| མཐོ་ཞིང་གཟར་བའི་བྲག་རི་གུ་དོག་པ་གཉིས་ཀྱི་བར་དུ་རླབས་ཕྲེང་མཁའ་རུ་རྩེན་པའི་གཙང་པོའི་བཞུར་སྒྲ་བྲག་ཅར་མཆེད་ཅིང་། དུས་བཞིར་དྲོ་འཇམ་གྱི་ཉི་འོད་ཕོག་དཀའ་བའི་སྲིབ་ངོས་ཀྱི་རི་སྒང་དམའ་མོ་ཞིག་ཏུ། ཚེར་སྡོང་སྟུག་པོར་རྒྱས་པའི་ཕྱོགས་བཞིར་དར་ལྕོག་སྣ་ཚོགས་རླུང་གིས་ལྷབ་ལྷུང་གཡོས་ཏེ་མྱ་ངན་གྱི་རོལ་དབྱངས་དཀྲོལ་ལ། ཉེ་འགྲམ་གྱི་ས་སྟོང་ཆུང་ངུ་ཞིག་ཏུ་མི་གཅིག་ཙམ་ཤོང་བའི་གནས་སུ་བྲག་རྡོ་ལེབ་མོ་བཏིངས་ཤིང་། མཐའ་སྐོར་དུ་ལྕགས་ཕུར་ཆེན་པོ་རེ་བརྡབས་པའི་ཨ་ལུང་ལ་སྦོམ་ཞིང་མཁྲེགས་པའི་འཆིང་ཞགས་དྲངས་པའི་ཟུར་སྣེ་རུ། རྣོ་དབལ་ལྡན་པའི་ཡུ་རིང་གྲི་ཆེན་དང་། ལྕགས་ཀྱི་ཡུབ་ཅན་གྱི་སྟ་རེ་དང་ཐོ་བའི་ཁ་རུ་ཁྲག་དམར་འཛེག་ཅིང་། ནང་ཁྲོལ་དང་རྒྱུ་མས་ཚེར་མའི་ཕོན་པོར་རྨུ་ཐག་རིང་མོ་ཞིག་འཐེན་པར་མ་ཟད། མགོའི་སྐྲ་དང་། ཀླད་ཞོ། རུས་པ། ཤ་རྡོག་བཅས་གང་སར་གཏོར་ཏེ་བྱ་གཡེང་ལ་སྦྱིན་པའི་དངོས་གྲུབ་བསྩལ་བས། རྒྱང་རིང་ནས་ཆས་པའི་བྱ་རྒྱལ་རྒོད་པའི་ཁྱུ་གཅིག་ཨག་སྐད་དང་བཅས་མར་བབས་ཏེ་བེམ་རོ་སྐམ་པོར་ཁྲག་དམར་བཏོན་ནས་འཕྲོག་རྩོད་བྱེད་པའི་ངང་ཚུལ་ལ་བལྟས་ན། འཇིགས་སུ་རུང་བའི་གངས་རིའི་དུར་ཁྲོད་ཚེར་མའི་སྒང་ཡིན་པ་འཁྲུལ་མེད་དུ་རློམ་པས། གློག་རྡེག་ཏུ་སེམས་སུ་འཇིགས་སྔངས་སྐྱེས་བཞིན་ངག་འདར་འདར་དང་། ཉྭ་ཞུམ་ཞུམ། སྐེད་པ་སྒུར་སྒུར། མིག་མདངས་རབ་རིབ་བཅས་ཀྱིས་སྐད་ཅིག་ཉིད་དུ། དུར་ཁྲོད་ནས་ཕྱིར་ལོག་འདོད་པའི་ཀུན་སློང་འགོག་ཏུ་མེད་པས་ན། ཕལ་ཆེར་རང་ཉིད་ཀྱི་རྣམ་ཤེས་ཕྱི་མིའི་ཡུལ་ལ་དངོས་སུ་སླེབས་མེད་པར་ཤི་མ་གསོན་ཞིག་ཏུ་གྱུར་འདུག་པ་གཞི་ནས་ཚོར་ཐུབ། སྙིང་རླུང་སྟོད་ལ་འཚང་གིན་བྲག་ངོས་སུ་སྦྲུལ་ནག་བཞིན་འཁྱིལ་་བའི་ལམ་ཕྲན་དེ་ནས་ཕྱིར་བྲོས་ཡོང་བའི་དུས་དེར། སྟབས་མ་ལེགས་པར་ས་ནས་རྡོག་འགྱེལ་ཞིག་ཐེབས་ཏེ་ཆུ་རིས་དགུ་འཁྱིལ་བྱེད་པའི་གཙང་བོའི་ནང་དུ་ལྷུང་བས། དབང་བོ་ལྔའི་སྒོ་མོར་རྙོག་རྫོབ་ཆེ་བའི་གཙང་ཆུ་བརྫངས་བཞིན་མཚམས་རེར་ཆུ་ཁར་གཡེངས་ཤིང་། ལན་རེར་ཆུ་གཏིང་དུ་འཐིམ་གྱིན་སྐམ་ཞིང་རིད་པའི་ལུས་ཕུང་ས་འབྲད་རྡོ་འབྲད་ཀྱིས་ལེ་དབར་བརྒྱ་ཕྲག་མྱུར་བར་བཅད་དེ། སྟོད་གངས་རི་ནས་སྨད་རྒྱ་མཚོའི་དཀྱིལ་དུ་ཁུར་ཡོང་བས། རེས་ལངས་རེས་འཇགས་ཀྱི་རྦ་རླབས་དྲག་པོས་སྦོས་ཤིང་སྐྲངས་པའི་བེམ་རོ་ཁད་ཀྱིས་ཆུ་འགྲམ་དུ་དེད་ནས། བྱེ་ཟགས་མཐུག་པོས་ཡོངས་སུ་བཀླུབས་ཏེ་བར་དོའི་ཉིན་མོ་བདུན་ཕྲག་གསུམ་པ་འགོར་རྗེས། འཛམ་གླིང་གི་ཡུལ་གྲུ་ཆེས་མཐའ་འཁོབ་ཅན་ལ་འདྲི་གཅོད་དུ་ཕོབས་པའི་སྙིང་རྗེའི་རོགས་སྐྱོར་ཚོགས་པ་ཞིག་གྲུ་ཆུང་ལ་བསྡད་ནས་མཚོ་འགྲམ་དུ་བསླེབས་པའི་གླགས་དང་ཁེལ་བས། འཇམ་ཞིང་དྲོ་བའི་རས་དཀར་ཡུག་ཅིག་གིས་བེམ་རོ་བཏུམས་ཏེ་མཚོ་མོ་དང་བར་ཐག་སྨི་སུམ་བརྒྱའི་མཚམས་ཀྱི་བྱེ་ཐངས་ཆེན་པོ་ཞིག་ཏུ། ས་དོང་རིམ་པ་དགུ་བརྐོས་ཏེ་བེམ་རོ་གྲ་དག་པོར་བཞག་ཅིང་། མདུན་དུ་དགུན་ཆང་དང་། སིལ་ཏོག་མངར་ཟས་སོགས་ཟས་སྣ་མང་བོ་སྤུངས་ནས་དུར་སྦས་ཀྱི་ཆོ་ག་རྒྱ་ཆེར་ཞིག་སྤེལ་བས། ད་ནི་རིན་ཐང་བྲལ་བའི་རྣམ་ཤེས་ཀྱི་མགྲོན་པོ་རང་ལུས་དང་བྲལ་ནས་ཕྱི་མའི་ཁམས་སུ་འགྲིམས་པ་མངོན་སུམ་དུ་སྣང་འདུག རྒྱ་སྟག་ངར་མས་མཆེ་གཙིགས་སྡེབ་བགྲད་ལྟ་བུའི་བྲག་ཁུར་ཕུགས་རིང་བ་ཞིག་ཏུ་ལག་སྙོབ་བྱེད་ཀྱིན་དལ་གྱིས་འཛུལ་བ་ན། མི་ཡུལ་གྱི་དར་རྒུད་དང་ཡུལ་མིའི་ལས་དབང་ལ་ཞེ་ཤོར་བའི་ཁོམ་ལོང་ཅུང་ཙམ་ཡང་མེད་པར། རིང་ཞིང་འཛེངས་པའི་སྐྲ་ལོས་སོལ་བ་ལྟར་ནག་པའི་ངོ་གདོང་ཁེབས་ཤིང་། ལུས་སྟོབས་རྒྱས་ལ་ཁ་རུ་ཁྲག་དམར་འགོས་པའི་གཤིན་རྗེའི་ལས་མཁན་གཉིས་ཀྱིས་ལྕགས་ཐག་སྦོམ་པོ་ཞིག་སྐེ་ལ་བཏགས་ནས། དམྱལ་ཁམས་དང་པོའི་སྒོ་ནང་དུ་བཙན་གྱིས་ཁྲིད་བྱུང་བས། མགྲིན་པ་བརྣངས་ཀྱིན་ངག་ནས་ཚིག་ཅིག་ཀྱང་འཆོར་དཀའ་བས། མགོ་བོ་སྒུར་གྱིན་བཟོད་ཐབས་བྲལ་བའི་མནར་གཅོད་མྱོང་དགོས་སོང་། དེ་ནས་རིམ་བཞིན་དུ་དམྱལ་ཁམས་དགུ་བའི་སྒོ་དྲུང་དུ་སླེབ་ཚེ། དམྱལ་བའི་ལས་མཁན་བཞི་ཡིས་ངར་སྐད་འདོན་གྱིན་མཆེ་བ་བགྲད་དེ་ལུས་སྟེང་དུ་མཆོངས་སྟབས། སྐད་ཅིག་ཉིད་དུ་མཐོང་ལམ་མག་མོག་ཏུ་གྱུར་ནས་ས་ལ་འགྱེལ་བྱུང་བས། སྙིང་རྗེ་བྲལ་བའི་ལས་མཁན་གཉིས་ཀྱིས་ལྕགས་ཚེར་རྣོན་པོས་ལུས་ལ་གང་འདོད་དུ་བྲབས་ནས་ཡར་ལ་བསླངས་ཏེ། མི་ཡུལ་ནས་དགེ་སྡིག་དང་ལེགས་ཉེས། ཚུལ་འཆོས། དྲང་བདེན་བཅས་ག་འདྲ་བསྐྱངས་པར་ཁས་འཆེ་བའི་བཀའ་བསྩལ་ཞིང་། གཤིན་རྗེའི་རྒྱ་མར་འཇལ་ཏེ་ལྐོག་གཡོ་ངན་ཇུས་དང་རུལ་སུངས། རྐང་འདྲེན། སྐྱག་རྫུན་སྨྲ་བ་བཅས་ཀྱི་མི་ཞིག་ཡིན་པར་བསྙོན་བཙུགས་ནས། ཚེ་སྲོག་གི་སྟོབས་ཤུགས་ཞན་པའི་ལུས་ཕུང་ཆུང་ངུ་ས་ནས་ལྕགས་ཐག་གིས་ཡར་འདྲུད་མར་འདྲུད་བྱས་ཤིང་། མགོའི་སྐྲ་འབལ་ལ་རྐང་བའི་སེན་མོ་བཀོག་སྟེ་ལུས་ནས་ཁྲག་དྲོན་བཞུར་དུ་འཇུག་པར་མ་ཟད། ཐ་ན་རུས་རྐང་ཡང་འཇིབས་ཏེ་ཁ་ཟས་སུ་སྤྱོད་པར་སྟ་གོན་བྱེད་འགོ་བརྩམ་བྱུང་། དེའི་ཕྱིར། གློ་བུར་དུ་འཇིགས་སྣང་ཆེ་བའི་རྨི་ལམ་གྱི་ཞིང་ཁམས་ནས་ཕྱིར་དྲངས་བྱུང་བས། ལུས་ཡོངས་སུ་རྔུལ་ཆུ་ཁྲོམ་ཁྲོམ་བཞུར་གྱིན་རེ་ཞིག་ལ་དབུགས་ཀྱང་ལེན་དཀའ་བའི་དུས་དེར། ད་གཟོད་མི་རྟག་པའི་རྨི་ལམ་འཇིགས་སུ་རུང་བ་ཞིག་ཡིན་པར་རྟོགས་པས། མྱུར་དུ་མལ་ལས་ལངས་ཏེ་སྨག་གནག་པའི་མཚན་ལྗོངས་སུ་འཆམ་ལ་བསྐྱོད་ནས་དུས་ཚོད་གཅིག་ཙམ་འགོར་རྗེས། ཕྱིར་ཁང་མིག་དོག་པོར་ལོགས་ནས་གཉེད་འདོད་ཀྱི་སྤོབས་སེམས་ཏོག་ཙམ་ཡང་མེད་ནའང་། ཕྱི་ཉིན་གྱི་ལས་ཞུགས་ལ་འགོར་འགྱངས་མི་ཡོང་བའི་ཆེད། སླར་ཡང་སྙིང་རླུང་ལྟིག་ལྟིག་ཏུ་ལྡིང་གིན་ཁྱིམ་ལ་ལོག་ནས། སྔས་འགྲམ་གྱི་གློག་སྒྲོན་ཆུང་ངུ་བཀར་ཏེ་སྔར་རྨིས་པའི་རྨི་ལམ་ལ་ཕྱིར་དྲན་བྱེད་མི་ཕོད་པས། ལག་ཏུ་དཔེ་དེབ་ཅིག་བཟུང་ནས་ཆུ་ཚོད་གཉིས་ཙམ་འགོར་ཚེ། ཧ་ལམ་འཇིགས་སྐྲག་སྐྱེད་པའི་དབང་གིས་གཉིད་མ་སད་ཀྱི་ངང་མལ་ཐུལ་ནང་ནས་འགྲེ་ལྡོག་རྒྱག་བཞིན་ཡང་བསྐྱར་བསམ་མི་ཕོད་པའི་རྨི་ལམ་རིང་མོ་དེའི་མཇུག་སྣེར་འཐིམ་སོང་བ་ཡིན་ཤས་ཆེ། ཁུག་ཀྱོག་ཆེ་ཞིང་འབུར་ཀོང་ལྡན་པའི་ནག་འཐོམ་འཐོམ་གྱི་བྲག་ཕུག་ཅིག་ཏུ། གདུག་རྩུབ་ཆེ་བའི་དམྱལ་བའི་ལས་མཁན་དྲུག་གིས་རེས་མོས་ཀྱིས་གཤེད་མ་ལྟར་རྐང་གཉིས་ལ་ལྕགས་ཐག་བསྐོན་ནས་དམྱལ་ཁམས་བཅོ་བརྒྱད་ཀྱི་སྒོ་མདུན་དུ་དྲུད་ནས་ཤེད་ཤུགས་ཆེན་པོས་ནང་དུ་གཡུགས་བྱུང་བྱས། ད་ནི་ལུས་ཀྱི་སྟོབས་དང་དྲན་པའི་བློའང་ཉམས་ཏེ་རོ་སྐམ་ལྟར་གྱུར་པའི་གཟུགས་གཞི་ལ་སྔོན་ལྟར་དམར་པོའི་ཁྲག་གི་བཞུར་རྒྱུན་མི་འདུག་ལ། ན་བ་དང་ཚ་བའི་ཚོར་སྣང་སྐྱེན་པོའང་ཀུན་ནས་ཟད་པའི་གནས་སུ་ལྷུང་བས། མིག་དབང་གིས་རྒྱང་ཐག་མི་ཆོད་ལ་འབྱེད་ཀྱང་དཀའ་བར་མ་ཟད། ཐ་ན་སྒྲ་འཛིན་གྱི་དབང་བོའང་ཉམས་ཏེ་ཡུན་རིང་ཞིག་ལ་བརྒྱལ་སོང་བ་འདྲ། ཕྱིར་དྲན་པ་ཅུང་ཙམ་གསོས་དུས། བྲག་ཕུག་ནང་དུ་དམྱལ་བའི་ལས་མཁན་རྣམས་ཀྱི་ཧབ་ཆའི་དགོད་སྒྲས་ཁེངས་ཤིང་། ཉམ་ཆུང་གི་འགྲོ་བ་རིགས་དྲུག་གིས་སྡུག་བསྔལ་གྱི་འོ་དོད་ཕྱུངས་ནས། སྔར་འཇིག་རྟེན་ཁམས་ནས་བསྒྲུབས་པའི་དགེ་སྡིག་གི་གནས་ཚུལ་གླེང་སྟེ་ཞུ་བ་བྱེད་ཀྱིན་མཆིས། སྐབས་དེར། ས་ཡོམ་ཞིང་རི་སྒུལ་ཏེ་ཁོར་ཡུག་ཐམས་ཅད་སྟེང་འོག་བརྗེས་པས་ཐལ་རྡུལ་གྱིས་དབུགས་ལམ་བཅད་ཅིང་། ལུས་ཀྱི་རྨ་ཁར་བྲག་རྡོའི་རྩུབ་བརྡར་ཐེབས་པས་ན་ཟུག་སྐྱེས་པའི་སྣང་བ་སྟེར་ལ། སེམས་ཅན་གཞན་དག་གིས་སྨྲེ་ངག་གི་ཀུ་ཅོ་བར་མེད་དུ་ཕྱུངས་ནས་ཅུང་ཙམ་འདས་པ་ན། རྣར་གཟན་ཞིང་ཡ་ང་བའི་རྡོག་སྒྲའི་འགྲོས་དང་བསྟུན་ནས། ཤ་རྒྱགས་ཤིང་གཟུགས་རིང་ལ། རྭ་ཅོ་སྐྱེས་པའི་མགོ་དགུ་ཅན་གྱི་གཤིན་རྗེའི་ཆོས་རྒྱལ་གྱིས་ཤུར་རེར་གཤགས་པའི་ལྭ་ནག་རིང་པོ་ཞིག་གཡང་ཤམ་བྱས་ཤིང་། སེན་མོ་རིང་པོར་ཁྲག་དམར་འགོས་ལ་ཆེ་ཞིང་སྦོམ་པའི་ལག་པར་གཤིན་རྗེའི་མེ་ལོང་འོད་མི་གསལ་བ་ཞིག་ཐོགས་ནས། སྡང་མིག་བགྲད་ཅིང་ངར་སྐད་འདོན་པའི་གཤིན་རྗེའི་ལས་མཁན་གྲལ་ཤར་གཉིས་ཀྱི་བསུ་མ་དང་བཅས། ཀེང་རུས་མང་པོ་འཕྲེད་གཞུང་བསྣོལ་མར་བརྩེགས་པའི་ཁྲི་སྟེང་ལ་ལྡིག་སྒྲ་དང་བཅས་བཞུགས་པས། གཟི་མདངས་ཉམས་པའི་མིག་ཟུར་གྱིས་ཡར་ལྟ་ཙམ་བྱས་པ་ན། ཡུན་རིང་མ་ཤད་པའི་ཟང་ཟིང་གི་སྐྲ་ལོ་དང་ནག་ཅིང་རྫོབ་པའི་ཁ་སྤུ་རིང་མོས་ངོ་གདོང་གཡོགས་ཤིང་། ཞེ་སྡང་གི་མིག་ཟུང་གོར་མོ་ཆེས་ཆེར་བགྲད་ཀྱིན། སྨྲ་སྒོ་ལུང་བ་ལྟར་གདངས་ནས་ལག་གི་མེ་ལོང་བ་ལྟ་འགོ་བརྩམ། རྐང་ལྕགས་བརྒྱབ་པའི་འགྲོ་བ་མི་རྣམས་ལྟོགས་སྐོམ་ལ་སྲེད་པའི་བྲན་གཡོག་ལྟར། ཁ་སྐམ་ཞིང་ལུས་འདར་གྱིན་གཤིན་རྗེའི་རྒྱལ་པོའི་མདུན་དུ་གྲལ་ཤང་རིང་མོ་ཞིག་སྒྲིག་ཡོད་ཅིང་། མིའི་རིགས་ཀྱི་བདེ་སྡུག་དང་འབྱུང་འགྱུར་ལ་དོ་ཁུར་བྱེད་པའི་ཟུག་རྔུ་མྱུག་རྩེ་ནས་འདོན་ཞིང་། ཚུལ་འཆོས་བྲལ་ལ་དྲང་གཏམ་སྨྲ་བར་སྲོག་ལྟར་གཅེས་པའི་ན་གཞོན་མཁས་པ་ཞིག་ཡིན་མོད། ཡིད་སྐྱོ་བ་ཞིག་ལ། བློ་སྟོབས་རྒྱས་པའི་རྣམ་ཤེས་ཀྱི་ཕུང་བོ་སྔ་མོ་ནས་བར་དོར་འགྲིམས་ཏེ་ཕྱི་མར་བསླེབས་འདུག་པས། གཤིན་རྗེའི་ཆོས་རྒྱལ་གྱི་བཀའ་གསུང་ལྟར་ལས་མཁན་སྟོབས་ལྡན་བཞི་ཡིས་ཁྱེར་ཏེ་ལྷོག་ལྷོག་ཏུ་གདུ་བའི་དམྱལ་བའི་སླང་ངར་འཕངས་སོང་ལ། གྲལ་ཤར་གཉིས་པ་ནི་གོ་ས་མཐོ་བའི་དཔོན་པོར་རྒན་པ་ཞིག་ཡིན་ཏེ། ཁོས་གོ་གནས་དང་དབང་ཆ་ཡུན་རིང་ཞིག་ལ་བརྟན་ཆེད། རིགས་རྒྱུད་གཞན་པའི་རིག་གནས་ཀྱི་ཉིང་བཅུད་ཀྱང་ལེན་མཁས་པས་ན། མནར་གཅོད་གཏོང་མི་རུང་བར་གོས་གྲ་དག་ཅིག་གྱོན་དུ་བཅུག་ནས་ཕྱིར་མི་ཡུལ་ལ་མངགས་པའི་བཀའ་བསྒྲགས་སོང་། ད་ནི་གྲལ་ཤར་གྱི་ཨང་གསུམ་པར་སླེབ་པས་ན། བྱོལ་ས་དང་འབྲོ་ས་ནི་ཅི་ཡང་མི་འདུག་ལ། ཐ་ན་རྣམ་ཤེས་ཀྱི་མགྲོན་པོ་ནུབ་ཕྱོགས་བདེ་བ་ཅན་ལ་འདྲེན་ཐུབ་པར་གསོལ་འདེབས་ཀྱང་བྱེད་ཁོམ་མེད་པར་སྙམ་དུས། ཁྲོ་ཉམས་ལྡན་པའི་ལས་མཁན་གཉིས་ཀྱིས་རྒྱབ་ལ་ལྕགས་མདའ་སྲེག་མས་བསྣུན་གྱིན་ཁྲི་མདུན་ལ་དེད་ཡོང་བས། གཤིན་རྗེའི་རྒྱལ་པོས་ལག་གི་མེ་ལོང་ལ་ལྟ་ཙམ་བྱས་ཏེ། མི་ཚེའི་བརྒྱུད་རིམ་མདོར་བསྡུས་ཤིག་བཤད་དགོས་པའི་བཀའ་ལུང་གནམ་ལྕགས་ལྟར་བབས་པས། སྔར་མི་ཡུལ་ནས་རྒྱུན་འཛིན་བྱས་པའི་རྩ་ཚིག་ལྟར་དྲང་པོར་སྨྲས་དགོས་བྱུང་། མིའི་རིགས་ཀླ་ཀློའི་སྤྱི་ཚོགས་ནང་རིམ་གྱིས་འཕེལ་རྒྱས་བྱུང་སྟེ་ཚན་རྩལ་དར་བའི་སྤྱི་ཚོགས﹙སྤྱང་པོའི་སྤྱི་ཚོགས﹚སུ་གོམ་ཁ་བསྒྱུར་དང་སྒྱུར་གྱིན་པའི་དུས་རབས་བཟང་བོ་ཞིག་ལ་བསླེབས་ཟིན་ན་ཡང་། གནམ་གཤིས་དང་ས་ཁུལ་གྱི་ཤུགས་རྐྱེན་ལས་ཚོ་ཁག་རེ་རེར་བགོས་ནའང་། ཐུན་མོང་ལ་དབང་བའི་ཁོར་ཡུག་གང་རུང་གི་བདེ་སྡུག་ལ་དོ་ཁུར་བྱས་ནས། བུ་རམ་ལྟར་མངར་བའི་ལོ་ཟླ་རིང་མོ་ཞིག་ལ་དུངས་ཞེན་གྱི་ཆར་རྒྱུན་འཇོ་ནས་སྤྲོ་འཛུམ་གྱི་མེ་ཏོག་བཞད་པས། ནང་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར་ཏེ། མི་ཚེ་གང་བོར་མཛེས་སྡུག་གི་ཕྱིར་དྲན་བརྗོད་ལས་འདས་པ་ཞིག་དཔྲལ་བའི་གཉེར་མར་བཀོད་པས། མིའི་སྤྱི་ཚོགས་ཐོག་མར་བྱུང་བར་རྟེན་འབྲེལ་གྱི་སྒོ་མོ་བཟང་པོ་ཞིག་ཕྱེ་མོད། དུས་རབས་འཕེལ་རྒྱས་བྱུང་བའི་འགྲོས་དང་བསྟུན་ནས། ཤེས་རིག་དང་བློ་གྲོས་ཀྱི་བོགས་ཐོན་ཏེ་ཕྱིའི་དངོས་པོའི་ལོངས་སྤྱོད་ལ་མཛད་རྗེས་བླ་མེད་ཅིག་བསྐྲུན་ཅིང་། སྤྱི་ཚོགས་ཀྱི་ལས་རིགས་མང་པོར་ཚན་རྩལ་གྱི་རིག་པས་ཁ་ལོ་བསྒྱུར་ཏེ་ལུས་སེམས་གཉིས་ཀར་སྟབས་བདེ་མི་ཉུང་བ་ཞིག་བཟོས་པས། ཐུན་མོང་ལ་དབང་འོས་པའི་ཁོར་ཡུག་དང་། རིག་གནས་སེམས་ཁམས་སོགས་ཀྱི་དར་རྒུད་ལ། ལོ་ནས་ཟླ་དང་། ཟླ་ནས་ཉིན། ཉིན་ནས་ཞག་ལྟར་ལྷག་བསམ་ཟོལ་མེད་ཀྱིས་སྣང་དོགས་དང་གཅེས་སྤྲས་བྱེད་མཁན་ཉིན་མོར་སྐར་མ་བཞིན་ཉུང་ངུར་ཕྱིན་ནས། ཡོད་ཚད་ཀྱི་ཡོད་ཚད་མི་སྒེར་གྱི་ཐོས་གོ་ས་དང་། མཚན་སྙན་གྲགས། རྒྱུ་ནོམ་པ་བཅས་གནས་སྐབས་ཙམ་གྱི་ཁེ་ཕན་ཆུང་ངུ་ཞིག་སླད་དུ། སྔར་ཆབ་རྒྱུན་ལྟར་གཙང་བའི་སེམས་རྒྱུད་རྣལ་མར་ཧམ་སེམས། གཡོ་ཇུས་དང་། རྫུན་གཏམ། ཕྲག་དོག ཚུལ་འཆོས་སོགས་ཀྱི་མ་རུང་དྲི་མས་ཡེ་ནས་སྦགས་པས། ཕྱིའི་སྣོད་ཀྱི་འཇིག་རྟེན་ནས་ས་གཞིའི་བཅུད་བཟང་ཉམས་ཏེ། མཐོ་གངས་རི་ཉིལ་ཞིང་མདའ་གཙང་བོ་སྐམ་ལ། ནགས་སྤང་ཐང་གི་ལྗང་མདོག་ཟད་དེ། བྱ་བྱེའུ་ཡི་སྐད་སྙན་དབེན་པར་གྱུར་པས། རང་བྱུང་གི་གནོད་འཚེ་ཟམ་མ་ཆད་པར་བྱུང་དང་འབྱུང་སྲིད་པར་གནམ་རྒན་མར་ངན་ཁག་དཀྲི་མི་རུང་ཞིང་། ནང་བཅུད་ཀྱི་སེམས་ཅན་གྱི་ཆ་ནས་སྨྲས་ནའང་། ཆེ་བ་སྤྱི་ཚོགས་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་གཏོང་བར་རྫུན་ཚིག་གི་ལྷུ་ལག་སྒྲིག་ཅིང་། ཐུན་མོང་གི་ལོ་ཟླའི་ཕྲེང་བར་དགའ་སྐྱིད་གཉིས་འཛོམས་ཀྱི་ཕྱིར་དྲན་འཇོག་པར་དམ་བཅའི་རི་མོ་ཕབ་སྟེ། ནམ་ཞིག་ཕུལ་བྱུང་གི་ཆོ་ལོ་གང་རུང་ཞིག་ཐོབ་ཚེ། དྲང་བདེན་དང་འདྲ་མཉམ་གྱིས་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འོས་འགན་རླབས་པོ་དེ་རྒྱང་ཐག་རིང་བའི་སྐད་ཆ་ཞིག་ཏུ་གྱུར་ཅིང་། ཐ་ན་མི་རིགས་དེའི་རིག་གནས་ཀྱི་རིན་ཐང་ངོ་མ་དེའང་ཚོར་གྱིན་མི་འདུག་པར་མ་ཟད། ཉིན་མཚན་ལྟོས་མེད་དུ་ནང་སེམས་ལ་གདོན་འདྲེས་ཞུགས་པ་ལྟར། ཕྲག་དོག་དང་ཞེ་སྡང་དྲག་པོའི་མེ་ལྕེ་སྦར་ནས་རང་ཉིད་འཚོ་བའི་ཁོར་ཡུག་དེ་ལ་སྡང་སེམས་ཚད་མེད་བཅངས་པས། མཐར་གཏུགས་ན་རང་ཉིད་རང་གི་གཤེད་མར་གྱུར་ཏེ། ཕྱིའི་དངོས་པོའི་ལོངས་སྤྱིད་གྱ་ནོམ་པ་ཞིག་ཏུ་གྱུར་ཡང་། ལུས་སྟོབས་རྒྱས་པའི་གཟུགས་གཞི་ངལ་དུབ་ཀྱིས་ཁེངས་ཤིང་། དམར་དམངས་རྒྱས་པའི་ངོ་མདོག་ལ་ཁྲོ་ཉམས་མངོན་བྱུང་བས། མི་ཁོམ་པའི་སེམས་པ་འཁྱམ་པོའི་རྗེས་ལ་སྙེག་རྒྱུ་ནི་ཇི་འདྲའི་དཀའ་ཚེགས་ཆེ་བ་ཞིག་མིན་ནམ། གང་ལྟར་འགྲོ་བ་མིའི་བརྩེ་སེམས་ལ་ཆག་གྲུམ་ཤོར་བ་བསྙོན་དུ་མེད་པས། གཡུལ་འགྱེད་ལ་ཞུགས་པ་ལྟར་ནམ་ཡང་མགྲིན་ལམ་ནས་ཐོན་པའི་སྐད་ཆ་རེ་རེའི་རྗེས་ཤུལ་ལ་དོགས་ཟོན་ནན་མོ་རེ་མ་བྱས་ཚེ། ནམ་ཞིག་རང་ཉིད་མི་ཚེའི་འོབས་དོང་ལ་འཕེན་སྲིད་པས། ཆེས་གུ་ཡངས་དང་ངལ་གསོ་གནང་མི་རུང་བ་ནི་རང་ཉིད་ཡིན་པའི་སྡོམ་ཚིག་དེ་རྙེད་ཅིང་། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སེམས་ཁུར་བྱེད་མཁན་ཞིག་ཡིན་ཚེ། ཚུལ་འཆོས་ཀྱི་སྒྱུ་འཕྲུལ་ལྡན་པའི་ནུས་རྩལ་མི་ལྡན་ལ། རྫུན་ཚིག་གི་གཏམ་སྙན་སྨྲ་བའི་ཁ་ལྕེའི་མི་བདེ་བས། དྲང་བདེན་མཛེས་གསུམ་གྱི་ཡ་རབས་ཀུན་སྤྱོད་སྤེལ་བར་བརྩོན་ལེན་བྱས་ནས་མི་ཚེའི་ལམ་དུ་བསྐྱོད་ཚེ། དེ་རུ་སྤྱི་ཚོགས་ཀྱི་དུག་ཚེར་ཀུན་ནས་རྒྱས་ཏེ་མིས་མི་ཟ་བའི་ཁྱད་མཚར་གྱི་དུས་རབས་ཤིག་ལ་བསླེབས་ཡོད་ཕྱིར། དུས་ཀྱི་སྐད་ཆ་རེ་རེར་ཡ་ཁོག་སྡུག་གིས་ཁེངས་ཏེ་སྐྱོ་བའི་མིག་ཆུས་ངོ་གདོང་སྐྲངས་པས། མཐར་རྒྱང་བཞུད་ཀྱི་རྨི་ལམ་ལ་བར་བགེགས་ཐེབས་ནས་རྣམ་ཤེས་ཀྱི་མགྲོན་པོ་བར་དོར་མི་འཁྱམས་ཀ་མེད་བྱུང་ཞེས་བཤད་མ་ཐག གཤིན་རྗེས་ཆོས་རྒྱལ་གྱིས་རྫིག་ཉམས་དང་བཅས་མཆོངས་ཐེངས་གཅིག་གིས་མིག་མདུན་ལ་ཐོན་ནས། སྐད་གསེང་མཐོན་པོས“དུས་རབས་དང་མི་འཚམ་པའི”ཁྲིམས་ཆད་ཕོག་ཅེས་གསལ་བསྒྲགས་བྱས་པ་དང་སྦྲགས། གཤིན་རྗེའི་ལས་མཁན་སྟོབས་ལྡན་བཞི་ཡིས་རོ་སྐམ་ལྟ་བུའི་ལུས་ཕུང་མཐོ་རུ་བཏེགས་ནས། ཕྱོགས་བཞིར་མེ་ལྕེ་དྲག་པོ་མཐོ་རུ་མཆེད་དེ་རྫོབ་ཆུ་ལྷོག་ལྷོག་ཏུ་གདུ་བའི་དམྱལ་བའི་སླང་ངར་འཕངས་སོང་། དེ་མ་ཐག ལུས་ཡོངས་ལ་ཟུག་གཟེར་དྲག་པོ་ཞིག་བརྒྱབ་སྟེ་ངུ་སྟངས་དང་བཅས་ཕྱིར་གཉིས་ལས་སད་ཚེ། གནག་སྣུམ་གྱི་སྐྲ་ལོའི་གསེང་དང་ལུས་ཧྲིལ་བོར་རྔུལ་ཆུ་དྲོན་མོས་བརླན་ཏེ་རླངས་པ་འཐུལ་ལི་ལི་བྱེད་ཅིང་། མིག་ཆུ་དང་། ཁ་ཆུ། སྣ་ཆུ་འདྲེས་མ་བཅས་ཀྱིས་ངོ་གདོང་ཧྲིལ་བོ་བཀྲུས་ཏེ། ཡུན་རིང་ཞིག་ལ་དབང་བོ་ཤོར་བ་ལྟར་ཧད་དེ་མངོན་སུམ་ཡིན་པར་འདོད་ནས་ལུས་སིག་སིག་ཏུ་འདར་བ་དང་། སོ་འཆའ་བའི་སྐད་སྒྲ་དི་རི་རི་བྱེད་ཀྱིན་འཇིགས་སུ་རུང་བའི་རྨི་ལམ་རིང་མོ་དེའི་མཇུག་ཕུད་མི་ཐུབ་པས། སྙིང་ཆུང་ལྟིག་ལྟིག་ཏུ་ལྡང་ནས་འཕར་མཚམས་ཡེ་ནས་འཇོག་མི་ཐུབ་པར་བརྟེན། ཚོར་ཤེས་བྲལ་བ་ལྟ་བུའི་ལག་ཟུང་བྲང་ཁར་གླན་ནས་ཕྱིར་འདང་ཞིག་བརྒྱབ་དུས། མདང་ནུབ་གྲོགས་པོ་འགའ་ཤས་དང་ལྷན་དུ་ཞང་ཀང་གི་མི་གསོད་ཆེད་ལས་པའི་གློག་བརྙན་དང་། ཕྱི་གླིང་གི་འཇིགས་སྐུལ་གློག་བརྙན། ཚན་རྩལ་འཕྲུལ་སྣང་གི་གློག་བརྙན་རེ་འགར་བལྟས་ཚར་རྗེས་ཆུ་ཚོད་བཅུ་གཉིས་པ་སྔ་མོ་ནས་ཕར་འདས་རྗེས ད་གཟོད་མལ་མཐུག་པོ་ཞིག་གི་ནང་དུ་འཛུལ་ནས་གཉིད་འགོ་བརྩམས་པ་ཡིད་ལ་དྲན་པས། ཧ་ལམ་མདང་གི་གློག་བརྙན་དེ་དག་གི་ཤུགས་རྐྱེན་ཐེབས་པར་འདོད་ནས་རང་སེམས་རང་གིས་གསོས་ནའང་། བློ་ཡུལ་ལས་འདས་པ་ཞིག་ལ། ཆུང་དུས་ནས་ད་ལྟའི་བར་དུ། དེ་འདྲའི་འགོ་མཇུག་ཚང་བའི་རྨི་ལམ་འཇིགས་ཡེར་བ་ཞིག་རྨིས་མ་མྱོང་བའི་ཕྱིར། སེམས་རྟབ་རྟབ་པོ་ཡར་ལངས་དུས་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀ་ཡོལ་འདུག་པས། གོམ་པ་འཁྱར་འཁྱོར་གྱི་ངང་ལས་ཞུགས་ལ་འགྲོ་བའི་ལམ་བར་ནས་ཀྱང་། སེམས་སུ་གཤིན་རྗེའི་ཆོས་རྒྱལ་དེ་དམ་པའི་ཆོས་སུ་གསུངས་པ་ལྟར་རྒྱུ་འབྲས་ཅན་ཞིག་མ་ཡིན་པར། གདུག་རྩུབ་ཆེ་ཞིང་འཇིགས་སྐུལ་བྱེད་པའི་བདུད་རྒན་ཞིག་དང་ཀུན་ནས་མཚུངས་པར་མ་ཟད། ལག་གི་འོད་མདངས་མི་གསལ་བའི་མེ་ལོང་དེའང་ཚད་ལྡན་ཞིག་མིན་པར་དོགས་ནས་འདང་རྒྱག་གི་གཡང་ལ་ལྷུང་སོང་ངོ་།། |