འདྲ་བའི་ཁྲོད་སྤྱི་ཚོཊ་གནས་བབ་དང་དགོས་མཁོར་བསྟུན་ནས་བྱུང་བའི་ཤེས་རིག་རང་ངོས་ཀྱི་འགྱུར་ལྡོག་ལ་གོ་ན་འགྲིག་ཅིང་། ཤེས་རིག་འགྱུར་ལྡོག་ནི་གཙོ་བོ་གསར་གཏོད་ཀྱི་བསམ་བློའི་སྟེང་ནས་འབྱུང་བ་རེད། ང་ཚོ་གནའ་གྲོང་གི་གྲོང་མི་ཚོ་རང་གི་མེས་པོ་གོང་མ་དག་ལ་ལད་ཟློས་བྱེད་པར་དགའ་ཞིང་གསར་གཏོད་ཅེས་པའི་ཐ་སྙད་འདིའི་འཇུག་ཡུལ་གྱི་བསམ་བློ་ཅན་ཡང་ཉིན་མོའི་སྐར་མ་བཞིན་ཏེ། ལོ་རབས་བརྒྱད་ཅུ་པའི་རྟོགས་སད་པ་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱིས་ཀྱང“མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད”ཅེས་གསུངས། ཟུང་ཟླ་བ་ཐོག་མར་གནའ་གྲོང་དུ་འབྱོར་དུས་ཀྱི་གྲོང་མི་ཚོ་འཚོ་བ་རོལ་རྒྱུར་དཀའ་ཁག་བྱུང་ཡང་འཚོ་བའི་གནད་དོན་ལ་བསམ་གཞིག་མི་བྱེད་པ། “ཕར་བལྟས་ན་ཆུ་བོ་ཉེ་ལོགས་སུ་འབབ་ཀྱིན་ཡོད”ཀྱང་འདྲེན་མི་ཤེས་པ། བྱིས་པ་དག་འགྲམ་དུ་བཞག་སྟེ་ཉོག་གཏམ་གྱི་ཁ་བརྡས་ཉི་མ་སྐྱེལ་བ། སེམས་ན་ཐོབ་ཤོར་གྱི་ན་ཟུག་མེད་པ། ཕོ་མོ་རྒན་གཞོན་ཐམས་ཅད་ཁོམ་ནས་འདུག་པ། ལས་ལ་བརྩོན་ཞིང་རང་གསོ་རང་སྐྱོང་བྱེད་མྱོང་བའི་སྔོན་བྱུང་གོང་མ་དག་གི་གཏམ་རྒྱུད་བཤད་ནས་སེམས་པ་སྐྱིད་ལ་བསྐུར་བ་ལས་རང་ངོས་ནས་ཡར་ལངས་ཀྱི་བསམ་པ་མེད་པ། འདི་དག་ཐམས་ཅད་པོའི་རྩ་བ་རིག་གནས་ལ་ཐུག་ཡོད། མི་ནི་རིག་གནས་ཀྱི་ཐོན་འབྲས་ཡིན་པས་མི་དང་རིག་གནས་ཀྱི་བར་ཐག་ཧ་ཅང་རིང་དྲགས་ན་མི་ལ་གནའ་གྲོང་གི་གདོད་གཤིས་ཡོད་པ་ཆོས་ཉིད་རེད།
དང་པོ《གནའ་གྲོང》གིས་མཚོན་པའི་གནས་བབ།
ཕྱི་གླིང་རྩོམ་རིག་སྒྱུ་རྩལ་པ་གྲགས་ཅན་པེ་ཏུའོ་ཧྥེན་ལགས་ཀྱིས“ངའི་སྒྱུ་རྩལ་གྱིས་དབུལ་ཕོངས་ཚོར་བདེ་སྐྱིད་བསྐྲུན་རོགས་བྱས་ན་སྙམ་པ་ལགས། ཨེ་མ། དེ་ནི་བདེ་སྐྱིད་ཆེ་བའི་བྱ་བ་མ་རེད་དམ། གལ་ཏེ་ང་གནས་ཚད་དེར་བསླེབ་ཉེར་ཡོད་ན། ཅི་འདྲའི་དགའ་བ་ལ་ཨང”ཞེས་གསུངས་པ་ལྟར། རྩོམ་པ་པོ་སུ་ལའང་དེ་འདྲའི་ལྷག་བསམ་རེ་ཡོད་ངེས་ལ། ལྷག་པར་དུ་《གནའ་གྲོང་》གི་རྩམ་པ་པོ་ལྟ་བུར་མཚོན་ན་བརྩམས་ཆོས་ཀྱི་ཁྲོད་དུ་དེ་ལས་ཀྱང་རྒྱ་ཆེ་ཞིང་གཏིང་ཟབ་པའི་བསམ་བློ་ཡོད་པ་ཤེས་ཐུབ། །ཅུང་ཟད་དཔྱད་ན།
གཅིག འཚོ་བའི་གནད་དོན་ལ་བསམ་གཞིག་མི་བྱེད་པའི་གནའ་གྲོང་། སྤྱིར་བཏང་འཇིག་རྟེན་གྱི་མི་སུ་ཞིག་ཡིན་རུང་མིག་སྔའི་རང་གི་འཚོ་བའི་གནད་དོན་ལ་བསམ་གཞིག་བྱེད་པ་ནི་ཆེས་མ་མཐའི་བསམ་གཞིག་གི་ཁ་གཏོད་ཡུལ་ཡིན་ནའང་། གནའ་གྲོང་གི་ཡུལ་མི་ཚོར་མཚོན་ན་རྣང་ཞིང་མང་པོ་ས་རྒོད་དུ་ཤོར་ཞིང་། དེར་བརྟེན་དུད་ཁྱིམ་གང་མང་གི་འཚོ་བར་དཀའ་ཁག་ཆེན་པོ་བྱུང་འདུག་ཀྱང་བསམ་གཞིག་བྱ་ཡུལ་དུ་མ་གྱུར་ལ། བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་བསམ་གཞིག་ལ་དེ་བས་ཀྱང་མི་དགའ། འགྲན་རྩོད་དུས་རབས་ཞེས་པའི་ཚ་ཚ་འུར་འུར་གྱི་གནས་ཚུལ་དེ་ཁོ་ཚོ་དང་རྒྱང་ཐག་ཤིན་ཏུ་རིང་། དེའི་ཕྱིར“ཁོ་ཚོ་ནི་ཞི་འཇཊ་ཀྱི་འཚོ་བ་རོལ་རྒྱུར་དུངས་པ་ཅན་ཤ་སྟག་ཡིན། ཁོ་ཚོ་གནའ་ནས་བཟུང་གོན་པ་ཧྲུལ་བོ་གྱོན་རྒྱུར་ལོབས་ཤིང་། ཚ་ཐབ་ཐོག་ཏུ་ཉལ་ནས་ཁ་བརྡས་ཉི་མ་སྐྱེལ་བའི་གོམས་གཤིས་ཆགས་ཡོད། ”གནའ་གྲོང་གི་རྒད་པོ་ཚོ་ནམ་རྒྱུན་མཉམ་དུ་འཚོགས་དུས་སློབ་གྲྭ་མེད་པའི་བྱིས་པ་ཚོ་འགྲམ་དུ་བཞག་ནས“ཁྱོད་ཀྱི་སྐྱེས་དམན་ལ་རྐུབ་ཆེན་པོ་ཞིག་གདའ། ཁྱོད་ཀྱི་སྐྱེས་དམན་ལ་རྐུབ་མི་ཆེ་ཡང་ལྡེམ་མྱུར་ཆེ་མདོག་རེད”ཅེས་སོགས་དོན་སྙིང་ཅི་ཡང་མེད་པའི་ཉོག་གཏམ་གྱིས་ཉི་མ་བསྐྱལ།
འདི་ནི་དམག་རྟའི་འཚེར་སྒྲ་དང་དཔའ་བོའི་ཀི་སོ་བསྒྲཊ་ཤིང་དཀྱིལ་འཁོར་ཟིལ་གྱིས་མནན་མྱོང་བའི་བཙན་པོ་དག་གི་བུ་རབས་ཚུ་རྒྱུད་དེ། ལྷ་ལུང་དཔལ་རྡོར་གྱི་མདའ་མོ་གཅིག་གི་གདུག་རྩུབ་ཀྱིས་བོད་ཁམས་སིལ་བུར་གཏོར་བའི་མཇུག་འབྲས་ཀྱི་དེ་རིང་གི་འཇིག་ཉེན་ཆེ་བའི་གནའ་གྲོང་རེད། ། ་གནའ་གྲོང་གི་མགོ་ལ་སྐུ་དྲག་མི་དྲག་དག་གིས་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་སྦྱོར་བ་སྤེལ་མྱོང་ལ། རིག་གནས་གསར་བརྗེ་ཆེན་མོས་རིག་གནས་རྩ་རྫོགས་དང་ལྟོགས་སྐོམ་བཀྲེས་གསུམ་གྱི་ཡ་ང་བའི་བྱ་བ་ཡང་སྤེལ་མྱོང་། ད་ལྟ་གནའ་གྲོང་ནི་ཡོད་ཚད་ཀྱི་ལྷག་མ་ཡིན་ལ་དུས་རབས་རྗེས་མའང་ཡིན་འདུག།
གཉིས། ནོར་བུ་རང་ལ་ཡོད་ཀྱང་འཛད་སྤྱོད་མི་ཤེས་པའི་གནའ་གྲོང་། སྤྱིར་བཏང་བོད་རིགས་རང་ས་ན་ཡོད་པའི་ནོར་བུ་ནི་འཛད་སྤྱོད་པ་རང་གིས་བྱས་ན་འགྲིག་མོད། འོན་ཀྱང་ལྷ་ཀླུ་གཉན་གསུམ་གྱི་བསླུ་བྲིད་འོག་ཏུ་ཚུད་པའི་གྲོང་མིའི་ལག་ལ་ད་ལྟའི་བར་དུ་ཅི་ཡང་ཐོབ་མ་མྱོང་། རིག་གནས་དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་ཀྱང་རྩ་བའི་མཐུན་རྐྱེན་འཛོམས་མོད། ཆུང་ངུ་ཙམ་གྱིས་བློ་ཡིད་ཚིམ་སླ་ཞིང་ལེ་ལོ་དང་སྒྱིད་ལུག་ཆེ་བའི་མི་རྣམས་རྨོངས་པའི་སྨག་རུམ་ཀློང་དུ་གཉིད་པའི་དུས་ཡུན་རིང་དྲགས་པས། ལག་ཤེས་རྒན་པོ་དག་གི་རིག་པའི་དབང་རྩ་འཁུམ་ཞིང་ལྗང་ལོ་ལྡེམ་པའི་རྣང་ཞིང་མང་པོ་ས་རྒོད་དུ་ཤོར་འདུག་པ་རེད། །སྒྲུང་གཏམ་གྱི་མི་སྣ་བཟོད་པ་ངོ་ལུག་གིས་བཤད་རྒྱུར“འདི་དག་རེད། ཨ་ཕའི་ཡོ་བྱད་ཆ་ཚང་།ངས་དུས་ཡུན་རིང་ཞིག་ལ་ཁང་བ་འདིའི་སྒོ་ཕྱེ་མ་མྱོང’་ཟེར་བ་དང་། ‘ངས་ཁང་བ་བཟོ་མི་ཤེས་པས་ཡོ་བྱད་འདི་དག་གིས་ང་ལ་ཕན་ཐོགས་མེད’ཟེར། ཡང་ཁོས་‘ཤིང་ཆ། ཤིང་ཆ་ནི་ལས་སླ་བོ་ཞིག་ཡིན’བཟོད་པ་ངོ་ལུག་གིས་ཨ་སྟག་ལ་ཚིག་རྩོད་བྱེད་མཚམས་བཞག་ནས། ལྕགས་ཟྭ་བརྒྱབ་པའི་ཁང་བ་ཞིག་གི་སྒོ་ཕྱེ་རྗེས‘འདི་དག་སྤྱོད་ཆོག་གམ། ཁྱོད་ཀྱིས་ལྟོས་དང་། ཤིང་ཆ་འདི་དག་ལོ་མང་པོར་བཞག་པ་རེད། ཨ་ཕ་འདས་ཤུལ་ནས་ངས་ད་ལྟའི་བར་བསྒུལ་མ་མྱོང’”ཞེས་པས་ཀྱང་། ད་ལྟའི་གནའ་གྲོང་ན་ཕ་ཤུལ་བུ་ཡིས་ཟིན་མེད་པ་དང་། ཆ་རྐྱེན་རང་ལ་འཛོམས་ཀྱང་བློ་བཀོད་རང་ལ་མ་མངའ་བའི་སྐྱ་ཆད་སྔོ་སྡུག་གི་ཚད་འདིར་ལྷུང་བ་རེད།Tཟུང་ཟླ་བས“མིག་སྔར་གྱི་ཤིང་བཟོའི་ཡོ་བྱད་འདི་དག་ལ་བཙའ་ཆགས་ནས་མདོག་སྔོ་ནག་ཏུ་གྱུར་འདུག་མོད། འོན་ཀྱང་བཙའ་ཕྱིས་ཚེ་རྒྱུ་སྤུས་ཤིན་ཏུ་ལེགས་པའི་ཡོ་བྱད་རྐྱང་རྐྱང་དུ་སྣང་ཞིང་། གལ་སྲིད་ཡོ་བྱད་འདི་དག་ཤིང་བཟོ་མཁས་པ་ཞིག་གིས་བེད་སྤྱད་ན་ཁང་བརྩེགས་དགུ་ཐོག་བཟོ་རྒྱུར་གཞན་དྲིང་འཇོག་མི་དགོས་པ་སྨོས་ཅི། ”ཞེས་པའི་བསམ་བློའི་རྒྱབ་ལྗོངས་སུ་གཞན་དྲིང་འཇོག་མི་དགོས་པའི་བོད་ཀྱི་རིག་གནས་རིན་ཐང་ལ་ཚད་མཐོ་བའི་གདེང་འཇོག་བྱས་ཏེ། དེང་གི་བོད་མི་རང་གིས་མ་འཁྱོངས་པ་མ་གཏོགས་སྤྱིར་བོད་ཀྱི་རིག་གནས་རིན་ཐང་ནི་བླ་ན་མེད་པ་ཞིག་ཡིན་ཚུལ་བསྟན། །ཡངTཟུང་ཟླ་བས་ཡིད་འགུལ་ཐེབས་པའི་ངང་“གྲོགས་པོ་བཟོད་པ། ཁྱོད་ཀྱི་ཨ་ཕ་ནི་དངོས་གནས་མི་རླབས་ཆེན་ཞིག་རེད། ཁྱོད་ཀྱིས་ཁོང་གི་རྗེས་བསྐྱངས་ན་སྒོར་མོའི་དཀའ་ཁག་ལ་འཕྲད་མི་སྲིད། ”ཅེས་བཤད་པས། ང་ཚོས་རང་གི་སྲོལ་རྒྱུན་རིག་གནས་ཀྱི་རྗེས་བསྐྱངས་ནས་སོང་ན་དཀའ་ཁག་ལ་འཕྲད་མི་སྲིད་པར་བསྟན་པ་དང་། རང་ལ་རིན་ཐང་གཞལ་དུ་མེད་པའི་རིག་གནས་ཤིག་ཡོད་པ་གོང་གི་སྒྲུང་གཏམ་གྱི་མི་སྣ་བཟོད་པ་ངོ་ལུག་གི་ཤིང་ཆ་བཞིན་བེད་སྤྱོད་མ་བྱས་པར་འདུག་ཅིང་། “ ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ཉམས་མ་ཆོད། ནོར་བུ་གཞན་ལ་ཤོར་དུས། སྙིང་རླུང་སྟོད་ལ་འཚང་བྱུང་། ”འདི་ལྟར་ད་ལྟ་ནོར་བུ་རང་ལག་ཏུ་ཡོད་པའི་གོ་སྐབས་བཟང་བོ་འདི་དམ་འཛིན་མ་བྱས་ན། ནམ་ཞིག་ནོར་བུ་གཞན་གྱི་ལག་ཏུ་ཤོར་རྗེས་འགྱོད་པ་ཅི་ཙམ་སྐྱེས་ཀྱང་སྡིག་གྱོང་ཡིན། འདི་ལྟ་བུའི་གནས་བབ་ལ་ད་ལྟ་ནས་མྱུར་དུ་བསམ་གཞིག་མ་བྱས་ན་ཉེན་ཁ་ཆེན་པོ་འདུག་ཅིང་། གཙོ་བོ་བོད་མི་རེ་རེས་ཤེས་ཡོན་གསར་སྤེལ་གྱི་སྙིང་སྟོབས་དྲག་ཏུ་སྦར་ཏེ་ལམ་ལ་ཆས་རན་རེད།
གཉིས་པ། གནའ་གྲོང་དངTཟུང་ཟླ་བའི་འགལ་འདུ།
རྩོམ་གྱི་མི་སྣTཟུང་ཟླ་བ་ནི་རིག་གནས་དང་དུས་རབས་གསར་བའི་སྤྱི་ཚོགས་ཁྲོད་འོང་བའི་ན་གཞོན་རྟོགས་སད་པ་ཞིག་ཡིན་ལ། ཁོའི་འགྲོ་སྡོད་སྤྱོད་གསུམ་དང་བསམ་གཞིག་བྱེད་སྟངས་སོགས་ཀྱིས་སྒྱིད་ལུག་ལྷིང་འཇགས་ཀྱི་གནའ་གྲོང་འུར་འུར་ཟང་ཟིང་དུ་བཏང་། ། ཁོ་གནའ་གྲོང་དུ་ཐོན་པ་ནས་ཨ་སྟག་དང་རྨོ་མོ་ངོ་ཤེས་ཤིང་། དེ་ནས་བཟུང་ཁོས་རང་ཉིད་དང་ཐོག་གནའ་གྲོང་དུ་བསླེབས་པའི་དམིགས་ཡུལ་མ་ཡིན་པའི་བྱ་བ་གཞན་ཞིག་སྟེ་ཆུ་འདྲེན་འཁོར་ལོ་བཟོ་བའི་འཆར་གཞིའི་འགོ་བརྩམས་བྱུང་། དེ་ནིTཟུང་ཟླ་བར་རིགས་ཞེན་གྱིས་བསླངས་པའི་དྲན་པའི་འཆར་སྒོ་ཞིག་ཡིན་ངེས་ལ། གནའ་གྲོང་གི་རྣམ་པ་དང་དུས་རབས་གསར་བའི་སྤྱི་ཚོགས་གཉིས་བསྡུར་ནས་བལྟས་ན། སེམས་པའི་གཏིང་དུ་གནོན་དཀའ་བའི་ན་ཟུག་ཅིག་མི་སྐྱེ་ཐབས་མེད་དུ་འགྱུར་སྲིད། ། T ཟུང་ཟླ་བས་གནའ་གྲོང་གི་ཆེད་དུ་དཀའ་ཁག་མང་པོ་བརྒྱུད་དེ་ལྷག་བསམ་རྣམ་དག་གིས་ཆུའདྲེནའཁོར་ལོ་བཟོས་ནས་ས་རྒོད་དུ་ཤོར་བའི་རྣང་ཞིང་ཡོད་ཚད་ལྗང་མདོག་ཏུ་བསྒྱུར་འདོད་ཀྱང་། མཐའ་མཇུག་གི་རེ་བའི་རྒྱལ་ཁ་མ་ཐོབ་པར་མ་ཟད། དེ་ལས་ལྡོག་སྟེ་གནའ་གྲོང་གི་སྡེ་མི་ཚོའི་ལག་ནས་གཅར་རྡུང་དང་ཕམ་ཁ་བློ་ཡིད་ལས་འདས་པ་ཞིག་ཉོས།
ཡིན་ནའང་ཁོ་གནའ་གྲོང་དང་གྱེས་ནས་ལམ་ལ་ཆས་པའི་དུས་སུ་ད་དུང་གནའ་གྲོང་ལ་ཡིད་འོང་གི་རེ་སྨོན་མཚར་སྡུག་ལྡན་པ་ཞིག་བློས་བསླངས་བྱེད་བཞིན་ཆས་ཤིང་། འདི་ལས་ཁོ་དང་གནའ་གྲོང་གི་བར་ན་ནམ་ནམ་ཞར་ཞར་ལ་ལྡོག་ཏུ་མེད་པའི་འབྲེལ་བ་དམ་པོ་ཞིག་འདུག་པ་ཤེས་ཐུབ། T ཟུང་ཟླ་བའི་སྔོན་སྐྱོད་ཀྱི་དཔྱོད་ཤེས་དང་ལྷད་མེད་ཀྱི་ལྷག་བསམ་ལ་མཐའ་མཇུག་ཡ་ང་བའི་ཕམ་ཁ་བྱུང་ཚུལ་འདི་ལས། དམ་པ་ཆོས་ཀྱི་རྒྱལ་ཁམས་ཡིན་པར་རློམས་པའི་བོད་ཀྱི་ལྗོངས་ནས་འཛམ་གླིང་ན་དཀོན་པའི་རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་བཙོན་དུ་ཚུད་པའི་སྐྱོ་གར་དྲན་འོང་ལ། ལུང་ཤར་ཚེ་རྒྱལ་ལགས་ཀྱི་མིག་འབྲས་གསོན་པོར་བཏོན་པ་ལ་སོགས་པའི་བག་ཆགས་རྙིང་བས་བསྐྲུན་པའི་འཇིགས་སུ་རུང་བའི་གཏམ་རྒྱུད་དེ་དག་སྙིང་ནས་དྲན་འོང་། བསྐྱར་ཟློས་དང་ཐེར་ཟུག་གི་ལོ་རྒྱུས་རིང་མོས་རྩེད་མཚར་བས་མྱོང་བའི་གནའ་གྲོང་གི་ཡུལ་མི་ཚོའི་བསམ་བློའི་གོ་རྟོགས་ནི་དུས་རབས་གསར་བའི་བློ་མིག་གིས་བལྟས་ཚེ་ད་དུང་གདོད་མ་ན་ལུས་འདུག་པ་གདོན་མི་ཟ། གྲོང་མི་རེ་རེའི་བསམ་པའི་འཆར་སྒོ་ལ་གནའ་ནས་རྒྱུན་བསྲིངས་པའི་གནའ་གྲོང་གི་ཡུལ་སྲོལ་གོམས་གཤིས་ཞེས་པའི་བག་ཆགས་རྙིང་བའི་ལྕགས་ཟྭ་མཁྲེགས་པོ་རེ་བརྒྱབ་ཡོད་ངེས་ཏེ། ཁོ་ཚོས་མིག་གིས་ལྟ་ས་གནའ་གྲོང་གི་ཡུལ་སྲོལ་གོམས་གཤིས་ཡིན་ལ། རྣ་བས་ཉན་ས་ཡང་གནའ་གྲོང་གི་ཡུལ་སྲོལ་གོམས་གཤིས་ཡིན་པ་དང་། ཡུལ་སྲོལ་གོམས་གཤིས་ནི་གནའ་གྲོང་གི་བྱིས་པའི་སློབ་གསོ་ཡིན་ལ། གནའ་གྲོང་གི་ཡོད་ཚད་གཏན་ལ་འབེབས་པའི་བཅའ་ཁྲིམས་ཀྱང་ཡིན་འདུག། མདོར་ན་གནའ་གྲོང་གི་དད་མོས་བྱེད་སའི་ཐུབ་བསྟན་ཆོས་ལུཊ་ཞེས་པ་དེ་ཡང་ད་ལྟའི་དུས་སུ་ཡུལ་སྲོལ་གོམས་གཤིས་ཤིག་ཏུ་གྱུར་འདུག་སྟེ། བུ་ལ་ཆོས་དད་ཡོད་ཅེས་པ་ནི་ཕའི་དུས་ནས་ཆོས་དད་བྱེད་པས་ཡིན་པ་ལས་ཆོས་ཀྱི་རྒྱུ་མཚན་ཅི་ཡང་མི་ཤེས་པ་ལྟ་བུ་རེད། གལ་ཏེ་སུ་ཞིག་གིས་ཁོ་ཚོའི་ཡུལ་སྲོལ་གོམས་གཤིས་དེ་དག་ལ་བརྩི་བཀུར་དང་མགོ་བོ་སྒུར་སྒུར་མ་བྱས་ཚེ། Tཟུང་ཟླ་བས་མཚོན་པའི་ལུང་ཤར་ཚེ་རྒྱལ་དང་ཨ་མདོ་དགེ་ཆོས་སོགས་ལྟ་བུའི་ཕམ་ཁ་དང་སྡིག་གྱོང་རེག་ངེས་རེད།Tཟུང་ཟླ་བས་མཚོན་པའི་རྟོགས་སད་པ་དག་གིས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བྱ་གཞག་འགའ་སྐྱོང་རྩིས་བྱས་ཀྱང་། བག་ཆགས་རྙིང་བའི་གོམས་གཤིས་ཀྱིས་བློ་མིག་བསྒྲིབས་པའི་གནའ་གྲོང་གི་ཡུལ་མི་དག་གིས་དང་ལེན་མི་བྱེད་པར་མ་ཟད། ཡ་ང་བའི་སྦྱོར་བ་སྣ་ཚོགས་སྤེལ་ཏེ། དཔེར་ན“ཁྱོད་གཉིས་བདེ་མོ། Tཟུང་ཟླ་བས་སྙིང་ཉེའི་ཚུལ་དུ་ལག་པ་ཕར་བསྲིངས”བ་དེའི་ལན་དུ་ཁོ་ཚོས“སྐོབས་རྒན། ལྔ་སྐྲང་དྲུག་འབུར་ཉོ་འདོད་དམ”ཟེར་ནས་གནའ་གྲོང་གི་གསར་བུ་དེ་དག་གིསTཟུང་ཟླ་བ་ཁྲག་དམར་གྱི་ནང་ནས་བསྒྱེལ་བ་ལྟ་བུ་རེད། དེ་བཞིན་དུ་བོད་ལ་རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་ལྟ་བུ་བྱུང་མྱོང་ཡང་། ཁོང་གི་རླབས་ཆེ་བའི་བསམ་བློ་གསར་བའི་ས་བོན་སའི་གཤིན་ས་ལེགས་པོ་ཞིག་གཞི་མ་གྲུབ་པས“འཛམ་གླིང་ན་དཀོན་པའི་བེེཊཱུརྱའི་བུམ་པ་རྡོ་ལ་བརྡབས”པ་ལྟ་བུའི་སྐྱོ་གར་བྱུང་བ་རེད། རྒྱ་ནག་གི་ཉེ་རབས་རྩོམ་པ་པོ་ཡུས་ཧྥུ་ལགས་ཀྱི་“རླབས་ཆེན་གྱི་མི་སྣ་བྱུང་མ་མྱོང་བའི་མི་རིགས་ནི་འཛམ་གླིང་སྟེང་ཆེས་སྙིང་རྗེས་བའི་སྐྱེ་འགྲོའི་ཚོགས་ཤིག་རེད་ལ། རླབས་ཆེན་མི་སྣ་བྱུང་ཡང་དེར་བརྩི་བཀུར་དང་དགའ་ཞེན། ཡིད་སྨོན་བཅས་མི་བྱེད་པའི་རྒྱལ་ཁབ་ནི་རེ་བ་མེད་པའི་བྲན་གཡོག་གི་རྒྱལ་ཁབ་རེད་”ཅེས་གསུང་མྱོང་། Tཟུང་ཟླ་བ་གནའ་གྲོང་དུ་བསླེབས་པ་ནས་གྱེས་པའི་བར་དུ་གྲོང་མི་སུ་ཞིག་གིས་ཁོས་གནའ་གྲོང་ལ་བཅངས་པའི་ལྷག་བསམ་ཤེས་ཡོད་དམ། སློབ་གྲྭ་འཛུགས་པ་དང་ཆུ་འདྲེན་འཁོར་ལོ་བཟོ་བ་སོགས་ནི་གནའ་གྲོང་ལ་ནམ་ཡང་མེད་དུ་མི་རུང་བའི་འཚོ་གནས་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་ནའང་། Tཟུང་ཟླ་བའི་བསམ་བློར་དགའ་ཞེན་དང་བརྩི་བཀུར་བྱེད་པའི་མི་བུ་ཞིག་གནའ་གྲོང་ན་ཡོད་སྲིད་དམ། T ཟུང་ཟླ་བར་མཚོན་ན་གནའ་གྲོང་ནི་ལྷག་བསམ་རྣམ་དག་གིས་ཞེ་འཐོག་ས་ཞིག་ཡིན་ནའང་། གནའ་གྲོང་གི་སྡེ་མི་ཚོའི་སྣང་ངོར་ཁོམནི་གནའགྲོང་ལ་གནོད་འཚེ་བྱེད་པའི་དོགས་ཟོན་ཉེས་ཅན་ཞིག་ཏུ་གྱུར་འདུག། འོན་ཀྱང་གནའ་གྲོང་གི་མི་རྣམས་ཆང་རག་གིས་བཟི་ནས་སར་འགྱེལ་མྱོང་བ་མ་གཏོགས། T ཟུང་ཟླ་བ་བཞིན་འགན་འཁྲི་དང་བསམ་གཞིག་གི་ཁྲོད་ནས་སར་འགྱེལ་མ་མྱོང་བས་གནའ་གྲོང་གི་ས་རྡུལ་ལས་ཀྱང་ཡང་བའི་རྩྭ་ཆག་རྩི་སྙིགས་དང་། དེ་ལས་གཞན་པའི་གནད་དོན་ཕྲ་མོ་དག་གཏན་ནས་མཐོང་མི་སྲིད། དེ་ནིT ཟུང་ཟླ་བ་དང་གནའ་གྲོང་གི་ཡུལ་མིའི་བར་ལ་འབྲེལ་འདྲིས་བྱུང་ཐབས་མེད་པའི་འགལ་རྐྱེན་གཙོ་བོ་ཡང་ཡིན་ངེས།
གསུམ་པ། ཐབས་ཟད་པའི་གྱེས་ཕྱག་དང་ཡིད་འོང་གི་ཕྱི་མིག
Tཟུང་ཟླ་བས་གནའ་གྲོང་གི་གནས་སྟངས་ལ་ཅི་འདྲའི་སེམས་ཁུར་བྱས་ཀྱང་ཁོའི་སེམས་ཁུར་དེ་ཨ་སྟག་དང་བཟོད་པ་དང་རྨོ་མོ་བཅས་ཉེ་འཁོར་གྱི་མི་དེ་ཚོས་མ་གཏོགས་གནའ་གྲོང་གི་ཡུལ་མི་སུས་ཀྱང་གསལ་བོར་ཤེས་ཀྱིན་མེད། དེའི་ཕྱིར་ཁོ་གནའ་གྲོང་ནས་ཡུན་རིང་འདུག་པའི་འདུན་པའང་རིམ་བཞིན་ཉམས་པར་གྱུརTཟུང་ཟླ་བས་ནུས་ཤུགས་ཡོད་རྒུ་བཏོན་ཀྱང་གནའ་གྲོང་གི་ཡུལ་མིའི་བསམ་བློའི་གཤིན་ས་ནས་ཁོའི་རེ་བའི་ས་བོན་ལ་མྱུ་གུ་འབུས་མི་ནུས་པ་ཤེས་ནས་གནའ་གྲོང་དང་མི་གྱེས་ཐབས་མེད་བྱུང་། དེ་ཡང་ཁོ་ཨ་སྟག་ལ་ཅི་འདྲ་དགའ་ནའང་མཉམ་དུ་འགྲོགས་ཐེབས་མེད་པའི་གནས་ལུགས་དང་མཚུངས། ། སྤྱིར་བཏང་སྔོན་ཐོན་མི་རིགས་དང་རྒྱལ་ཁབ་གཞན་གྱི་འཚོབའི་གནས་བབ་དང་བསྡུར་ཏེ་གནའ་གྲོང་གི་འཚོ་བའི་གནས་ཚུལ་ལ་བལྟས་ནTཟུང་ཟླ་བ་བཞིན་ཀུན་གྱི་སེམས་ནས་བཟོད་པར་དཀའ་བ་ཞིག་ཡིན་མོད། འོན་ཀྱང་གནའ་གྲོང་གི་ཡུལ་མི་ཚོ་དེ་ལས་ལྡོག་སྟེ“སྣང་བ་སྐྱིད་པ་གཅིག སྣང་བ་སྐྱིད་པ་གཉིས”ཟེར་ནས་གནས་བབ་དང་མི་རན་པའི་སྤྲོ་གཞས་ལེན་བཞིན་འཐོམ་སྦྲིད་དུ་གྱུར་འདུག
འདོད་འདུན་དང་དྲན་འཆར་ཡོད་ཚད་རྒྱུ་མཚན་མེད་པའི་སྤྲོ་སྣང་སྟོང་བ་ཞིག་གིས་དམ་ལ་བཏེགས་ཤིང་། བག་ཆགས་རྙིང་བའི་གོམས་གཤིས་དང་རང་བདག་རང་གིས་བརྗེད་པའི་རྐུན་པོས་མི་རིགས་ཤིག་གི་སེམས་ཀྱི་ན་ཟུག་དང་ཤེས་རབ་གསར་བའི་སྐྱེ་སྒོ་རྩ་བ་ནས་བཅད་པས། གནའ་གྲོང་འདི་གྲག་མེད་འགུལ་མེད་ཀྱི་ཀློང་ན་རྒུད་པ་ཆེན་པོའི་རྐན་གཟར་ནས་ལྟུང་གིན་འདུག་མོད། འོན་ཀྱངTཟུང་ཟླ་བས་སྙིང་ཉེ་བའི་ལག་པ་ཕར་བསྲིངས་པའི་མཇུག་འབྲས་སུ་དམར་པོ་ཁྲག་གི་དོན་རྐྱེན་བྱུང་བ་ནི་ཅི་འདྲའི་བློ་ཡིད་ལ་མི་ཤོང་བ་ཞིག་རེད་ཨང་། །
སྡེ་མི་རྣམས་སྔར་བཞིན་རྒྱུ་མཚན་མེད་པར་སྤྲོ་སྣང་གིས་ཁེངས་ནས་སྐོར་བྲོ་འཁྲབ་ཀྱིན་ཡོད་ལ། T ཟུང་ཟླ་བ་གནའ་གྲོང་དང་གྱེས་པར་མཉམ་འཇོག་ཡེ་ནས་བྱེད་ཀྱིན་མེད་པས། ཁོ་ཚོསTཟུང་ཟླ་བ་གནའ་གྲོང་དང་གྱེས་པའི་རྒྱུ་རྐྱེན་ལ་ཡང་བསམ་གཞིག་བྱེད་མི་སྲིད་། ཡིན་ནའང་། Tཟུང་ཟླ་བ་ཁ་ཕྱིར་འཁོར་ནས་གནའ་གྲོང་གི་མཚན་ལྗོངས་ལ་མིག་དབང་འཆོར་ལ། སེམས་སུ་ཨ་སྟག་དང་བཟོད་པ་ངོ་ལུག་གཉིས་ལག་པ་འཇུས་ནས་མེ་ཕུང་སྐོར་བྲོའི་ཁྲོད་དུ་ཞུགས་ཤིང་། རྨོ་མོས་ཀྱང་ཁོ་གཉིས་ཀྱི་རྣམ་པར་བལྟས་ཏེ་གདོང་ལ་འཛུམས་མདང་ཀྱིས་ཁེངས་པའི་འཆར་སྣང་སྐྱེས་འདུག། Tཟུང་ཟླ་བ་དང་ཁོ་ལྟ་བུའི་མི་བུ་མང་པོའི་སེམས་སུ་དེ་འདྲའི་མཛེས་སྡུག་གི་སྟོང་བསམ་འཆར་མྱོང་མོད། འོན་ཀྱང་སད་དཀའ་བའི་གནའ་གྲོང་གི་ཡུལ་མི་རྣམས་ཀྱིས་དེ་དག་གཅིག་ཀྱང་དང་ལེན་བྱས་མ་མྱོང་། དེའི་ཕྱིར་གནའ་གྲོང་སྔར་བཞིན་ཆུ་མེད་པའི་གནའ་གྲོང་ཡིན་ལ། ས་ཞིང་མང་བོ་ས་རྒོད་དུ་ཤོར་བའི་གནའ་གྲོང་ཡིན། སློབ་གྲྭ་དང་སྨན་ཁང་མེད་པའི་གནའ་གྲོང་ཡིན་ལ། འཕེལ་རྒྱས་ཅི་ཡང་མེད་པའི་གནའ་གྲོང་ཡིན་འདུག།
བཞི་བ། འགྱོད་བཤགས་དང་སྤྱི་སྡོམ།
《གནའ་གྲོང》ཞེས་པའི་སྒྲུང་འབྲིང་འདི་ནི་ཁོ་བོས་བཀླཊ་མྱོང་བའི་བོད་ཀྱི་སྒྲུང་གཏམ་དག་ལས་ཆེས་ལེགས་ཤོས་ཀྱི་གྲས་སུ་བགྲང་ཆོག་སྙམ་ནས་དཔྱད་པ་འདི་འབྲི་བའི་ཀུན་སློང་སྐྱེས། དེ་ཡང་རང་ཉིད་གཅིག་པུའི་འདོད་ཚུལ་ཡིན་ཟེར་རྒྱུ་མ་གཏོཊ་གཞན་ལ་དེ་འདྲའི་བསམ་པ་ཡོད་མེད་མི་ཤེས། ། སྒྲུང་གཏམ་འདི་ལ་ཆེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་གང་རེད་ཟེར་ན། ངས་བལྟས་ན་གཏམ་རྒྱུད་ཀྱི་བྱུང་རིམ་ཕལ་བར་བཞག་པའི་ལྷུག་བརྗོད་ཀྱི་འབྲི་ཐབས་སྤྱད་ཡོད། དེ་ནི་སྒྲུང་གཏམ་འདིའི་གཞན་ལས་འབུར་ཐོན་ཁྱད་ཆོས་ཀྱང་ཡིན་པར་སྙམ་མོད། འོན་ཀྱང་ང་ལ་མཚོན་ན། Tཟུང་ཟླ་བའི་ལས་དབང་ལས་འཕྲོས་པའི་སྒྲུང་གཏམ་འདིའི་བསམ་བློའི་ནང་དོན་ནི་དེ་ལས་ཀྱང་དོ་སྣང་བྱེད་རིན་ཡོད་པར་འདོད་དེ། དེ་ནི་རང་རེས་དོགས་ཟོན་བྱེད་འོས་པའི་གནད་དོན་གལ་ཆེན་ཞིག་རེད་བསམ་པ་ཡིན། སྤྱིར་བཏང་སྒྲུང་འབྲིང《གནའ་གྲོང》གི་སྤྱི་བམ་ནས་བལྟས་ན། རྩོམ་པ་པོ་ལགས་ཀྱིས་བརྗོད་པར་འདོད་པའི་བསམ་བློའི་སྙིང་བོ་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱོགས་སུ་ལྷུང་བ་ཤུགས་དྲགས་པར་སྣང་ཡང་། འོན་ཀྱང་བདག་གིས་དུས་རབས་ཀྱི་གནས་བབ་དང་དགོས་དབང་ལ་དམིགས་ནས་གོ་བ་བླངས་ཡོད་པས་རིག་གནས་གསར་བའི་ཕྱོགས་སུ་ལྷུང་བ་ཤུགས་དྲགས།
རྒྱ་ནག་གི་ལྕགས་ཕག་ལོའི་རིག་གནས་གསར་བའི་དཔུང་འདྲེན་པ་ལུའུ་ཞུན་ལཊ་ལ་ཡང་སྐབས་དེའི“ཤེས་ཡོན་རྒན་པོ”དག་གིས་ངོ་རྒོལ་བྱས་མོད། འོན་ཀྱང་ལུའུ་ཞུན་གྱི་བསམ་བློར་རྒྱབ་སྐྱོར་བྱེད་མཁན་ཡང་བྱུང་བས་ཁོTཟུང་ཟླ་བ་བཞིན་ཕམ་ཁ་རྐྱང་རྐྱང་ཉོས་ནས་རང་གི་རྒྱལ་འབངས་དང་གྱེས་པའི་སྐྱོ་གར་ལོ་རྒྱུས་མ་བྱུང་། དེ་ནི་གནའ་གྲོང་གི《ར་ལོ》དང་རྒྱ་ནག་གི《ཨQ》གཉིས་ཀྱི་མི་འདྲ་ས་ཡིན་ལ། Tཟུང་ཟླ་བ་དང་ལུའུ་ཞུན་གཉིས་ཀྱི་མི་འདྲ་ས་ཡང་རེད། 《གནའ་གྲོང》རྩོམ་པ་པོ་རིག་ལྡན་རྒྱ་མཚོ་ལགས་ལ་གསལ་བཤད་དང་དགོངས་དག་ཞུ་འདོད་པ་ནི། ཉིད་ཀྱི་བརྩམས་ཆོས་འདིའི་ནང་གི་བསམ་བློའི་སྟུག་ཚད་ནི་གཏིང་ཟབ་པ་ཞིག་རེད་མོད། འོན་ཀྱང་བདག་གིས་སྐབས་འདིར་ཤེས་ཡོན་གསར་བའི་ཕྱོགས་སུ་ལྷུང་བ་ཤུགས་དྲགས་པའི་སྒོ་ནས་བྲིས་པ་ཡིན་པས《གནའ་གྲོང》གི་བསམ་བློའི་ཟུར་ཙམ་ལ་མ་གཏོགས་རྒྱས་ཞིབ་ཀྱིས་བསམ་བློའི་དཔུང་འཇུག་བྱས་མེད་པར་དགོངས་དག་ཞུས་པ་དང་། Tཟུང་ཟླ་བ་གནའ་གྲོང་དང་གྱེས་པ་སྡེ་མི་ཚོས་ཡེ་ནས་ཚོར་གྱིན་མེད་ནའང་། བདག་གིས་གདུང་སེམས་ཆེན་པོས་ཁོ་ལ་འགྱོད་བཤགས་བྱེད་བཞིན་རྗེས་ཕྱོགས་གོ་སྐབས་བྱུང་ན་རྒྱས་པར་འབྲི་བའི་འདུན་པ་དང་བཅས་ཏེ་རྩོམ་ཐུང་འདིའི་མཇུག་རེ་ཞིག་གྲུབ་པར་བྱས་སོ།།